logo

༄༅། །གཉའ་ཁྲི་བཙན་པོའི་སྐོར་གྱི་ཡིག་རྙིང་ཚིག་དུམ་ཞིག་གི་མཐའ་དཔྱོད།

རྩོམ་པ་པོ།:གདུགས་དཀར་སྐྱབས། ཡོང་ཁུངས།:༢༠༢༢ལོའི་བོད་ཡིག་སློབ་གསོ་དེབ་དང་པོ། དུས་ཚོད།:2022-05-13 ཀློག་གྲངས།:
༄༅། །«བཙན་པོ་རིམ་བྱུང་གི་རབས»ལས་བྱུང་བའི་གཉའ་ཁྲི་བཙན་པོའི་སྐོར་གྱི་ཡིག་རྙིང་ཚིག་དུམ་ཞིག་གི་མཐའ་དཔྱོད།
གདུགས་དཀར་སྐྱབས།

[གནད་བཏུས] ཏུན་ཧོང་ཡིག་ཚངP.t.1286པ་སྟེ«བཙན་པོ་རིམ་བྱུང་གི་རབས»ལ། གཉའ་ཁྲི་བཙན་པོའི་ཁྱད་ཆོས་གླེང་བའི་ཡིག་རྙིང་ཞིག་བྱུང་ཡོད་དེ། ཡིག་རྙིང་དེའི་ནང་གཉའ་ཁྲི་བཙན་པོ་དང་འབྲེལ་བའི་བརྡ་ཆད་གཙོ་བོ་སླེ་བ་འོད་ཀྱིས་ལེན། མྱི་བཙུན། སྐྱེས་པ་ཆེད་པོ་བྱ་བ་དག་ལ་ཤུགས་བསྟན་གྱི་གོ་བ་ལེན་རྒྱུ་མང་ཞིང་། དེ་དག་གིས་གཉའ་ཁྲི་བཙན་པོ་ཁྲིར་འཁོད་པའི་ལོ་རྒྱུས་སྐོར་ལ་ཁ་གསབ་རང་བཞིན་གྱི་འགྲེལ་བརྗོད་ཀྱང་བྱེད་ཐུབ།
[གནད་ཚིག] གཉའ་ཁྲི་བཙན་པོ། སླེ་བ་འོད་ཀྱིས་ལེན། མྱྀ་བཙུན། སྐྱེས་པ་ཆེད་པོ།

དང་པོ། གཉའ་ཁྲི་བཙན་པོ་ཁྲིར་བཀོད་པའི་ཡིག་རྙིང་ཚིག་དུམ་དང་འབྲེལ་ཡོད་ཡིག་ཚང་གཞན་གྱི་བཤད་སྒྲོས་གཤིབ་བསྡུར།
        ཏུན་ཧོང་བྲག་ཕུག་ནས་ཐོན་པའི་ཡིག་རྙིངP.t.1286«བཙན་པོ་རིམ་བྱུང་གི་རབས»ནང་།“རྒྱལ་པོ་གཞན་དང་མི་མཚུངས་པ་འྀ་ཆོས། པྱག་མཉེད་ཁྲུང་ཁྲུང་གྀས་འཚལ་ཞིང་། སླེ་བ་འོད་ཀྱིས་ལེན། མྱྀ་བཙུན་སོན་པ་འྀ་རྣམས། རྗེ་ས་འྀ་གོས་གྱོན་ཞིང། སྐྱེས་པ་ཆེད་པོ་རྣམས་བཙུན་བ་འི་རྣམ་པ་ཡང་དེ་ནས་བྱུང་བ་ཡྀན་ནོ། །”[1]ཞེས་པའི་ཚིག་དུམ་ཞིག་འཁོད་ཡོད་ཅིང་། དེ་ནི་གཉའ་ཁྲི་བཙན་པོ་བོད་སྤུ་རྒྱལ་བའི་རྗེ་བོར་བཞུགས་པའི་གནས་ཚུལ་སྐོར་གྱི་གལ་ཆེའི་རྒྱུ་ཆར་གྱུར་ཡོད། ཡིག་རྙིང་འདིའི་མིང་བརྡ་འགྲེལ་བ་ལ་མཁས་པ་རྣམས་ཀྱིས་མཆན་འགྲེལ་ཁ་གསལ་ཞིག་བསྐྱོན་མེད་ལ། དཔྱད་གཞི་ཡང་འདི་ཁོ་ན་ལས་དཔྱད་པ་ཆེར་གནང་མེད་པར་སྙམ།
དེ་ཡངP.t.1289པ་སྟེ«མཛོ་མོའི་རབས» སུ།“ཕྱག་མ་དུད་ཀྱིས་འཚལད། སླེ་བ་ནི་ལེབ་ཀྱྀས་བླངས”[2]ཞེས་འབྱུང་བ་དང་། དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་བོན་དཔེ་ཀ་པའི་བྱོལ་རབས་སུ།“འོལ་ཕུ་གཡང་གང་ན། །འོལ་ཕུ་ལུངས་རྀངས་ན། །འོལ་ཕུག་རྒ་དང་འོལ་གྱི་སྤང་བཟངས་ན། །སྒམ་ལྷ་བོ་ལྷས[3]དེ་ན་བཞུགས་དེ། ། གཤེན་རབ་མྱི་བོས་ཕྱག་མ་དུད་ཀྱིས་བཙལ། ། སླེ་བ་འོང་གྱིས་བླངས་སྟེ[4]། །བསྒམ་ལྷ་བོ་ལྷ་སྲས་ཞལ་ནས། །ཕ་གཤེན་རབ་མྱི་བོ་གར་རུ་གཤགས། །དེ་སྐད་བགྱིས་པ་ལ། །གཤེན་རབ་ཞལ་ན་རེ། ། ......”[5]ཞེས་སླེ་བ་འོང་གྱིས་བླངས་པ་བཀོད་འདུག་པ་དང་། ཡུན་ནན་ཞིང་ཆེན་གྱི་ཕུའུ་སྨི་མི་རིགས[6]ཀྱི་དབུ་མེད་ཡིག་གཟུགས་སུ་བྲིས་པའི་བོན་པོའི་ཡིག་རྙིང་ཤོག་དྲིལ་ཞིག་ལ།“ཀྱིས་ཡར་གཡོལ་ཡར་ལ་བཀར་ནས། མྱྀ་བཙུན་བཀྲའོ་མཁོས་ཀྱི་སབ་མི་ཐོབ། དེ་ཙས་ཡར་གཡོག༢༣ཡར་ལ་བཀོར། མཐོན་པོ་སྒང་གིས་གཡོག་དྲོ་ཉི་མའི་གཡོག གསལ་བའི་ཟླ་འི་གཡོག འཕེན་པོ་སྐར་མའི་གཡོག བཙན་པོ་གཞའ་འི་གཡོག ཕྱུག་པོ་སྤྲིན་གྱིས་གཡོག དྲག་པོ་བཙན་གྱིས་གཡོག རྒྱུར་ཐུམ་བདུད་ཀྱིས་ཡ་ཡོག༡༣། བདུད་ཕ་གང་རྒྱལ་མ་དང༡༣ཡར་ལ་བཀོར། ཡ་ཡོག་མར་ལ་མ་དྲང༡།”[7]ཞེས་མྱྀ་བཙུན་བཀྲའོ་ཞེས་འབྱུང་བ་དང་། ཡང་མདོ་རྣམ་འགྲེལ་བར་ཏི་ཀ་ཡི་ལེའུ་བཅོ་ལྔ་པ་སྲིན་པོ་རབ་ཏུ་བྱུང་བ་བསྟན་པ་ལས། སྟོན་པ་གཤེན་རབ་ཀྱིས་སྲིན་པོ་སྤུན་དགུ་བཏུལ་ཅིང་སྲིན་ཡུལ་དཀར་པོར་བསྒྱུར་བའི་གཏམ་རྒྱུད་ནང་ལ། “སྲིན་མང་སྙ་ཨ་བེར་ན་རེ། ཐད་དཀར་དེའི་ལྡ་ལྡི་ལ་ཉན་ནས། ཨ་བསེ་རྒྱལ་བ་བཙུན་པར་ཤོར་ནས། འོ་ཅག་གི་སྲིན་ཡུལ་སྟོང་པར་ལུས་ཇུ་ཙུག་བྱེད། དཀོར་རྣམས་འདི་ལ་ཕུལ་ནས། སྲིན་ཡུལ་སྤྲང་པོར་སོང་སྟེ་ཇུ་ཙུག་བྱེད། སྲིན་ཤ་ཁྲག་ཟ་བ་རྣམས་ལྟོགས་ན་ཇུ་ཙུག་བྱེད།”[8]ཅེས་བཙུན་པ་ཞེས་འབྱུང་བ་དང་ཡང་སྣོད་གདམས་པའི་སྐོར་ལས། “དུས་དང་ལས་སུ་འཛོམས་ཙ་ན། རྒྱལ་དམངས་སུ་འབབ། བོན་མཐའ་ནས་དར། གཤེན་དབུས་ན་བཙུན་པའི་རྒྱུ་ལགས་སོ། །”[9]ཞེས་བཙུན་པའི་རྒྱུ་བཀོད་པ་ལྟ་བུ་སོགས་ལས་མྱྀ་བཙུན་དང་བཙུན་པའི་མིང་བརྡ་མང་དུ་བྱུང་ཡོད་པ་དག་ཏུན་ཧོང་ཡིག་རྙིང་དུ་ཐོན་པའི་མིང་བརྡ་དང་ཧ་ལམ་གོ་དོན་གཅིག་ཏུ་ཡོད་པ་ལ་མཁས་པ་རྣམས་ཀྱིས་དཔྱད་པ་ཧ་ལམ་མ་མཐོང་།གཞན་སྐྱེས་པ་ཆེད་པོ་ཞེས་པའི་མིང་བརྡ་འདི་དང་འདྲ་བའམ་འབྲེལ་ཡོད་ཀྱི་མིང་བརྡའང་ཡིག་ཚང་གཞན་དུ་ཐོན་པ་ཡོད་དེ། བྱོལ་རབས་ལས། བསྒམ་ལྷ་བོ་ལྷ་སྲས་ཀྱིས་བྱོལ་གྱི་ཆོ་ག་སྤེལ་མཁན་ཕ་མུས་དཔལ་ཕྲོག་རོལ་བྱ་བ་དེ་སྤྱན་འདྲེན་དུས“ཐན་དང་ཕྲྀན་པ་རུ། རྗི[10]དང་སྐྱེ་ཆེད་པོ[11]ལ། །ལྷ་བོ་ལྷ་སྲས་ཞལ་ནས། །སྨྲ་ཡུལ་ཐང་བརྒྱད་ནས། ... ...གཏོ་དང་དཔྱད་བགྱི་འཚལ། །གཤེན་གསུམ་གནམ་ལས་གཤེགས་སུ་གསོལ། །དེ་སྐད་བགྱིས་པ་ལ། །ཕ་མུས་དཔལ་ཕྲོག་རོལ་ཞལ་ནས། །ལྷ་བོ་ལྷ་སྲས་ཀྱིས་བཀའ་གསལ། །ལོགས་ཡང་མཆི་འིས་སྐད། །”[12]ཅེས་པའི་ནང་ལ་སྐྱེ་ཆེད་པོ་ཞེས་བྱུང་ཡོད་པ་ཏུན་ཧོང་ཡིག་རྙིང་དང་ཧ་ལམ་གཅིག་མཐུན་དུ་བྱུང་ཡོད་པ་དང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་དཔའ་འཛིང་གཉིས་ཀྱི་ཡིག་ཚང་ནི། “རྗེ་བློན་ཆེ་བཙུན་གཉན་དང་གསུམ། ཆེ་བ་རྗེ་རྒྱལ་བཙད་པོ་ཆེ། མགོ་ནག་ཡོངས་ཀྱི་སྤྱི་རྗེ་ཡིན། གཉན་པ་བན་བོན་སྡེ་གཉིས་གཉན། སྐྱེ་འགྲོ་ཡོངས་ཀྱི་མཆོད་པའི་གནས། བཙུན་པ་ཆབ་སྲིད་ཞང་བློན[13]བཙུན། ཡིག་ཚང་རྣམ་པ་གཉིས་ཀྱིས་བསྟོད།”[14]ཅེས་པ་དང་། P.t0990པ་སྟེ«དེ་བཞིན་གཤེགས་པས་རྒྱལ་པོ་གོ་ཕངས་འཏུལ་བའི་རབས»སུ། “རྒྱལ་པོས་བཀའ་མ་སྩལ་ན། བཙུན་བདག་ཀྱིས་བསད་པའི་ཐུགས་ཐུབ་རེ་སྐན།[15]”ཞེས་བཙུན་བདག་ཅེས་པ་བློན་པོ་འུ་ཕྲད་དང་ཀྱི་ནི་ཕྲད་ལ་གོ་བ་སོགས་ལས། ཆེ་བ་དང་བཙུན། གཉན་གསུམ་གྱི་དོན་གང་ཡིན་པ་སོ་སོར་འགྲེལ་བཤད་གསལ་བོར་བསྟན་པ་ལས། ཆེ་བའམ་སྐྱེས་པ་ཆེད་པོ་ནི་རྗེ་རྒྱལ་བཙད་པོ་དང་། བཙུན་པ་ནི་ཆབ་སྲིད་འཛིན་མཁན་གྱི་ཞང་བློན་ཡིན་པ་གསལ་བོར་བསྟན་པས། བཙུན་པ་དང་སྐྱེས་པ་ཆེད་པོ་རྣམས་ཀྱི་བསྟན་བྱ་མི་གཅིག་པ་ཤིན་ཏུ་གསལ་བའི་ཕྱིར་རོ། །
གཉིས་པ། ཡིག་རྙིང་ཚིག་དུམ་འདིའི་མཐའ་དཔྱོད།
        གཅིག ཞིབ་འཇུག་པ་སྔ་མ་དག་གི་འགྲེལ་ཚུལ།
        P.t.1286«བཙན་པོ་རིམ་བྱུང་གི་རབས»སུ་བྱུང་བའི“སླེ་བ་འོད་ཀྱིས་ལེན”དང“མྱྀ་བཙུན་སོན་པ་འྀ་རྣམས”“སྐྱེས་པ་ཆེད་པོ”[16]ལྟ་བུ་དག་གི་འགྲེལ་ཚུལ་ལ་མཁས་པ་རྣམས་བཞེད་པ་མི་མཐུན་པ་བྱུང་ཡོད་དེ། འབྲི་གུང་ཚང་གིས་སླེ་བ་འོད་ཀྱིས་ལེན། འོད་ནི་མྱུར་བར་འགྲེལ་ཡང་། བོན་གྱི་ལོ་རྒྱུས་བསྒྲགས་པ་གླིང་གྲགས་བརྟེན་འགྱུར། ལྡེབ[༡༦བ༧]ནང་།“གཉའ་ཁྲི་བཙན་པོའི་ཐོད་པ་ལ། འོད་དཀར་པོ་མདའ་གང་ཙམ་འཕྲོ་བ། ཞེས་བྱུང་བས་འོད་རང་ཡིན་པར་སེམས་ཏེ།”[17]རྒྱལ་པོ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ནི། ཕྱག་གཉིས་བྱ་ཁྲུང་ཁྲུང་གི་ལག་པ་ལྟར་བར་ལག་འབྲེལ་ཞིང་། དཔྲལ་བར་འོད་དཀར་པོ་འདོམ་གང་ཙམ་ཡོད་པ་བྱུང་། དུས་དེ་ནས་བཟུང་མི་བཙུན་པོ་རྣམས་ཀྱང་། ཚུལ་ལུགས་དང་མཐུན་པའི་སྐད་ཆ་ཤོད་སྐབས་ཞེ་ས་བྱེད་པ་དང་། གོས་གྱོན་པའང་རྗེ་བོའི་ཚུལ་ལྟར་གྱོན་ཞིང་། སྐྱེས་པ་མི་ཆེན་རྣམས། བཙུན་པའི་གཟུགས་ཀྱི་རྣམ་པའང་དུས་དེ་ཙམ་ནས་བྱུང་བ་ཡིན་པར་གོ་སླ་བར་འགྲེལ་ཡོད་པས་རྟོགས་བདེ་ཞིང་། ཉི་ཧོང་དུ་བཞུགས་པའི་མཁས་དབང་ཁང་དཀར་ཚུལ་ཁྲིམས་བསྐལ་བཟང་མཆོག་གིས་ཕྱོགས་བཞིའི་རྒྱལ་པོ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ནི། “བོད་འབངས་ཀུན་མོས་ནས་ཕྱག་གང་ཉེ་སར་ཁྲུང་ཁྲུང་སྟེ་གུས་གུས་ཞུམ་ཞུམ་གྱིས་འཚལ་ཞིང་། སླེ་བ་འོད་ཀྱིས་ལེན་པ་སྟེ་ཞབས་མྱུར་དུ་མགོ་བོས་ལེན། མི་བཙུན་སོན་པ་སྟེ་མི་ཡ་རབས་སྤྱོད་བཟང་དང་ལྡན་པ་རྣམས་རྗེ་ས་འྀ་སྟེ་ཞེས་ཞེ་སའི་གོས་གྱོན་ཞིང་། སྐྱེས་པ་ཆེད་པོ་སྟེ་སྐྱེས་པ་མི་ཆེན་རྣམས་བཙུན་བ་འི་རྣམ་པ་སྟེ་ཡ་རབས་སྤྱོད་བཟང་རྣམ་པ་ཡང་དེ་ནས་བྱུང་བ་ཡིན་ནོ།”[18]ཞེས་སྟབས་བདེར་འགྲེལ་ཡོད་པ་དང་། གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱི་དཀའ་འགྲེལ་དུ། “སླེ་བ་ནི་འོད་ཀྱིས་ལེན། འདིར་སླེ་བ་ནི་གཏམ་དང་སྐད་ཆ་དང་། འོད་ཀྱིས་ལེན་ནི་འོན་ཀྱིས་ལེན་ཏེ། གཏམ་བརྗོད་ལ་ཐོགས་པ་མེད་པའི་དོན་ལ་འཇུག་པ་འདྲ།”[19]ཞེས་མཆན་བཀོད་པ་ལྟར་རོ། ། རྒན་ཀུན་དགའ་ལགས་ཀྱིས“ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ”ལས། “གླ་བོ་དྲིན་དུ་གཅགས་པ་ཞེས་གསུངས་པ་ནི། འདིས་འགྲིགས་འདུག་སྙམ་པའམ། ཐུགས་རྗེ་ཆེ་ཞེས་སྐད་ཆ་ལེགས་སོ་སྟེར་བ་ལ་བྱེད”[20]ཅེས་པའི་གླ་བོའམ་གླེ་བོ་གཉིས་དོན་གཅིག་ཡིན་པ་དང་ཁ་ཏ་གླེང་མོལ་སེམས་ལ་གཏགས་པ་ཞེས་པའི་དོན་ཡིན་པས། “སླེ་བ་ནི་གླ་བོའམ་གླེ་བོ་ལ་གོ་བས། གཏམ་མམ་བཀའ་འོན་པའམ་ཉན་པ་དང་དུ་ལེན་པར་འགྲེལ་ན་འགྲིག་སྙམ།”[21]ཞེས་གསུངས། ཡང་རྒྱའི་བོད་རིག་པའི་ཞིབ་འཇུག་པ་དབང་རྒྱལ(王尧)ལགས་ཀྱིས“སླེ་བ་ནི་རྐང་པ་དང་། འོད་ནི་འོབ་སྟེ་མྱུར་དུ། རྐང་པ་ཤིན་ཏུ་མྱུར”[22]ཞེས་འགྲེལ་ཞིང་། ཏེ་བིས་ཊི(DavidSnellgrove)དང་རོས་ཆར་སཱོན(HughRichardson)གཉིས་ཀྱིས“འོ་རྒྱལ་པོ་ལགས། ཁོང་གི་ཆོས་ལུགས་ལ་སུས་ཀྱང་དོ་ཟླ་མི་ཕོད་ལ། ཕྱག་མཉེད་ཁྲུང་ཁྲུང་ལྟར་བྱེད་ཅིང་གུས་ལུགས་ཆེ་བ། རང་ལུས་འོད་ཀྱིས་གོས་ཀྱི་ཚབ་བྱེད་པ་སོགས་གཞན་པའི་མངའ་བདག་ལ་མེད་པའི་ཁྱད་ཆོས་མཆིས་སོ། །”[23]ཞེས་གོ་བ་གསལ་བོ་མེད་པའི་འགྲེལ་ཡང་བསྐྱོན་ཡོད་པ་སོགས། ད་ལྟའི་བར་སླེ་བ་འོད་ཀྱིས་ལེན་པ་ལ་འགྲེལ་བརྗོད་བྱེད་ལུགས་མང་དུ་སྣང་། གོང་གི་འགྲེལ་ཚུལ་འདི་དག་ལ་སོ་སོར་རང་རང་གི་གཞི་འཛིན་ས་ཡོད་པ་གཞིར་བྱས། ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རྒྱལ་པོའི་གུས་ལུགས་ཀྱི་རྣམ་པ་བརྗོད་པའི་ཡིག་རྙིང་ཞིག་རེད་ཅེས་གསུངས་པ་ཡང་དོན་ལ་གནས། མདོར་ན་ཁོང་ཅག་གི་འགྲེལ་ཚུལ་ཐམས་ཅད་གུས་ལུགས་ཀྱི་རྣམ་པ་ཁག་ཅིག་གཙིགས་སུ་བཟུང་ནས་བཀྲལ་ཡོད་པ་རེད།
        གཉིས། རང་ལུགས་འགོད་པ།
        རང་ཉིད་ཀྱིས་ལོ་རྒྱུས་རྒྱབ་ལྗོངས་དང་ཡིག་ཚང་། འབྲེལ་ཡོད་དཔྱད་གཞིའི་རྒྱུ་ཆ་གཞན་དག བོད་རང་གི་སྲོལ་རྒྱུན་རིག་གནས་སོགས་ལས་འཕྲོས་ཏེ་གསེད་བཀྲོལ་ཅུང་ཟད་བྱེད་ན། ཡིག་རྙིང་འདི་འགྲེལ་བ་ལ་མིང་བརྡ་བཞི་ཡོད་དེ། དེ་དག་ནི་རིམ་བཞིན་སླེ་བ། འོད། མྱྀ་བཙུན་ནམ་བཙུན་པ། སྐྱེས་པ་ཆེད་པོ་བཅས་སོ། །བོན་གྱི་དཔེ་རྙིང«ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ»ཞེས་པའི་ནང་དུ། “ཆུ་ལྕགས་རྒྱལ་མོ་ཡིས། །དར་དཀར་གཞི་མ་སྟིང་། །གསེར་གྱི་ཆོ་ལོང་སྐྱེ། །མཐིང་གི་ཨུ་ཤུད་བཀྲམ། །བདུད་རྩི་དམར་གྱི་པར་པུ་ལ། །སྒམ་ཕ་ཝང་སྤྱན་དྲངས་ནས། །ཉག་དང་ལྡིང་གིས་བོས། །རིན་པོ་ཆེའི་ཁུང་བུ་ནས། །ཕ་ཝང་ཤལ་གྱིས་ཕེབས། །ཆུ་ལྕགས་རྒྱལ་མོ་ཡིས། །དར་དཀར་སླེ་ཡིས་བཟུང་། །”[24]ཞེས་འབྱུང་བ་དང་། འདིར་དར་དཀར་སླེ་ནི་དར་དཀར་པོས་བཟོས་པའི་དངོས་པོ་ཞིག་ཡིན་ལ་དེས་ཕ་ཝང་བཟུང་ཐུབ་པས། དེ་ནི་དར་དཀར་གྱིས་བཟོས་པའི་བྱ་འཛིན་བྱེད་ཀྱི་རྒྱ་ལྟ་བུ་ཞིག་ཡིན་དགོས་པར་འགྱུར། སླེ་བ་ནི་རྒྱུ་ཆ་གང་རུང་གིས་དངོས་པོ་གང་ཞིག་སླས་པའི་དོན་ལ་འཇུག་པ་བག་མའི་སྐྲ་སླེ་བ་ཞེས་པའོ། །འོན་ཏེ་སླེ་བ་ནི་སླས་པའམ་ཡང་ན་རྒྱུ་ཆ་ར་རྩིད་དང་པགས་པ་སོགས་ཀྱིས་བཟོས་པའི་ཕྱུ་བ་ལ་འགྲེལ་ན་མི་འཐད་དེ། རྒྱལ་པོ་གཞན་དང་མི་མཚུངས་པའི་ཆོས་ལ་སྐྲ་སླེ་བའམ་ཡང་ན་ར་རྩིད་དང་པགས་པ་སོགས་ཀྱིས་བཟོས་པའི་ཕྱུ་བ་ཞིག་གྱོན་ཡོད་ཟེར་ན་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པར་མ་ཟད་མི་ཀུན་བཞད་གད་ཀྱི་གནས་སུའང་འགྲོ་ངེས་སོ། ། རེབ་གོང་རྡོ་རྗེ་མཁར་གྱིས་བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་སྔོན་མེད་གཏམ་གྱི་བང་མཛོད་ཅེས་པའི་དེབ་ཏུ། “རྒྱལ་པོ་འདིའི་རིང་ལ་མི་སེར་རྣམས་ཀྱིས་ར་ལུག་གི་པགས་པ་གོས་སུ་གྱོན། རྗེ་བློན་རྣམས་ཀྱིས་ཏ་ཟིག་དང་ཨེ་ཅིབ་སོགས་ནས་ཐོན་པའི་དར་ཟབ་གྱོན།”[25]ཞེས་གསུངས་ཡོད་པས་ཀྱང་། བཙན་པོའི་གོས་ལ་ཐུན་མིན་ཁྱད་ཆོས་མཆིས་པ་དཔག་ནུས་སོ། །རྒྱུ་རྐྱེན་འདི་དག་ལ་བསམས་ན། འདིར་སླེ་བ་ནི་ཞིབ་འཇུག་པ་སྔ་མ་དག་གིས་འགྲེལ་བ་བཞིན་གཏམ་དང་སྐད་ཆ་ལ་གོ་ན་འགྲིག་པར་སྙམ།
        འོད་ནི་བོད་ཀྱི་བརྡ་རྙིང་བ་ཡིན་ཚུལP.t.1286.0026-0029ཡི་ནང་།“རྒྱལ་པོ་བཙན་པ་དང་། བློན་པོ་མཛངས་པ་དཀུའ་འོ་ཆེ་རྣམས་ཀྱིས། གཆིག་ཤེས་གཆིག་བརླག་ཏེ། འབངས་སུ་བཀུག་ན། མཐའ་མ་འོ་ལྡེ་སྤུ་རྒྱལ་གྱྀ་དབུ་རྨོག་མ་ཐོབ་སྟེ། ནར་ནྀ་ལྷ་ནར་གྱིས་མནརད། ཐུན་ནི་རྗེ་ཐུན་གྱིས་བཐུན་ཏེ། བཀུག་གོ།”[26]ཞེས་བསྔགས་བརྗོད་ཀྱི་འབྲུག་སྒྲ་ལྡིར་བར་བརྟེན་ནས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་མཚན་ལ་ཁྲི་བཙན་པོ་འོད་ལྡེ་དང་འོད་དེ་གུང་རྒྱལ་ཞེས་གྲགས་པར་བཀོད་པ་ལྟར་ཡིན་ལ། དུས་དེར་རྒྱལ་ཕྲན་དེའི་མིང་ལ་འོད་དེ་སྤུ་རྒྱལ་གྱི་རྒྱལ་ཕྲན་ཞེས་བྱ་ཞིང་། ཕྱིས་བརྗོད་བདེའི་དབང་གིས་འོད་ཀྱི་རྒྱལ་ཕྲན་དང་། འོད་ལྡེའི་རྒྱལ་ཕྲན། སྤུར་རྒྱལ་གྱི་རྒྱལ་ཕྲན། ལྡེ་འོད་ཀྱི་རྒྱལ་ཕྲན། ལྡེ་འོད་ལྡེའི་རྒྱལ་ཕྲན་ཞེས་འབོད་པ་ཡིན་པར་སེམས། མི་ལ་མྱི་དང་། མིག་ལ་མྱིག བུད་མེད་ལ་བུད་མྱེད། མེ་ལ་མྱེ། འགྲོ་ལ་འགྱོ། གྲལ་ལ་གྱལ། སྐྲང་ལ་སྐྱང་། དགྲ་ལ་དགྱ་སོགས་གནའ་བོའི་བརྡ་རྙིང་འབའ་ཞིག་སྔར་བཞིན་ཅི་དགར་སྤྱོད་པའི་ཨ་མདོ་པ་རྣམས་ཀྱི་ཡུལ་སྐད་དུ་དེང་སང་ཡང་བོད་ལ་འོད་དང་། བོད་ལྗོངས་ལ་འོད་ལྗོངས། བོད་རིགས་ལ་འོད་རིགས། བོད་ཡུལ་ལ་འོད་ཡུལ་ཞེས་བརྗོད་པའི་ཕྱིར་རོ། །འོ་ན་དེང་སང་རང་རེའི་ཡུལ་འདིའི་མིང་ལ་འོད་ཅེས་མི་བརྗོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རེབ་གོང་རྡོ་རྗེ་མཁར་ལགས་ཀྱིས“བོད་ཀྱི་སྐད་གསར་བཅད་ཀྱི་སྐབས་སུ་ཉི་མའི་འོད་དང་ཡུལ་མིང་འོད་གཉིས་ཕན་ཚུན་འཁྲུལ་སླ་བའི་དབང་གིས་ཡུལ་མིང་འོད་ཅེས་པ་དེ་བོད་དུ་བསྒྱུར་པ་ན། སྔར་འོད་ཀྱི་ཡུལ་ཞེས་པ་དེ་ཡང་རིམ་བཞིན་བོད་ཀྱི་ཡུལ་དུ་འབོད་པར་བརྩམས་པ་ལྟར་སྣང་ངོ་། །”[27]ཞེས་དེའི་ལུགས་བཞིན་འགྲེལ་ན། སླེ་བ་འོད་ཀྱིས་ལེན་ཟེར་བའང་དོན་ལ་གཉའ་ཁྲི་བོད་ཀ་གཡག་དྲུག་གི་རྗེ་བོར་བཞུགས་པ་དང་རྒྱལ་སྲིད་སྐྱོང་བའི་སྤྱི་སྐད་ལ་ཚོ་བ་རང་ས་དང་བསྟུན་ནས་བོད་ཀྱི་སྐད་དང་བརྡ་བེད་སྤྱོད་པའི་དོན་ལ་འགྲེལ་ཆོག་པ་ཙམ་འདུག་མོད། འོན་ཀྱང་སྒྲ་སྦྱོར་བམ་གཉིས་བརྩམས་པའི་ལོ་སྟེ། སྤྱི་ལོ༨༤༡ལོའི་སྔོན་དུ་འོད་ཀྱི་ཡུལ་ཞེས་བརྗོད་པ་འཐད་ལྡན་དུ་ཁས་ལེན་དགོས་པར་འགྱུར་བས། ཡིག་ཆའི་ཁུངས་དང་། ཐུ་བྷོད་དང་བྷོ་ཊ་ཟེར་བ་སོགས་ཀྱང་གང་ལ་གཞིར་བཅས་པས་འབོད་པ་ལ་བསམ་བློ་གཏོང་དགོས་སོ། །ཡིག་རྙིང་འདི་འགྲེལ་ཚུལ་ལ་གོང་ཞུས་ལྟར་མཁས་པ་རྣམས་བཞེད་པ་མི་མཐུན་པ་བྱུང་ཡོད་ཀྱང་། དོན་གྱི་སྙིང་བོ་དེ་བཙན་པོ་གཞན་དང་མི་མཚུངས་པའི་གུས་ལུགས་ཀྱི་སྟེང་བབ་ཡོད་ཅིང་དེ་ལ་ཧ་ལམ་ཚང་མ་གཅིག་ཏུ་མཐུན། སླེ་བ་འོད་ཀྱིས་ལེན་ཞེས་པའི་སླེ་བ་ནི་གཏམ་དང་སྐད་ཆ་ལ་གོ་དགོས་པ་གོང་ཞུས་ལྟར་དང་། འོད་ཀྱིས་ལེན་ནི་མི་གུས་པ་ཅན་ཡིན་ན་གཏམ་དང་སྐད་ཆ་བཤད་པར་ངག་ཚིག་འཇམ་པོས་བཤད་པར་གོ་དགོས་ཏེ། དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་བྱུང་བར་བཞེད་པའི་བོན་གྱི་ཡིག་རྙིང«མིང་སྲིང་དཔལ་བགོས་དང་ལྷ་འདོག་བཅས་བཞུགས»ཞེས་པའི་ནང་དུ། ཨ་མས་བུ་མོ་གནས་ལ་འགྲོ་ཁར་བསྩལ་བའི་ཁ་ཏ་འགོད་སྐབས“ཨ་མའི་ཁ་ཏ་འདི་ལ་ཉོན། མཛད་སྤྱོད་ཐམས་ཅད་མི་དང་བསྟུན། སྨྲ་བའི་ཚིག་ཀུན་འཇམ་ལ་ལོང་། འགྲོགས་པའི་མི་དང་འགྲོ་ཤེས་གྱིས། རྒན་པ་རྣམས་ལ་ཁུར་ཤེས་གྱིས། ཡ་རབས་རྣམས་ནི་ཕུད་དུ་མཆོད......བྱ་བ་སྤྱོད་ལམ་གང་བྱེད་ཀྱང་། ཡ་རབས་རྣམས་ཀྱི་ཚུལ་དུ་བགྱིས།”[28]ཞེས་པས་མཚོན་ཏེ། སླེ་བ་འོད་ཀྱིས་ལེན་ནི་ཞེ་ས་བཀོལ་བ་དང་སྨྲ་བའི་ཚིག་ཀུན་འཇམ་ལ་བླངས་ནས་གུས་གཏམ་སྨྲ་བའི་རྣམ་པར་འགྲེལ་ན་འོས་ཤིང་། བོན་གྱི་དཔེ་རྙིང་བྱོལ་རབས་ལས“གཤེན་རབ་མྱི་བོས་ཕྱག་མ་དུད་ཀྱིས་བཙལ། །སླེ་བ་འོང་གྱིས་བླངས་སྟེ། །བསྒམ་ལྷ་བོ་ལྷ་སྲས་ཞལ་ནས། །ཕ་གཤེན་རབ་མྱི་བོ་གར་རུ་གཤགས། །དེ་སྐད་བགྱིས་པ་ལ། །གཤེན་རབ་ཞལ་ན་རེ། ......”[29]ཞེས་སླེ་བ་འོང་གྱིས་བླངས་སྟེ་བསྒམ་ལྷ་བོ་ལྷ་སྲས་ཞལ་ནས་ཕ་གཤེན་རབ་མྱི་བོ་གར་འགྲོ་དྲིས་པའི་ཡིག་རྙིང་འདི་ལ་དཔགས་ནའང་གུས་ཚིག་སྨྲ་བའི་དོན་ཡིན་པ་ཤེས་ནུས་སོ། །མྱྀ་བཙུན་དང་བཙུན་པ་ཟེར་བ་ནི་སྐབས་དེའི་སྤྱི་ཚོགས་ནང་མི་ཡོན་ཏན་ཅན་དང་ཤེས་པ་ཅན་། ཡང་ན་ཆོ་ག་སྤེལ་མཁན་གྱི་བོན་པོ་རྣམས་ལ་གོ་ནའང་མི་འགྲིག་པ་མེད་མོད། འོན་ཀྱང་ཚིག་འདིའི་སྔ་ཕྱིའི་གོ་རིམ་ལ་འབྲེལ་ཏེ་དཔྱད་ན། སྐབས་སུ་བབ་པ་མྱྀ་བཙུན་ནི་གཤེན་པོ་ལས་གཞན་ཆབ་སྲིད་སྐྱོང་བའི་ཞང་བློན་དག་ལ་གོ་ཆོག་པར་བསམ་སྟེ། སྐྱེས་པ་ཆེད་པོ་རྣམས་བཙུན་པའི་རྣམ་པའང་དེ་ནས་བྱུང་བ་ཡིན་ནོ་ཞེས་པའི་ཚིག་ཕྱི་མ་དང་འབྲེལ་ཏེ་བརྟགས་ན། ཡུན་ནན་ཞིང་ཆེན་གྱི་ཕུའུ་སྨི་མི་རིགས(普米族)[30]ཀྱི་དབུ་མེད་ཡིག་གཟུགས་སུ་བྲིས་པའི་བོན་པོའི་ཡིག་རྙིང་ཤོག་དྲིལ་ཞིག་ལ།“ཀྱིས་ཡར་གཡོལ་ཡར་ལ་བཀར་ནས། མྱྀ་བཙུན་བཀྲའོ་མཁོས་ཀྱི་སྐབ་མི་ཐོབ།”ཅེས་པ་ལས་ཀྱང་ཤེས་ཐུབ་ལ། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་དཔའ་འཛིང་གཉིས་ཀྱི་ཡིག་ཚང་ནི།“རྗེ་བློན་ཆེ་བཙུན་གཉན་དང་གསུམ། ཆེ་བ་རྗེ་རྒྱལ་བཙད་པོ་ཆེ། མགོ་ནག་ཡོངས་ཀྱི་སྤྱི་རྗེ་ཡིན། གཉན་པ་བན་བོན་སྡེ་གཉིས་གཉན། སྐྱེ་འགྲོ་ཡོངས་ཀྱི་མཆོད་པའི་གནས། བཙུན་པ་ཆབ་སྲིད་ཞང་བློན་བཙུན། ཡིག་ཚང་རྣམ་པ་གཉིས་ཀྱིས་བསྟོད།”[31]ཅེས་བྱུང་བ་སླར་ཡང་གཉའ་ཁྲི་བཙན་པོའི་ཁྱད་ཆོས་གླེང་བའི་ཚིག་དུམ་ལ་སྦྱར་ནས་ཞིབ་ཏུ་བརྟགས་ན། མྱྀ་བཙུན་སོན་པའི་རྣམས་རྗེ་ས་འྀ་གོས་གྱོན་ཞིང་། སྐྱེས་པ་ཆེད་པོ་རྣམས་བཙུན་པའི་རྣམ་པའང་དེ་ནས་བྱུང་ཞེས་པའི་མྱྀ་བཙུན་ནི་ཆབ་སྲིད་ཀྱི་དོན་ཀུན་གྲོས་མོལ་ལ་མཁས་པ་དང་མཛངས་པའི་ཡོན་ཏན་ཅན་གྱི་བློན་པོ་དག་ལ་གོ་ན་ཡང་དག་པར་བསམ་ཞིང་། བློན་པོ་རྣམས་ཀྱིས་རྗེ་གཉའ་ཁྲི་ནས་གནང་བའམ་བསྩལ་བའི་གོས་གྱོན་པའམ་ཡང་ན་ཐོབ་ལྟར་རྗེའི་གོས་དང་གྱོན་ལུགས་ལྟར་བྱེད་པའི་དོན་ལ་འགྲེལ་ན་ཚིག་སྔ་ཕྱི་འབྲེལ་ཆགས་པས་མི་ཚད་དོན་དང་ཡང་མཐུན་པས་སོ། །དེ་དང་ནང་བཞིན། སྐྱེས་པ་ཆེད་པོ་ཟེར་བ་དོན་གང་ལ་གོ་དགོས་བསམས་ན། བཙུན་པ་དང་སྐྱེས་པ་ཆེད་པོའི་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཅི་ཡིན་སྐོར་ལ། «མདོ་རྣམ་འགྲེལ་བར་ཏི་ཀ»ཡི་ལེའུ་སུམ་ཅུ་པ་ན“བྱང་བོན་བཅུ་གཉིས་ཞལ་ན་རེ། གཤེན་རབ་ཡབ་ཅིག་མཁས་པའི་མཆོག ཇི་ལྟར་བགྱིས་ན་མཁས་པར་འགྱུར།ཇི་ལྟར་བགྱིས་ན་བཙུན་པ་འགྱུར། ཇི་ལྟར་བྱས་ན་ཆེ་བར་འགྱུར། ཇི་ལྟར་བྱས་ན་མཛེས་པར་འོང་། གཤེན་རབ་ཡབ་ཀྱིས་བཀའ་བསྩལ་པ། འཇིག་རྟེན་གཤེན་པོ་ཚུར་ཉོན་དང་།ཐོས་པ་བསགས་ན་མཁས་པར་འོང་། ང་རྒྱལ་བསྐྱུངས་ན་བཙུན་པར་འོང་། རྒན་རབས་ཁུར་ན་ཆེ་བར་འོང་། སྤྱོད་པ་བཟང་ན་མཛེས་པར་འོང་།”[32]ཞེས་གསུངས་ཡོད་པ་ལྟར། བཙུན་པ་ནི་ང་རྒྱལ་ཁེངས་དྲེགས་སོགས་མེད་པའི་མི་ཞི་དུལ་ཅན་དང་། སྐྱེས་པ་ཆེད་པོ་རྣམས་ནི་རྒན་ལ་གོང་བཀུར་བྱེད་པའི་མི་བསམ་ཤེས་ཅན་ཡིན་པར་བསྟན། སྐྱེས་པ་ཆེད་པོ་རྣམས་བཙུན་པའི་རྣམ་པའང་དེ་ནས་བྱུང་བ་ཡིན་ནོ་ཞེས་པའི་ཚིག་གི་སྔ་ཕྱི་ལ་བརྟགས་ན། སྐྱེས་པ་ཆེད་པོ་རྣམས་ཟེར་བ་ནི་ཆེ་བ་རྗེ་ལ་གོ་དགོས་ཏེ། གཉའ་ཁྲི་བཙན་པོས་བཀའ་ལ་ཉན་པ་དང་དཔྱ་ཁྲལ་འབུལ་བ་སོགས་རྒྱལ་བློན་དབར་གྱི་འབྲེལ་བ་ཆགས་པ་དེའོ། །
མཇུག་བསྡུ་བའི་གཏམ།
        མཐའ་སྡོམ་ནི། སླེ་བ་ནི་སྐད་ཆ(语言)དང་།འོད་ཀྱིས་ལེན་ནི་སྨྲ་བའི་ཚིག་ཀུན་འཇམ་ལ་ལེན་པ། མྱྀ་བཙུན་པ་ནི་བོན་གཤེན་དང་མི་ཤེས་པ་ཅན་ལ་གོ་ན་མི་ཆོག་པ་མེད་ཀྱང་འདིར་གཙོ་བོ་ཆབ་སྲིད་ཇི་ལྟར་བགྱིས་པའི་གྲོས་མོལ་ལ་མཁས་པའི་བློན་ཆེན་པོ་དག་ལ་གོ་དགོས་པ་དང་། སྐྱེས་པ་ཆེད་པོ་ནི་བློན་པོའི་འོག་ཏུ་གནས་པའི་བློན་པོ་ལས་རིམ་པ་དམའ་བའི་སྐྱེས་བུ་དག་ལ་གོ ཡིག་རྙིང་ཚིག་དུམ་དེ་ཆ་ཚང་བར་བཀྲལ་ན། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོས་བོད་ཀ་གཡག་དྲུག་གཙོ་བྱས་པའི་བོད་ཁམས་ཀྱི་རྒྱལ་ཕྲན་ཐམས་ཅད་གཅིག་གྱུར་མཛད་པའི་སྤྱི་ལོའི་སྔོན་གྱི་དུས་ནས་བཟུང་། བོད་དུ་རྗེ་བློན་དང་ཡུལ་འབངས་དབར་གྱི་གྲལ་རིམ་གསལ་བོར་དབྱེ་ཞིང་།གྲལ་རིམ་དམའ་བས་མཐོ་བ་ལ་ཞེ་ས་བཀོལ་བ་སོགས་མི་ཆོས་རང་བཞིན་ཅན་གྱི་གུས་ལུགས་དར་བ་བསྟན་ཡོད། ཡིག་ཚང་ལ་ཡར་རྒན་གྱི་ལྷ་མཆོད་པ། བར་ཁྱིམ་གྱི་ཐབ་འདོན་པ། མར་འདྲེ་དང་སྲི་གནོན་པའི་སྲིད་པའི་བོན་ལ་དད་མོས་བྱེད་པ་སོགས་རྒྱལ་རབས་རྣམས་སུའང་གཉའ་ཁྲི་བཙན་པོ་ནས་ཁྲི་ཐོག་རྗེ་བཙན་བར་གྱི་རྒྱལ་རབས་ཉི་ཤུ་རྩ་དྲུག་ལ་ཆབ་སྲིད་བོན་གྱིས་བསྐྱངས་ཞེས་བརྗོད་ཚུལ་བྱུང་བའང་དྲང་བདེན་གྱི་གཏམ་དུ་འཁུམས། །

ལུང་འདྲེན་དཔྱད་ཡིག
[1] ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་བཅས་ཀྱིས་བསྒྲིགས། ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་བོད་ཡིག་ཏུན་ཧོང་ཡིག་ཚགས། བཅུ་གཅིག་པ། [G] ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2010:395
[2] སྟོབས་ལྡན་དང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས། ཧྥ་རན་སེར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། པོད་བཅུ་གཉིས་པ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2017:43
[3] འདིར་ལྷས་ནི་ལྷ་སྲས་བསྡུས་པ་དང་། བསྒམ་ལྷ་བོ་ལྷ་སྲས་ནི་སྟོན་པ་གཤེན་རབ་ཀྱི་སློབ་མ་ཡིན་ཚུལ་བཞེད་པ་ཡོད་ཀྱང་། ཁོང་ནི་གཉའ་ཁྲི་བཙན་པོ་བོད་རྗེར་གདན་འདྲེན་ལ་ལུང་བསྟན་གནང་མཁན་དེ་ཡིན་པ «ཆོས་འབྱུང་མཁའ་པའི་དགའ་སྟོན»དང«རྒྱལ་རབས་བོན་གྱི་འབྱུང་གནས»སོགས་ན་གསལ་བས་དེར་གཟིགས།
[4] འདི་དང་ཏུན་ཧོང་ཡིག་རྙིངP.T.1286«བཙན་པོ་རིམ་བྱུང་གི་རབས»ལས་བྱུང་བ་གཉིས་ལ་ཁྱད་པར་ཅུང་ཟད་བྱུང་ཡོད་དེ། གཏམ་ཤུལ་དགའ་ཐང་གི་ཡིག་རྙིང་ནང་དུ་སླེ་བ་འོང་ཀྱིས་བླངས་སྟེ་ཞེས་བཀོད་ཡོད་པ་དང་། ཏུན་ཧོང་ཡིག་རྙིང་དུ་སླེ་བ་འོད་ཀྱིས་ལེན་ཞེས་བཀོད་ཡོད་པས། འོང་དང་འོད་ཀྱི་ཞེས་རྗེས་འཇུག་ང་དང་ད་གཉིས་ཀྱི་ཁྱད་པར་ཙམ་ལས་ལེན་དང་བླངས་ལ་ཁྱད་པར་ཆེ་མི་འདུག་སྙམ།
[5] པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གིས་དཔེ་བསྒྲིགས། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། [M] བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2007:26-27
[6] ཕུའུ་སྨི་མི་རིགས
(普米族)ནི་རང་རྒྱལ་ཡུན་ནན་ཞིང་ཆེན་མུ་ལེ་དང་བདེ་ཆེན་སོགས་ས་ཆར་གནས་པའི་གནའ་བོའི་མི་རིགས་ཤིག་ཡིན་ལ། དད་པའི་ཆོས་ལུགས་ནི་བོན་ཆོས་ཡིན། (普米族学者杨学政认为普米族有本民族固有的原始宗教,但深受苯教和藏传佛教的影响,他们的原始宗教中含有丰富的苯教和藏传佛教内容,换言之,他们的原始宗教是在苯教的影响下发展形成的,具有苯教培米化的显著特点。)
[7] ཡིག་རྙིང་མ་ཕྱི་འདིའི་འདྲ་པར་ཙམ་ལས་ཡིག་ཆ་ཁ་ཚང་ལག་ཏུ་མ་རེག་པས་གསལ་བོ་བཤད་ཐབས་བྲལ།
[8] ཁྲི་བསོད་བརྟན་གྱིས་བསྒྲིགས། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་དང་པོ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018:149
[9] ཁྲི་བསོད་བརྟན་གྱིས་བསྒྲིགས། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་དང་པོ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018:378
[10] འདིར་རྗི་ནི་རྫི་ཡིན་པར་འདོད་དེ། ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ་ན། མི་ཐན་ལྷ་ཐན་དང་། མི་བཏགས་ལྷ་བཏགས་ནི། རྫི་བ་རླུང་ཐང་གིས་བསྐུས་སོ་ཞེས་རླུང་ལྷ་ཞིག་ལ་གོ་དགོས་སྙམ།
[11] འདིར་སྐྱེ་ཆེད་པོ་ཟེར་བའང་བསྒམ་ལྷ་བོ་ལྷ་སྲས་ཀྱིས་འཕྲིན་བཏང་བའི་ལྷའམ་གཤེན་པོ་ལ་གོ་དགོས་སྙམ་སྟེ། དཔེར་ན། ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ་ན། ལྷ་ཏེའུ་གཉིས་པ་ལ། དྲི་ཞིམ་སྤོས་ཀྱི་ཏེའུ་བཙུགས། མ་སྨན་ཕྱུག་མོ་དང་། འབྲས་ལྷ་ཆེད་པོ་ཡང་། དྲི་ཞིམ་སྤོས་ཀྱི་ཏེའུ་ལ་གཤེགས་བྲིས་པ་ལྟ་བུ།
[12] པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གིས་བསྒྲིགས། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། [M] བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2007:27
[13] ཞང་བློན་ནི་བཙན་པོ་རང་གི་འཁྲུངས་ཡུམ་གྱི་རུས་ཚོའི་མགོ་གཙོ་དང་། བཙན་པོ་གོང་མ་རྣམས་ཀྱི་ཆོ་འབྲང་དུ་གཏོགས་པའི་རིགས་རུས་ཀྱི་མགོ་གཙོ་ལ་ཞང་བློན་ཞེས་ལས་གནས་འདྲ་བའི་བློན་པོའི་ལས་མིང་གི་ཐོབ་ཐང་ཆེ་བ་ཙམ་ཡིན། ཞིབ་ཏུ་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2006:119-120
[14] ཁྲི་བསོད་བརྟན་གྱིས་བསྒྲིགས། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་གསུམ་པ། [G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018:216
[15] སྟོབས་ལྡན་དང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས། ཧྥ་རན་སེར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། པོད་དགུ་པ། [G] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016:640
[16] སྟོབས་ལྡན་དང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས། ཧྥ་རན་སེར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། པོད་དགུ་པ། [G] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016:640
[17] ཁྲི་བསོད་བརྟན་གྱིས་བསྒྲིགས། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་གསུམ་པ། [G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018:21
[18] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018:12
[19] གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། [M] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་པར་སྐྲུན་ཁང་། 1995:12
[20] སྐྱབས་རྗེ་བདེ་ཆེན་སྙིང་པོ། ལམ་རིམ་རྣམ་གྲོལ་ལག་བཅིངས། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013:269
[21] རྒན་ཀུན་དགས་ཏུན་ཧོང་ཡིག་རྙིང་གི་སློབ་ཁྲིད་སྐབས་སུ་བཏོན་པའི་མི་སྒེར་གྱི་ལྟ་བ།
[22]
王尧编著 王尧藏学文集(卷一)敦煌本吐蕃历史文书•吐蕃制度文化研究 [M] 中国藏学出版社 2011:102
[23] David Snellgrove and Hugh Richardson.A cultural History of Tibet. Boston&London.1986:24
[24] ལྷག་པ་བཀྲ་ཤིས་སོགས་ཀྱིས་བསྒྲིགས། ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018:72
[25] རེབ་གོང་རྡོ་རྗེ་མཁར། བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་སྔོན་མེད་གཏམ་གྱི་བང་མཛོད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:495
[26] ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་སོགས་ཀྱིས་བསྒྲིགས། ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས། པོད་བཅུ་གཅིག་པ། [G] ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2010:395
[27] རེབ་གོང་རྡོ་རྗེ་མཁར། བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་སྔོན་མེད་གཏམ་གྱི་བང་མཛོད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:474
[28][29][30] བོན་གྱི་དཔེ་རྙིང་ཕྱོགས་བསྡུས་ཁུ་བྱུག་སྔོན་མོའི་གསུང་སྙན། [M] ཉི་ཧོང་རྒྱལ་གཉེར་མི་རིགས་བཤམས་རྫས་ཁང་། 2002:220
[31] ཁྲི་བསོད་བརྟན་གྱིས་བསྒྲིགས། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་གསུམ་པ། [G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018:216
[32] ཁྲི་བསོད་བརྟན་གྱིས་བསྒྲིགས། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་གསུམ་པ། [G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018:225

* གདུགས་དཀར་སྐྱབས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི
2019ལོའི་ལོ་རྒྱུས་ཡིག་ཚང་རིག་པའི་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
འབྲེལ་ཡོད་འོས་སྦྱོར།