logo

དགེ་རྒན་ཆེན་མོ་གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱི་དཔྱད་རྩོམ།

རྩོམ་པ་པོ།:གཉའ་གོང་དཀོན་མཆོག་ཚེ་བརྟན། ཡོང་ཁུངས།:བོད་ལྗོངས་ཞིབ་འཇུག་གི་ཕུལ་བྱུང་བརྩམས་ཆོས དུས་ཚོད།:2022-06-29 ཀློག་གྲངས།:
༄༅། །བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་འབངས་མཐོ་དམན་བར་པའི་གྲལ་རིམ་གྱི་དབྱེ་བ་འགར་རག་ཙམ་དཔྱད་པ།
གཉའ་གོང་དཀོན་མཆོག་ཚེ་བརྟན།

        འོ་སྐོལ་ཁ་བ་རི་པའི་ལྗོངས་འདིར་མིའི་འགྲོ་བ་ཇི་ལྟར་ཆགས་ཚུལ་དང་། དུས་ནམ་ཞིག་ལ་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་ཞུགས་པར་ངོས་འཛིན་དགོས་པ། བོད་གཅིག་གྱུར་གྱི་རྒྱལ་ཁབ་བཙན་པོ་གང་གི་སྐུ་རིང་ནས་ཚུགས་པ། རྒྱལ་འབངས་ཡོད་དོ་ཅོག་ལེགས་པར་སྐྱོང་བའི་ལུགས་གཉིས་ཀྱི་ཁྲིམས་ཇི་ལྟར་གཏན་ལ་ཕབ་ཡོད་པ། རྒྱལ་སྲིད་དར་བའི་རྩེར་སོན་པ་ནས་རིམ་གྱིས་ཉམས་རྒུད་དུ་གྱུར་ཏེ་མཐའ་མ་ཇི་ལྟར་སིལ་བུར་ཐོར་བ་སོགས་ཀྱི་ཐད། སྤྱིར་དུས་སྔ་མོ་ཞིག་ནས་བརྩམས་པའི་རྒྱའི་ལོ་རྒྱུས་དེབ་ཐེར་དག་དང་། སྒོས་སུ་རྒྱལ་ཁབ་ཕྱི་ནང་གི་མཁས་མཆོག་བོད་ཀྱི་རིག་པའི་གནད་དོན་དུ་གཉེར་བ་ལ་སྤྲོ་བ་འབུམ་དང་ལྡན་པ་རྣམས་ཀྱི་ལྗགས་རྩོམ། ཁྱད་པར་བོད་རང་གི་གཏམ་རྒྱུད་དང་རིམ་བྱོན་མཁས་དབང་རྣམ་པའི་དགོངས་བཞེད་དག་ལས་ཡིད་རྟོན་འཕེར་བའི་ཁུངས་བཙུན་པ་རེ་རྙེད་ཅིང་། ལྷག་པར་ཉེ་བའི་ཆར་གྱི་གནའ་རྫས་དང་གནའ་ཡིག་གཏེར་ཐོན་མ་སོགས་ལས་ཀྱང་བདེན་གྲུབ་ཚིག་གི་རྟིང་ནོན་གྱི་རྟགས་མང་པོ་རྙེད་པ་རྣམས་མིའི་འགྲོ་བ་ཆགས་ཚུལ་གྱི་དངོས་གཙོ་རྩོད་སྒྲུབ་རིག་པ་དང་། ལོ་རྒྱུས་དངོས་གཙོ་རིང་ལུགས་པའི་སྤྱི་ཚོགས་འཕེལ་རིམ་གྱི་གཞུང་ལུགས་ཐུན་མོང་བ་སྤྱི་དང་ཀུན་ནས་མཐུན་པ་མ་ཟད། བོད་ཀྱི་ལོ་རྒྱུས་ཐུན་མོང་མ་ཡིན་པ་དང་ཡང་འགལ་བ་མེད་སྙམ། དེ་ལ་འདིར་ངེད་ཅག་གི་བརྗོད་བྱ་དོན་གྱི་སྙིང་པོ་ནི་བོད་བཙན་པོའི་རྒྱལ་རབས་གཅིག་གྱུར་ནས་སིལ་བུར་མ་ཐོར་གོང་ལ་གངས་ཅན་འཛིན་མའི་ལྟོ་བར་འཚོ་ཞིང་གཞེས་པའི་རྒྱལ་འབངས་མཐོ་དམན་བར་པ་རྣམས་ཀྱི་གྲལ་རིམ་གྱི་དབྱེ་བ་འགའ་ཡིན་ཀྱང་། ཐོག་མར་འཆད་དགོས་པ་ནི་བོད་ཅེས་པ་ལ་གོ་བ་ཇི་ལྟར་ལེན་དགོས་པ་དང་། བོད་ཀྱི་རྒྱལ་པོའི་ཐོག་མ་བཙན་པོ་གང་ལ་ངོས་འཛིན་དགོས་པ། བོད་ཀྱི་ཁྲིམས་སྲོལ་བཙན་པོ་གང་གི་སྐུ་རིང་ནས་འགོ་ཚུགས་ཤིང་ནམ་ཞིག་ནས་ཇེ་ཞིབ་ཇེ་རྒྱས་སུ་སོང་བ་སོགས་ཡིན་པས། གཤམ་ནས་དེ་སྐོར་མདོ་ཙམ་བརྗོད་པར་བྱའོ། །
གཅིག
        སྤྱིར་ཁ་བ་རི་བའི་ཡུལ་ལྗོངས་རྒྱ་ཆེན་པོ་སྟེ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་བཅས་ན་ཞང་ཞུང་བ། བོད་ཀ་གཡག་དྲུག་པ། འ་ཞ་པ་ཞེས་བྱ་བ་སོགས་རུས་རྒྱུད་ཚོ་པའམ་རྒྱལ་ཕྲན་སིལ་མ་མང་པོ་མཆིས་པ་ལ་རྒྱ་ནག་པ་རྣམས་ཀྱིས་ལོ་རྒྱུས་འཕེལ་རིམ་གྱི་དུས་སྐབས་རེ་རེར་ཐ་སྙད་མི་འདྲ་བ་དུ་མ་ཞིག་བརྗོད་པ་སྟེ། དཔེར་ན། ཀྲའུ་རྒྱལ་རབས་སུ་རོང“(戎)”ཞེས་པ་དང་། ཧན་རྒྱལ་རབས་ལ“འཆང་ནུབ་མ(西羌)”ཞེས་པ། ཐང་རྒྱལ་རབས་སུ“ཐུ་བྷོད(吐蕃)”ཅེས་སམ། སུང་ཡོན་མིང་རྒྱལ་རབས་བཅས་གསུམ་གྱི་སྐབས“ནུབ་བྷོད་དམ་ཤིས་ཧྥུན(西蕃)”དང་། “དབུས་གཙང་པ(鸟思藏)”ཞེས་པ། ཆིང་རྒྱལ་རབས་ནས་ད་ལྟའི“བར་གཙང་རིགས(藏族)”ཞེས་བྱ་བ་ཅི་རིགས་འབོད་ཀྱང་། གངས་ཅན་པ་རང་གི་སྐད་ལ་མཚོན་ན་ཡི་གེ་མེད་པའི་ལོ་རྒྱུས་ངག་སྒྲོས་མ་ཡིན་ནའང་འདྲ། ཡི་གེ་དང་ལྡན་པའི་ལོ་རྒྱུས་བྲིས་མ་ཡིན་ཀྱང་རུང་། འདོད་རྒྱལ་ཐོག་མའང་རྗེས་གྲུབ་བཏགས་མིང་ཅིར་བཤད་ཀྱང“བོན་ནམ་བོད”ཅེས་པ་ལས་མེད། མི་རིགས་གཞན་དང་གཞན་རྣམས་ཀྱིས་བྷོད་དམ་བྷོཊ་དང་ཏི་བད་ཏི་སོགས་ཟེར་ཡང་། དེ་ནི་བོད་ཅེས་པའི་སྒྲ་གདངས་དག་པར་མ་ཐོན་པ་ཙམ་དུ་ཟད་པ་ལས་དོན་གྱི་དགོས་པ་ལྷག་པོ་གཞན་མ་མཆིས། སྤྱིར་བཏང་གི་གནས་ཚུལ་འོག་སྟོད་པ། སྨད་པ། རོང་པ། འབྲོག་པ། གཙང་པ། དབུས་པ། ཁམས་པ། ཨ་མདོ་བ་ཞེས་པ་དང་། དེ་བཞིན་དུ་ཤར་པ། ལྷོ་པ། མོན་པ་ལ་སོགས་པར་འབོད་པ་ནི་ཡུལ་དང་གནས་དང་ཕྱོགས་དང་བཅས་པའི་ཆ་ནས་དེ་ལྟར་འབོད་པ་ཡིན་པས། དེ་དག་ལས་ཡུལ་དང་གནས་དེ་རང་གི་མིར་གོ་དགོས་པ་ལས། སྟོད་རིགས། སྨད་རིགས། རོང་རིགས། འབྲོག་རིགས་སོགས་མི་རིགས་ཁག་ལ་གོ་བ་ལེན་མི་སྲིད་པས། གངས་ཅན་པ་སྤྱི་ལས་བྱེ་བྲག་ཞང་ཞུང་དང་། འཆང་ནུབ་མ། རོང་ནུམ་མ།  འ་ཞ། བྷོད་ནུབ་མ་ཞེས་རི གས་ཤིག་ལོགས་སུ་བཀར་བ་ནི་ཧ་ཅང་ལེགས་པའི་ཚུལ་དུ་མ་སོང་། གང་ལྟར་ཀྱང་། སྟོད་ཀྱི་ཞང་ཞུང་བ་དང་སྨད་ཀྱི་འ་ཞ་པ། བར་གྱི་བོད་པ་ལ་སོགས་པའི་རྒྱལ་ཕྲན་ནམ་རུས་རྒྱུད་ཀྱི་ཚོ་པ་ཁག་མང་པོ་ཐོར་བུ་ནས་གཅིག་ཏུ་གྱུར་པ་དང་། གཅིག་གྱུར་ནས་སླར་ཡང་སིལ་བུར་ཐོར་བ་བཅས་ཀྱི་རིང་ལ་མིང་གི་མངོན་བརྗོད་དང་བཅས་པའི་རྣམ་གྲངས་དུ་མ་མཆིས་ཀྱང་། རྩ་བའི་མིང་ནི་བོད་ཅེས་པ་ཉིད་ཡིན་ཏེ། ཐ་སྙད་དེ་ནི་འོ་ལྡེ་སྤུ་རྒྱལ་ཞེས་བྱ་བ་བོད་ཀ་གཡག་དྲུག་གི་རྗེ་བོར་བྱོན་ཅིང་། ཕྱིས་སུ་དེའི་གདུང་རྒྱུད་ཀྱིས་གངས་ཅན་པ་སྤྱིའི་མངའ་བདག་མཛད་པས། ཚོ་པའི་མིང་ཡུལ་ཆུང་ངུ་ཞིག་ལ་ཆགས་པ་ལས་རྒྱལ་ཁམས་ཡོངས་ལ་ཐོགས་པ་དང་། དེ་ནས་ཁ་བ་ཅན་གྱི་རིགས་སྤྱི་ལ་ཐོགས་ཤིང་། སྤུ་རྒྱལ་ཞེས་པ་ནི་བོད་ཀ་གཡག་དྲུག་གི་ཚོ་དཔོན་གྱི་རུས་མིང་ངོ་། །ཞེས་འདོད་ན་ལུང་རིགས་གཉིས་ཀྱི་གནོད་པ་མི་འབྱུང་བར་སེམས་སོ། །
        དེ་ཡང་བོད་ཀྱི་བཙན་པོ་རིམ་བྱོན་སྐོར་བཤད་སྐབས་གངས་ཅན་མཁས་དབང་རྣམ་པའི་ལྗགས་རྩོམ་ཕལ་ཆེ་བ་ལས། བོད་རྒྱལ་ཐོག་མ་རྗེ་གཉའ་ཁྲི་བཙན་པོ་ནས་མཐའ་མ་འུ་དུམ་བཙན་པོའི་བར།ཞེས་རྒྱལ་རབས་ཀྱི་གདུང་ཕྲེང་བཞི་བཅུ་ཞེ་གཉིས་འདྲེན་ཞིང་། འདྲེན་ཚུལ་དེ་སྲོལ་དུ་གྱུར་ནས་ཕྱིས་བོད་ཀྱི་ལོ་རྒྱུས་དོན་དུ་གཉེར་བ་པོ་རྣམས་ཀྱིས་ཀྱང་མཐའ་གཅིག་ཏུ་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག་ཅེས་པ་སོགས་ཐོགས་མེད་དུ་ཟློ་བཞིན་འདུག་ཀྱང་། གཉའ་ཁྲི་བཙན་པོ་བོད་རྒྱལ་ཐོག་མར་ངོས་བཟུང་བ་དེ་དེ་ཙམ་དོན་ལ་མ་ཕྱོགས་པར་སྣང་། འོ་སྡེ་སྤུ་རྒྱལ་བྱ་བ་བོད་ཀ་གཡག་དྲུག་གི་རྗེ་མ་བྱོན་གོང་གི་དུས་ཧ་ཅང་སྔ་མོ་ཞིག་ལ་གནོད་སྦྱིན་དང་། སྲིན་པོ། བདུད་ལ་སོགས་མི་མ་ཡིན་པ་དག་གིས་བོད་ཁམས་བདག་གིར་བཟུང་ནས་ཕན་ཚུན་བར་འཁྲུག་རྩོད་བྱས་ཤིང་། དེ་དུས་འཁོར་གསུམ་མཚོན་ཆའི་བྱེ་བྲག་མ་བྱུང་བར་བཤད་པ་ནི་སྒྲོ་སྐུར་གྱི་གཏམ་དུ་ཟད་ཀྱང་། དོན་དམ་དེ་རྣམས་ནི་གང་ཟག་མིའི་འགྲོ་བ་ཡིན་པ་མ་ཟད། བོད་ནི་དུས་དེ་ཙམ་ནས་གདོད་མའི་གུང་ཁྲན་སྤྱི་ཚོགས་ནས་གྲལ་རིམ་ཡོད་པའི་སྤྱི་ཚོགས་སུ་ཞུགས་པ་དང་ཐོན་སྐྱེད་ཀྱི་སྟོབས་ཤུགས་ཀྱང་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་ཧ་ཅང་གསལ། དཔེར་ན། བསྐལ་པ་ཡ་ཐོག་གི་དུས་སུ་བོད་ཀྱི་མེས་པོ་རྣམས་རི་དྭགས་དང་གཅན་གཟན་ལྟར་ནགས་ཚལ་ལམ་རི་ཁྲོད་དུ་གནས་ཤིང་། མ་རྨོས་པའི་ལོ་ཏོག་སོགས་ཟས་སུ་བྱས་ནས་དཀའ་སྡུག་གི་ངང་དུས་འདའ་བ་ནས། ཡེ་སང་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་། ཨེ་སྨོན་ནག་པོ་ཁྲོ་ཆུའི་ཕ་བོང་འདྲ་བ། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་ཏེ་སེ་དང་རྨུ་དང་ལྡོང་དང་སྟོང་བཅས་རུས་ཆེན་རྩ་བ་བཞི་རུ་གྱེས་ཤིང་། དེ་ནས་ཀྱང་དབྲ་དང་འདྲུ་གཉིས་བྱུང་བས་བོད་མིའུ་གདུང་དྲུག་ཏུ་གྲགས་པར་གྱིས། རྗེས་སོར་དེ་དག་རུས་རྒྱུད་ཀྱི་ཚོ་པའམ་རྒྱལ་ཕྲན་བཞི་བཅུའམ་བཅུ་གཉིས་སོགས་སུ་གྱེས་ཏེ་གཅིག་གིས་གཅིག་དབང་འོག་ཏུ་འགུག་ཆེད་ཕན་ཚུན་བར་གཡུལ་གྱི་ལས་སྐྱི་གཡའ་བ་མང་བོ་མངོན་པར་འདུ་བྱས་ནས་གནམ་རི་སྲོང་བཙན་ལ་ཐུག་གི་བར་གནས། “……གནའ་ཡུལ་ཡུལ་ན་རྒྱལ་ཕྲན་དང་བློན་པོ་འདི་ལྟར་བབ་སྟེ། མྱི་མང་གི་རྗེ། ཡུལ་ཆེའི་བདག་བྱེད་བྱེད་པ་ལས། རྒྱལ་བོ་བཙན་པ་དང་། བློན་པོ་འཛངས་པ་དཀུའ་པོ་ཆེ་རྣམས་ཀྱིས་གཅིག་ཤེས་གཆིག་བརླག་སྟེ། འབངས་སུ་བཀུག་ན། མཐའ་མ་འོ་ལྡེ་སྤུ་རྒྱལ་གྱི་དབུ་རྨོག་མ་ཐོབ། མར(ནར)ནི་ལྷ་ནར་གྱིས་མནརད། ཐུན་ནི་རྗེ་ཐུན་གྱིས་བཐུན་ཏེ་བགུག་གོ”ཞེས་བྱ་བའང་བརྗོད་མ་ཐག་པའི་གནས་ཚུལ་དེ་དག་ལ་ཟེར། དེ་དུས་ཐུན་མོང་ནས་ཁས་ལེན་པའི་སྤྱི་ཁྱབ་ཀྱི་ཚོ་དཔོན་ནམ་རྒྱལ་པོ་ཞིག་མེད་པ་དང་། བོད་གངས་ཅན་པའི་བའི་ཁུངས་ཀྱང་གང་ལ་གཏུག་དགོས་པའི་ཡིག་ཆ་མ་རྙེད་པས། རྒྱའི་ཐང་ཡིག་གསར་རྙིང་ལས། “བོད་ཅེས་བྱ་བ་ནི་ཁྲང་ཨན་ནུབ་ཕྱོགས་ལེ་དབར་བརྒྱད་སྟོང་གི་སར་གནས་ཤིང་། ཧན་རྒྱལ་རབས་ཀྱི་དུས་སུ་ས་དེ་མ་གཞིར་འཆང་ནུབ་མའི་མངའ་ཁོངས་ཡིན་པ་དང་། དེའི་རིགས་རྒྱུད་དང་ཚོ་པ་རྣམས་ཀྱི་འབྱུང་ཁུངས་མི་ངེས་ཀྱང་། ཁ་ཅིག་ལང་ལྷོ་མའི་ཐུའུ་བྷོ་ལི་མུའུ་ཀུའུ་ཞེས་བྱ་བའི་རྒྱུད་དུ་འདོད།”ཅེས་སམ། “བོད་ནི་མ་གཞིར་འཆང་ནུབ་མར་གཏོགས་ཤིང་། དེར་རིགས་བརྒྱ་དང་ལྔ་བཅུ་མཆིས་ཏེ་རྨ་ཆུ་དང་། ཙོང་ཆུ། འབྲི་ཆུ། རྒྱལ་མོ་རྔུལ་ཆུའི་རྒྱུད་དུ་གནས།”ཞེས་གང་ཟག་གི་སྐོར་བོད་ཀྱི་ཡ་གྱལ་འཆང་ནུབ་མ་ཞེས་པ་དང་། ཡུལ་གྱི་ཐད་གངས་ལྗོངས་ཀྱི་ཆ་ཤས་མདོ་ཁམས་ཙམ་ལས་མི་འདའ་བའི་གཏམ་བྱུང་བ་ཡིན། སྤྱི་ལོའི་དུས་རབས་དྲུག་པའི་མཇུག་ཙམ་ནས་བཟུང་སྟོད་ཀྱི་ཞང་ཞུང་པ་དང་སྨད་ཀྱི་འ་ཞ་པ་སོགས་མཐའི་ཡུལ་གྲུ་ཁག་གི་རུས་རྒྱུད་ཀྱི་ཚོ་པའམ་རྒྱལ་ཕྲན་རྣམས་མ་གཏོགས། དབུས་གཙང་གཉིས་ཀྱི་ཚོ་ཁག་ཕལ་མོ་ཆེ་རྣམས་སྤུ་རྒྱལ་གྱི་ཚོ་དཔོན་གནམ་རི་སྲོང་བཙན་གྱིས་སྟུད་མར་རང་གི་ཆབ་འོག་ཏུ་བསྡུས་པས། བོད་གཅིག་ཏུ་འགྱུར་བའི་ལས་དང་པོ་ཉིད་ནི་བཙན་པོ་འདི་པའི་སྐུ་རིང་ལ་ཐོག་མར་གྲུབ་ཅིང་། རྗེས་སོར་ཁྲི་སྲོང་བཙན་སྲིད་སྐྱོང་རྒྱལ་པོའི་ཁྲི་ལ་མངའ་གསོལ་བ་ནས་ཡབ་ཀྱི་དགོངས་བཞེད་བོད་གཅིག་འགྱུར་གྱི་འཕྲིན་ལས་རླབས་པོ་ཆེ་དེ་བདག་གིར་བཞེས་པས་གསར་དུ་བཙུགས་མ་ཐག་པའི་རྒྱལ་སྲིད་ཐོར་ལ་ཉེ་བའི་འགག་རྩ་ལས་བསྐྱབས་པ་མ་ཟད། སྟོད་ཞང་ཞུང་དང་སྨད་འ་ཞ་སོགས་ཀྱང་ཐབས་ཀྱིས་འབངས་སུ་བཀུག་ནས་མངའ་ཐང་ཡབ་རྒྱལ་པོའི་རིང་ལས་རྒྱ་བསྐྱེད་པ་དང་། ཉེ་མཐའི་རྒྱལ་ཕྲན་དུ་མ་ཟིལ་གྱིས་མནན་ཏེ་འོ་སྡེ་སྤུ་རྒྱལ་གདུང་རྒྱུད་ཀྱིས་བོད་དང་བོད་ཆེན་པོ་ཡོངས་ལ་མངའ་སྒྱུར་བའི་དབང་ཐང་གཏན་འཇགས་སུ་མཛད་པ་དང་བསྟུན། རང་རྒྱུད་ཀྱི་ཆེ་བ་ངོམ་ཆེད་ཡར་ལྡོག་གིས་གདུང་ཁུངས་བསྙེགས་ཏེ་གཉའ་ཁྲི་བཙན་བོར་ཐུག་གི་བར་གཏུགས་ཀྱང་། དེ་ལས་ཀྱང་སྔ་བའི་ཁུངས་མ་རྙེད་པས“གནམ་ལ་མཛུབ་མོ་ཀེར་བས་ལྷ་ལས་ཆད་པར་གོ”ཞེས་པ་ཙམ་གྱིས་ཆོག་པར་བྱས། བརྗོད་སྟངས་འདི་གཡུང་དྲུང་བོན་གྱི་བཤད་ཚུལ་ཡིན་ནའང་འདྲ། ནང་བསྟན་བན་གྱི་བརྗོད་ཚུལ་ཡིན་ཀྱང་རུང་། ཡར་ལུང་སྤུ་རྒྱལ་གྱི་བྱེད་རྩོལ་ལས་མི་འདའ་བར་སེམས། དེས་ན་གནམ་རི་སྲོང་བཙན་ཡན་ཆོད་ཀྱི་བོད་ཀ་གཡག་དྲུག་སྟེ་ཡར་ལུང་སྤུ་རྒྱལ་བའི་ཚོ་དཔོན་རྣམས། དུས་མཉམ་དང་དེ་ལས་ཀྱང་སྔ་བའི་གཙང་གི་མྱང་རོ་དང་དབུས་ཀྱི་ཟིང་པོ། སྟོད་ཀྱི་ཞང་ཞུང་། སྨད་ཀྱི་འ་ཞ་ལ་སོགས་པའི་ཚོ་བདག་གཞན་རྣམས་དང་འདྲ་བར། དེ་དག་གིས་སྐབས་འགར་ཕན་ཚུན་བར་མཐུན་པའི་མནའ་བོར་ཞིང་མཛའ་བའི་གཉེན་བསྒྲིགས་པ་དང་། སྐབས་ལ་ལར་འཁོན་པའི་དགྲར་ལངས་ཤིང་དྲག་པོའི་གཡུལ་བཤམས་པ་ཅི་རིགས་བྱས་ཀྱང་། ཚང་མ་རང་ཚུགས་སུ་སྡོད་པའི་རུས་རྒྱུད་ཀྱི་ཚོ་པའམ་རྒྱལ་ཕྲན་ཐ་དད་པ་ཁག་ཡིན་པས། གཉའ་ཁྲི་བཙན་པོ་བོད་རྒྱལ་ཐོག་མར་ངོས་བཟུང་བ་དེ་ལོ་རྒྱུས་དང་འགལ་ལ། དགོས་པ་དོན་གྱིས་ཀྱང་སྟོངས་ཤིང་། བོད་ཀྱི་རྒྱལ་པོ་ཐོག་མ་གནམ་རི་སྲོང་བཙན་ཡིན་ནོ། །ཞེས་ངེད་ཅག་ལ་བརྗོད་འདོད་འདི་ལྟ་བུ་ཞིག་སྐྱེས་པ་ཀུན་གྱིས་ད་དུང་དཔྱད་པར་འཚལ་ལོ། །
        བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་ལུགས་ཐད། བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་ཆེ་བར་ཁྲི་སྲོང་བཙན་གྱི་སྐུ་རིང་ལ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལ་སོགས་པའི་སྲིད་ཁྲིམས་ཐོག་མར་གཏན་འབེབས་བྱས་ནས་རྒྱལ་འབངས་ལེགས་པར་བསྐྱངས་སྐད་ཀྱང་། འགའ་ཞིག་བསྡུས་དྲག་པས་དུས་སྐབས་དེ་དང་དེ་དག་ཏུ་དམག་སྲིད་གཅིག་གྱུར་གྱི་སྲིད་འཛིན་ལམ་ལུགས་ཇི་ལྟར་གཏན་ལ་ཕབ་ཡོད་པ་གསལ་བར་ཤེས་དཀའ། «མཁས་པའི་དགའ་སྟོན»ནང་གཞན་དང་མི་འདྲ་བར་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་སྲིད་འཛིན་གྱི་ས་ཁུལ་དང་། དམག་དོན་གྱི་རྩ་འཛུགས། རྒོད་གཡུང་གི་དབྱེ་བ། དཔོན་གནས་ཀྱི་རིམ་པ། ཞལ་ལྕེ་གཙོད་ལུགས། བྲེ་སྲང་གི་འཇལ་སྲོལ་སོགས་མཚོན་པའི་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་གཏན་ལ་ཕབ་ཡོད་པ་ཅུང་རྒྱས་པར་བྱུང་སྟེ། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་ལུགས་དཔྱད་པ་ལ་དེ་ཉིད་ཚད་མར་འཛིན་འོས་ཀྱང་། བོད་ཀྱི་ཁྲིམས་ལུགས་ཡོད་དོ་ཅོག་བཙན་པོ་ཁྲི་སྲོང་བཙན་གྱི་སྐུ་རིང་འབའ་ཞིག་ལ་ཐོག་མར་གཏན་འབེབས་བྱས་ཞེས་པ་ཅུང་འཐད་སྙམ། རྒྱུ་མཚན་ནི། རྒྱའི་ཐང་ཡིག་གསར་མ་ལས། བོད་ཀྱི་“ཁྲིམས་བཙན་ཏེ། ཉེས་པ་ཆུང་ངུ་ལའང་མིག་འདྲུ། རྣ་གཅོད། ལྕག་གིས་གཞུ། དེ་རྣམས་ཁྲིམས་དཔོན་དག་གི་འདོད་པ་ལྟར་བགྱིད་པ་ལས་ངེས་གཏན་མེད། ཉེས་ཅན་རྣམས་ཕོ་འདོམ་བཅུ་ཕྲག་འགའ་ཟབ་པའི་ས་དོང་དུ་འཇུག་ཅིང་ལོ་གཉིས་སམ་གསུམ་འགོར་རྗེས་ད་གཟོད་ཕྱིར་གཏོང་བ་ཡིན།”ཞེས་བྱུང་བ་མ་ཟད། དེབ་དེ་ཉིད་ལས་ད་དུང་“སྲིད་སྐྱོང་བ་ལ་ཡི་གེ་མེད་པས་ཐ་གུར་མདུད་པ་རྒྱག་པའམ་ཤིང་ལ་རི་མོ་རྐོ་བ་སོགས་ཀྱིས་རྩིས་བྱེད།”ཅེས་བྱུང་བར་བརྟག་ན། དེ་ནི་བཙན་པོ་སྲོང་བཙན་སྒམ་པོའི་ཆེས་སྔོན་གྱི་དུས་ཞིག་ཡིན་པ་ལས་བཙན་པོ་འདི་པའི་སྐུ་རིང་ངམ་དེའི་རྗེས་སུ་བྱུང་བ་མིན་པ་ཧ་ཅང་གསལ། དེ་བཞིན་དུ«མཁས་པའི་དགའ་སྟོན»ལས་ཀྱང་།། “འདི་དུས་ཁྲི་ངོར་སྣང་བཙུན་མོང་གི་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། །དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས། །དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད། །དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས། །”ཞེས་བྲེ་སྲང་གི་འཇལ་ལུགས་དང་ཉོ་ཚོང་བྱེད་སྲོལ་སྟག་རི་གཉན་གཟིགས་ཀྱི་སྐུ་རིང་ནས་ཡོད་པ་མངོན་སུམ་དུ་བསྟན་ལ། “མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོའི་མཚན་མར་རྔུལ(དངུལ)གྱི་པུག(སུག)བུ་ཆུང(བཏུང་བའི་སྣོད་ཅིག་ཡིན་ནམ་སྙམ)སྩལ་ཏོ།”ཞེས་བློན་པོའི་ཚོགས་ལ་ཐོབ་ཐང་གི་རྟགས་སྟེར་སྲོལ་ཞིག་གནམ་རི་སྲོང་བཙན་གྱི་རིང་ནས་ཡོད་པའང་ཏུན་ཧོང་གཏེར་ཡིག་ལས་དངོས་སུ་བྱུང་བར་བརྟེན། ཁྲི་སྲོང་བཙན་ཡན་ཆོད་བོད་ཁམས་ན་བདེན་རྫུན་དང་ལེགས་ཉེས་འབྱེད་པའི་ཁྲིམས་ཀྱི་དྲི་མ་ཙམ་ཡང་མི་བྲོ། ཞེས་བྱ་བའི་སྡོམ་ཚིག་སུས་ཀྱང་འཇོག་མི་ནུས་པར་ངེས། དེ་ཡང་རྒྱའི་ལོ་རྒྱུས་དེབ་ཐེར་དག་ལས་བྱུང་བ་རྣམས་གཙོ་ཆེར་མདོ་སྨད་ཀྱི་ཆར་གནས་པའི་གངས་ཅན་པའི་ཚོ་ཁག་ལ་བཤད་ཅིང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལས་བྱུང་བ་རྣམས་གཙོ་ཆེར་དབུས་གཙང་གི་ཆ་ཤས་ཡར་ལུང་སྤུ་རྒྱལ་པ་ལ་ཟེར་བ། དེབ་ཐེར་དུ་མ་འཁོད་པའི་ཆོ་ཁ་གཞན་དང་གཞན་རྣམས་ལ་ཡང་ཁྲིམས་སྲོལ་དེ་དང་དེ་འདྲ་བ་ཡོད་པ་གཞིར་བཅས་ཀྱང་། རུས་རྒྱུད་ཀྱི་ཚོ་པའམ་རྒྱལ་ཕྲན་དེ་དག་ནི་གཅིག་ཏུ་མ་འདུས་པའི་ཚོགས་ཁག་ཡན་གར་བ་རེ་ཡིན་པས་ཁྲིམས་དེ་དག་ཀྱང་རང་གནས་ཀྱི་ཡུལ་གྲུ་ཆུང་ངུའམ་རང་རྒྱུད་ཀྱི་ཚོ་པ་དང་རྒྱལ་ཕྲན་ནང་དུ་སྤྱོད་པ་ལས་ཡུལ་དང་གནས་དང་ཚོ་ཁག་གཞན་རྣམས་ཀྱིས་ཁས་ལེན་པའི་ངེས་པ་མེད། རྒྱུ་མཚན་དེའི་དབང་གིས་རང་ཚུགས་སུ་སྡོད་པའི་ཚོ་པའམ་རྒྱལ་ཕྲན་བར་འཁྲུག་པ་མི་ལང་བར་ཞི་འཇགས་སུ་གནས་པའམ། ཡང་ན་མཉམ་སྒྲིལ་གྱིས་རྒྱལ་ཁབ་གཞན་དང་གཞན་ལ་དམག་འདྲེན་པ་སོགས་ཀྱི་ཆེད་དུ་ལྷ་ཀླུ་གཉན་གསུམ་དང་། ཉི་ཟླ་གཟའ་སྐར་དཔང་དུ་བཞག་ཅིང་དུད་འགྲོ་དམར་མཆོད་བྱེད་པ་སོགས་ཀྱིས་ཕན་ཚུན་མནས་བསྒྲགས་པ་ཡིན་པར་སེམས། ཕྱིས་བོད་གཅིག་ཏུ་གྱུར་རྗེས་རང་རི གས་ཀྱི་ཚོ་པའམ་རྒྱལ་ཕྲན་སོ་སོར་ཡོད་པའི་ཁྲིམས་སྲོལ་རྣམས་གཞིར་བཞག་ཅིང་། རིགས་གཞན་པའི་རྒྱལ་ཁམས་ཀྱི་ཁྲིམས་ལུགས་ཀྱང་དཔེར་བླངས་ནས་ཁྲི་སྲོང་བཙན་གྱི་རིང་ལ་བོད་ཀྱི་ཁྲིམས་ལུགས་སྤྱི་ཁོག་ཙམ་བཀོད་ཟིན། དེར་མ་འདུས་པ་རྣམས་བཙན་པོའི་རྒྱུད་ཕྱི་མ་དག་གི་སྐུ་རིང་ལ་ཁ་སྣོན་བྱས་པ་ཡིན་པས་ཇེ་ཞིབ་ཇེ་རྒྱས་ཇེ་བཙན་དུ་སོང་བ་བོད་རྒྱ་ལ་སོགས་པའི་ཡིག་ཚང་མང་པོ་ལས་ཤེས་པར་འགྱུར་ཞིང་། དོན་གལ་ཆེན་རེ་ཐག་གཅོད་པའི་དུས། ཡུལ་ལྷ་གཞི་བདག ཉི་ཟླ་གཟའ་སྐར། ཆོས་སྐྱོང་སྲུང་མ་སོགས་ལྷ་མཐུ་བོ་ཆེ་རྣམས་དཔང་དུ་བཞག་ནས་མནའ་སྐྱེལ་བའི་ལུགས་སྲོལ་དེའི་རྒྱུན་མ་ཆད་པར་གནའ་ནས་ད་བར་དུ་བོད་གངས་ཅ ན་པའི་ཁྲོད་ན་གནས་སོ། དེ་ཡང«མཁས་པའི་དགའ་སྟོན»ལས་བྱུང་བ་ལྟར་ན། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་སྟེ། 1.སྲིད་འཛིན་དང་དམག་དོན་ལམ་ལུགས་མཚོན་པའི་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་དང་། 2.བྲེ་སྲང་སོགས་འཇལ་སྲོལ་མཚོན་པའི་འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། 3.རྒྱལ་འབངས་སྤྱིའི་སྤང་བླང་གི་ཀུན་སྤྱོད་མཚོན་པའི་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས། 4.ཁ་དྲག་ཞན་གཉིས་རྩོད་པ་ལ་གཉིས་ཀའི་ཡིད་ཚིམས་པར་བྱེད་པ་མདོ་ལོན་ཞུ་བཅད་ཀྱི་ཁྲིམས། 5.གཉིས་ཀ་ལན་པ་ལ་ཆད་པ་འདྲ་འདྲ་གཅོད་པ་དབང་ཅན་བཅད་ཀྱི་སྤྱི་ཁྲིམས། 6.གཉིས་ཀ་བདེན་པ་ལ་གཉིས་བདེན་ནམ་དགའ་གསུམ་ཞེས་བྱ་བ་ཁབ་སོ་ནང་པའི་ཁྲིམས་བཅས་ཀུན་ཁྲི་སྲོང་བཙན་གྱི་སྐུ་རིང་འབའ་ཞིག་ལ་གཏན་འབེབས་བྱས་ནས་རྒྱལ་འབངས་ཐམས་ཅད་བདེ་བར་བསྐྱངས་སྐད་ཀྱང་མི་འཐད་པ་གོང་དུ་མདོ་ཙམ་བརྗོད་ཟིན་ལ། རེ་ཞིག་འདི་ཙམ་གྱིས་ཆོག་པར་བྱས། གཤམ་ནས«མཁས་པའི་དགའ་སྟོན»དང«ཏུན་ཧོང་གཏེར་ཡིག»སོགས་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྒྱལ་འབངས་མཐོ་དམན་བར་པ་རྣམས་གཞིར་བཞག་ནས་དེ་དག་གི་གྲལ་རིམ་གྱི་དབྱེ་བ་འགའ་དཔྱད་པ་ལ་འཇུག་པར་བྱའོ། །
གཉིས།
        ལར་བོད་བཙན་པོའི་རྒྱལ་འབངས་སྤྱི་ལས་གྲལ་རིམ་གྱི་གོ་གནས་མཐོ་དམན་བར་པ་བཅས་ཟིན་པའི་གང་ཟག་རྣམས་ལ་སོ་སོའི་ཐོབ་ཐང་མཚོན་བྱེད་ཀྱི་ཐ་སྙད་ཧ་ཅང་མང་པོ་ཡོད་དེ། དཔེར་ན། ཞང་བློན་དང་དགུང་བློན། ནང་བློན། ཕྱི་བློན། ཆབ་སྲིད་ཀྱི་བློན་པོ། བཀའ་ཡོ་གལ་འཆོས་པ། བཀའི་འཕྲིན་བློན། མཁོས་དཔོན། ཞལ་ལྕེ་བ། དབང་བོ། དམག་དཔོན། རུ་དཔོན། སྟོང་དཔོན། སྡེ་དཔོན། རྩིས་དཔོན། སློབ་དཔོན། སོ་དཔོན། གཟིམ་དཔོན། ཆིབས་དཔོན། མངན་དཔོན། སྣམ་ཕྱི་བ། ཞེས་བྱ་བ་སོགས་དཔོན་གནས་མཚོན་པའི་མིང་དང་། གཙང་ཆེན་པ་དང་། རྒོད། གཡུང་ངམ་ཁེང་། ཡང་ཁེང་ངམ་ཉིང་གཡོག་སྟེ་བྲན། ལྷོ་བལ་གྱི་བཙོན། ཞེས་བྱ་བ་སོགས་འབངས་ཕལ་བའི་རིམ་པ་མཚོན་པའི་མིང་སྣ་ཚོགས་འབྱུང་བར་བརྟགས་ན། “丞相”ཞེས་པའི་དོད་དུ་བོད་མིག་ལས་སྒྲ་སྒྱུར་མ་བྱས་ཏེ“བློན་པོ་ཆེན་པོ”དང“ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ”ཞེས་དོན་སྒྱུར་བྱས་ཡོད་པ་དང་། “丞相”ཞེས་པ་དང་། “བློན་པོ་ཆེན་པོ”ཞེས་པའི་དོན་ཡང་མཚུངས་ཏེ་བློན་པོ་ཀུན་གྱི་མཐོ་ཤོས་སུ་ངེས་གཤིས་བཞེད་པ་དང་པོས་ཁུངས་མི་ཐུབ་པ་འདྲའོ། །
        བཞེད་པ་གསུམ་ལས་གཉིས་པ་སྟེ། “”དང་“ཞང་”ལྟོས་འཇོག་གི་སྐད་དོད་སྒྲ་སྒྱུར་ཙམ་དུ་ངེས་པར་འདོད་པ་ལ་རྒྱུ་མཚན་ཅུང་ཟད་ལྡན་པ་འདི་ལྟ་སྟེ། སྐད་གདངས་ཐད་མཚོན་ན། རྒྱའི“”ཞེས་པར་དེང་སང་བོད་སྐད་དུ“ཧང”དང་བོད་ཀྱི“ཞང” ཞེས་པར་དེང་སང་རྒྱ་སྐད་དུ“”ཞེས་པ་ལས། “”ལ་“ཞང་”ཞེས་པའི་གདངས་མི་ཐོན་ཡང་། བོད་ཐང་རྒྱལ་རབས་གཉིས་ཀྱི་དུས་དེར་“”གི་གདངས་ཚུར་བོད་དང་། ཡང་ན་“ཞང་” གི་གདངས་ཕར་རྒྱ་ལ་ཆགས་པ་ཤེས་དཀའ་རུང་དེ་གཉིས་ཀྱི་གདངས་མཚུངས་སོ།  དཔེར་ན།«དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་»གི་ལྷོ་བྱང་ངོས་གཉིས་སུ་རྒྱལ་ཁབ་ཟུང་གི་བློན་པོ་གཙིགས་འཛིན་པ་རྣམས་ཀྱི་མིང་རུས་བཀོད་པར། “ཞང་ཁྲི་བཙན་ཁོན་ནེ་སྟང་། 尚绮立赞窟宁悉当”ཞེས་པ་དང་། “ཞང་ཁྲི་བཞེར་ལྷ་མཐོང་། 尚绮立热贪通”ཞེས་པའམ། མཆིམས་ཞང་རྒྱལ་གི་འབྱུང་བ་དེ་དག་ལ་བརྟག་ན་སྐབས་དེའི་རྒྱལ་འབངས་ཡོད་དོ་འཚལ་ཞང་བློན་དང་རྒོད་དང་གཡུང་བཅས་གྲལ་རིམ་གྱི་དབྱེ་བ་ཆེན་པོ་གསུམ་ལས་མ་འདའ་བར་སེམས་པས། གཤམ་ནས་དེ་དག་ལ་འཇུག་གོ །
        ཀ ཞང་བློན་གྱི་སྐབས། དེ་ཡང་ཐ་སྙད་འདིའི་“ཞང་”ཞེས་པར་རིམ་བྱོན་མཁས་པ་རྣམ་པས་དགོངས་བཞེད་ཐ་དད་པ་རེ་འཛིན་གྱི་ཡོད་དེ། ཁ་ཅིག་གིས་རྒྱའི་གནའ་རབས་ཀྱི་དཔོན་གནས་རིམ་པ་མཐོ་ཤོས་ཏེ“ཙའེ་ཞང་(宰相)”ངམ་“ཁྲེང་ཞང་(丞相)”དང་། ཡང་ན་“ཧྲེང་ཧོའུ་(尚书)”ཞེས་པའི་“”དང་“”གི་སྐད་དོད་ཡིན་པར་འདོད་ནས་བོད་ཡིག་གི་“ཞང་”ཞེས་པ་དེ་སྒྲ་སྒྱུར་དུ་ངེས་པར་བཞེད། ཁ་ཅིག་གིས་“ཞང་བློན”ཞེས་པ་དེ་ནི་བཙན་པོ་རིམ་བྱོན་གྱི་ཡུམ་དང་བཙུན་མོའི་ཕ་མིང་སྟེ་བཙན་པོའི་ཞང་པོ་ཚང་ལས་བྱུང་བའི་བློན་པོའི་ཚོགས་སྤྱི་ལ་གོ་དགོས་ཤིང་། དེ་དུས་ཞང་པོ་ཚང་ལ་དབང་ཐང་ཆེན་པོ་མངའ་བས་དཔོན་གནས་ཀྱི་མིང་དམིགས་བསལ་ཅན་དེ་འདྲ་ཞིག་ཐོ གས་པར་དགོངས། དེ་ལ་འདིར་བཞེད་པ་གོང་གསལ་གསུམ་གྱི་དང་པོ་སྟེ་“”དང་“ཞང་”ཞེས་པ་གཉིས་ལྟོས་ས་ལྟོས་འཇོག་གི་སྒྲ་སྒྱུར་སྐད་དོད་མིན་པ་འདི་ལྟ་སྟེ། «དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་»གི་བྱང་དངོས་སུ་རྒྱ་བོད་ཡིག་རིགས་གཉིས་ཤན་སྦྱར་གྱིས་བོད་བློན་གཙིགས་འཛིན་པ་ལ་གཏོ གས་པའི་ཐོབ་དང་མྱིང་རུས་པ་ལས། “བོད་ཆེན་པོའི་བློན་པོ་ཆེ་ཕྲ་མཇལ་དུམ་གྱྀ་གཙིགས་འཛྀན་པ་ལ་གཏོགས་པའི་ཐབས་དང་མྱྀང་རུས་ལ﹕大蕃宰相等和好登坛立盟官察名位” ཞེས་པ་དང་། “བོད་ཆེན་པོའྀ་ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ་བཀའ་ལ་གཏོགས་པའི་ཐབས་དང་མྱྀང་རུས﹕大蕃宰相同平章事名位”ཞེས་དང་། “ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ་བློན་མཚྀམས་ཞང་རྒྱལ་བཙན་བཞེར། 宰相同平章事论结赞叵热”ཞེས་སམ། “ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ་ཞང་ཁྲྀ་བཙན་ཁོད་ནེ་སྟང་། 宰相同平章事尚绮立赞窟宁悉当”ཞེས་པ། “ཆབ་སྲིད་ཀྱི་བློན་པོ་ཆེན་པོ་ཞང་ཁྲྀ་བཞེར་ལྷ་མཐོང﹕宰相同平章事尚绮立热贪通”ཞེས་པ། “ཆབ་སྲིད་ཀྱི་བློན་པོ་བློན་རྒྱལ་བཟང་འདུས་ཀོང﹕宰相同平章事论颊藏弩悉恭”ཞེས་བྱུང་བ་བཞིན། རྡོ་རིང་ལྷོ་ངོས་སུའང་། ”རྒྱ་ཆེན་པོའྀ་བློན་པོ་ཆེ་ཕྲ་མཇལ་དུམ་གྱི་གཙྀགས་འཛིན་པ་ལ་གཏོགས་པའྀ་ཐབས་དང་མྱྀང་རུས་ལ﹕大唐宰相等和好登坛立盟官察名位”ཞེས་པ་དང་། “རྒྱ་ཆེན་པོའྀ་ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ་བཀའ་ལ་གཏོགས་པའྀ་ཐབས་དང་མྱྀང་རུས﹕大唐宰相同平章事名位”ཞེས་བྱུང་ཞིང་། “བྱུང་བ་དེ་དག་ལ་བཞེར་ཁོད་ནེ་བརྩན། ﹕琮尚颊热窟宁赞”ཞེས་སམ། “འབྲོ་ཞང་ཀླུ་བཟང་ལྷ་བོ་བརྩན། 没卢尚(动)楼勃藏他(谱)赞”ཞེས་བྱུང་ལ། དེ་བཞིན་དུ་“兵部尚书﹕པེང་པོ་ཞང་ཤུ།”ཞེས་ཀྱང་བྱུང་བ་སོགས་ལྟ་བུའོ། འོན་ཀྱང་སྔ་མ་སྟེ་“ཞང་ཁྲི་བཙན་ཁོན་ནེ་སྟང་” ཞེས་བྱ་བ་དག་ནི་བཙན་པོའི་ཞང་པོ་ཡིན་པའི་ཆ་ནས་དེ་ལྟར་བྱུང་ཞིང་།“”ནི་“ཞང་”གི་སྐད་དོད་ཡིན་པ་དང་། ། ཕྱི་མ་སྟེ་“པེང་བོ་ཞང་ཤུ་”ཞེས་བྱ་བ་སོགས་ནི་རྒྱའི་བློན་པོ་རྣམས་ཀྱི་གོ་གནས་ཡིན་པའི་ཆ་ནས་དེ་བཞིན་བྱུང་ཞིང་། “ཞང་ཤུ་”ནི་“尚书”ཡི་སྐད་དོད་ཡིན་པས། “ཞང་དང་”གཉིས་ལྟོས་ས་ལྟོས་འཇོག་གི་གདངས་ཙམ་ཡིན་པ་ཧ་ཅང་གསལ། འདིར་རྒྱའི་“”ཞེས་པ་ལ་བླ་ན་བཀུར་བའམ་མངོན་པར་བསྟོད་པ་སོགས་ཀྱི་དོན་ལྡན་པས། “ཧུང་ཧོའུ་ལེང་(尚书令)”ལྟ་བུའི་གོ་གནས་དང་ཕལ་ཆེར་འདྲ་བའི་བོད་ཀྱི་བློན་པོ་མཐོ་རིམ་པ་ལ“གུང་བློན་ནམ་དགུང་བློན་ཆེན་པོ་”ཞེས་པའི་ཐ་སྙད་ཀྱང་ཆགས་པར་འདོད། དེས་ན་“འབྲོ་ཞང་ཀླུ་ལྷ་བོ་བརྩན་”ཞེས་པའི་“ཞང་”དང་། “པང་པོ་ཞང་ཤུ་”ཞེས་པའི་“ཞང་”གཉིས་ལྟོས་འཇོག་སྒྲ་སྒྱུར ་གྱི་ཐ་སྙད་དུ་ངེས་ཀྱང་། ནང་དོན་ཐ་དད་པ་རེ་མཆིས་པའི་ཕྱི་མ་འདོད་དེ་“ཞང་བློན་”ཞེས་པ་ཡུམ་རུས་ཀྱི་བློན་པོ་མ་ཡིན་པར་བོད་བློན་སྤྱི་ཡིན་པར་གོ་བ་བླངས་ན་མི་འགྲིག་གམ་སྙམ། ད་དུང་ཀུན་གྱིས་དཔྱད་པར་འཚལ་ལོ། །
        བཞེད་པ་གསུམ་ལས་ཕྱི་མ་སྟེ་“ཞང་བློན་”ཞེས་པ་ཡུམ་རུས་ཀྱི་བློན་པོར་དགོངས་པ་དེར་ངེད་ཅག་འཐད་པ་མ་བྱུང་བས་ཅུང་དཔྱད་པ་འདི་ལྟ་སྟེ། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡུལ་དཔོན་དབང་ཤེད་ཅན་འབྲོ་དང་། མཆིམས། སྣ་ནམ། ཚེས་སྤོང་པ་སོགས་དང་བཙན་པོ་རྒྱུད་ཀྱི་བར་གཉེན་སྒྲིག་གི་འབྲེལ་བ་བྱུང་བས་དེ་རྣམས་བཙན་པོའི་ཞང་པོར་གྱུར་ནས། ཞིང་འབྲོ་ཁྲི་གཟུ་རམ་ཤགས་དང་། ཞང་མཆིམས་རྒྱལ་གཟིགས་ཤུ་ཏེང་། ཞང་སྣ་ནམ་ཁྲི་སྒྲ་རྒྱལ། ཞང་ཚེས་སྤོང་སྟག་བཟང་ཉ་སྟོ། ཞེས་བྱ་བ་སོགས་ཡུམ་རུས་ཀྱི་བློན་པོར་གོ་དགོས་པ་ཤ་སྟག་ཡིན་པ་བཞིན། ཁུ་མང་པོ་རྗེ་ལྷ་ཟུང་དང་། ཁུ་རྒྱ་བརྩན། ཁུ་གཡུ་བརྩན། ཁ་སྟག་ཚབ། ཅེས་བྱ་བ་སོགས་ཀྱང་ཡབ་རྒྱུད་ཀྱི་བློན་པོར་གོ་དགོས་པར་འདུག འོན་ཀྱང་། བརྗོད་མ་ཐག་པའི་ཞིང་འབྲོ་ཁྲི་གཟུ་རམ་ཤགས། ཞེས་བྱ་བ་སོགས་དང་། ཞང་བློན་ནམ་ཞང་བློན་ཆེ་ཕྲའིམ་ཞང་བློན་གཡུའི་ཡི་གེ་པ་ཞེས་འབྱུང་བ་སོགས་ནི་དོན་ཐ་དད་དུ་མཆིས་པའི་མིང་གཉིས་ཏེ། སྔ་མ་ཡུམ་རུས་ཀྱི་བློན་པོ་ཡིན་པ་བརྗོད་ཟིན་པ་དང་། ཕྱི་མ་ཡུམ་རུས་སམ་ཡབ་རྒྱུད་ལ་ལྟོས་པ་མེད་པར་བློན་པོའི་ཚོགས་སྤྱི་ལ་གོ་དགོས་པ་གཤམ་གསལ་ལྟར་ཏེ།
        ཁྲི་སྲོང་ལྡེ་བཙན་གྱིས་ངན་ལམ་སྟག་སྒྲ་ཀླུ་ཁོང་ལ་གནང་བའི་བཀའ་གཙིགས་ཏེ་ཞོལ་རྡོ་རིང་ཕྱི་མའི་ཡི་གེ་ལས་“བློན་སྟག་སྒྲ་ཀླུ་ཁོང་གི་ཕ་ཟླ་གོང་གི་བུ་ཚ་རྒྱུད་འཕེལད་ཀྱི་རྣམས་ཞང་ལོན་ཡི་གེ་པའྀ་ཐང་དང་། དམག་སུམ་རྒྱར་གནང་ངོ་།།”ཞེས་བྱུང་བ་དང་། དེའི་སྲས་ཁྲི་ལྡེ་སྲོང་བཙན་གྱིས་མྱང་ཏིང་ངེ་འཛིན་ལ་གནང་བའི་བཀའ་གཙིགས་ཏེ་དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་སྔ་ཕྱི་གཉིས་ཀྱི་ཡི་གེ་ལས་ཀྱང་། “ཆབ་སྲིད་ཀྱི་བློན་པོ་མན་ཅད། ཞང་བློན་ཆེ་ཕྲ་ཀུན་ཀྱང་མནས་བསྒག་སྟེ། ག ཙིགས་གཡུང་དྲུང་དུ་གནང་ངོ་།”ཞེས་དང་། “བློན་སྣང་བཟང་འདུས་ཀོང་གི་བུ་ཚ་འཕེལ་རྒྱུད་དམངས་ཀྱི་རྣམས་ཀྱང་གཙང་དང་སྟོད་ལས་སོགས་པ་སྒོར་བདེ་བའྀ་རྣམས། །ཞང་ལོན་ཡྀ་གེ་ཅན་གྱྀ་ཐང་དུ་གནང་བ་དང་།”ཞེས་སམ། “ཆབ་སྲིད་ཀྱྀ་བློན་པོ་རྣམས་དང་ཞང་ལོན་ཕྲ་མ་ཐམས་ཅད་ཀྱང་བརྣན་དེ། མནས་བསྒགས་ནས་གཙིགས་བསྣན་བསྐྱེད་དེ་གནང་”ཞེས་འབྱུང་སྟེ། འདིར་ངན་ལམ་ཀླུ་ཁོང་དང་མྱང་ཏིང་ངེ་འཛིན་གཉིས་ཀྱི་སྔ་ཕྱིར་བཙན་པོ་ཡབ་སྲས་ཟུང་ལ་ཞོ་ཤ་ཆེར་ཕུལ་པའི་ལན་དུ་བཙན་པོས་གཙིགས་ཀྱི་བཀའ་གནང་ནས་ཁོང་གཉིས་ཀྱི་དབང་ཐང་གཏན་ཁེལ་བྱས་པ་མ་ཟད། དེ་དག་གི་བུ་ཚ་རྣམས་ལའང་ཞང་བློན་ཡི་གེ་པའི་དབང་ཐང་དམིགས་བསལ་ཅན་བསྩལ་པ་དང་། དེ་དོན་རྗེ་བློན་ཀུན་གྱིས་ཤེས་པར་བྱ་བའམ་བཙན་པོའི་རྒྱུད་ཕྱི་མ་རྣམས་ཀྱིས་ཀྱང་དེ་ལྟར་བསྒྲུབ་ཆེད་ཞང་བློན་ཆེ་ཕྲ་རྣམས་མནས་བསྒགས་པ་ལས། ངན་ལམ་པ་ རོ་པ་གཉིས་ཀྱིས་བཙན་པོར་བྱས་རྗེས་བཞག་པ་ན་ཞང་པོའི་གྲས་སུ་བཙུད་ནས་མ་ཞང་རྣམས་མནས་བསྒགས་པར་གོ་ན་འགྲེལ་མི་འགྲོ་བར་འདུག་སྙམ་པ་དང་གཅིག།
        ཆོས་མི་བསྣུབ་པའི་ཕྱིར་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་རྗེ་བློན་རྣམས་མནས་བསྒགས་ཏེ་བཀའ་གཙིགས་རྣམ་པ་གཉིས་མཛད་པའི་ཡི་གེ་ལས། “བཙན་པོ་ཡབ་དགུང་དུ་གཤེགས་ཀྱི་འོག་ཏུ་ཞང་བློན་ཁ་ཅིག་གིས་ཧར་འདུམས་ཀྱི་བློ་ཞིག་ཕྱུང་སྟེ། ཡབ་མེས་ཀྱི་རིང་ཚུནད་ཆད། སངས་རྒྱས་ཀྱི་ཆོས་མཛད་མཛད་པ་ཡང་གཤིག་གོ་”ཞེས་པ་དང་། “བྲོ་སྩལད་པ་ལ། དབོན་འ་ཞ་རྗེ། ཞུང་བློན་ཆེན་པོ་བཀའ་ལ་གཏོགས་པ་ལ།”ཞེས་བློན་ཆེན་པོ་དགུའི་མཚན་བཀོད་པའི་ཁྲོད་ན་ཡུམ་རུས་ཀྱི་བློན་པོ་བཞི་ལས་མེད་ཅིང་། འདིར་སྔ་མ་ལས་“ཞང་བློན་ཁ་ཅིག་”ཅེས་པ་ནི་རིགས་རུས་ཆོ་འབྲང་ལ་ལྟོས་པ་མེད་པར་དཔོན་གནས་མཐོན་པོ་ཟིན་པའི་བློན་པོ་ནང་བསྟན་ལ་སྡང་བ་ཁ་ཅིག་ལ་ཟེར་བ་ལས་བློན་པོ་ཨ་ཞང་པ་ཁོ་ན་ཡིན་པས་མ་ཁྱབ་པ་དང་། ཕྱི་མ་ལས་“ཞང་རྒྱལ་གཟིགས་ཤུ་ཐེང་”ཞེས་པའི་བློན་ཆེན་པོ་དགུ་བྱུང་བའང་བཀའ་གཏོཊ་ཀྱི་་བློན་ཆེན་དགུ་བོར་ཟེར་བ་ལས་ཡུམ་རུས་ཀྱི་བློན་པོ་འབའ་ཞིག་ཡིན་པའི་ངེས་པ་མེད་པ་འདྲ། རྒྱུ་མཚན་དེའི་དབང་གིས། ཁྲི་ལྡེ་སྲོང་བཙན་གྱི་བཀའ་གཙིགས་ལས་“ཆབ་སྲིད་ཀྱི་བློན་པོ་མན་ཆད་བློན་པོ་ཆེ་ཕྲ་བྲོ་སྩལད་པ་ལ།”ཞེས་པ་ལས། “ཞང་བློན་ཆེ་ཕྲ་”ཞེས་པ་འདྲ་མ་བྱུང་བས་“ཞང་བློན་ཆེ་ཕྲ་”དང་བློན་པོ་ཆེ་ཆུང་ཞེས་པ་གཉིས་ཀྱི་དོན་མཚུངས་པར་སྙམ། དེ་བཞིན་དུ། ཏུན་ཧོང་གི་བོད་ཡིག་གཏེར་ཐོན་མའི་ཤོག་དྲིལ་P.T. 1217ལས་ཀྱང་། “ཞང་ལོན་ཆེན་པོའི་ཁྲོམ་ཆེན་པོའི་འདུན་ས། །ཙོང་ག་རྩིས་སྐྱང་དགུར་ནས་འབྲུག་གི་ལོའི་དཔྱིད་སླ་ར་བའི་ངོ་ལ་”ཞེས་སམ། “ཞང་ལོན་ཆེན་པོ་ཡོ་གལ་འཅོས་པའི་མཆིད་ཀྱིས་བཆད་དེ”ཞེས་པ་དང་། “ཞང་ལོན་ཆེན་པོ་དང་། ཞང་ལོན་ཆེན་པོ་ཡོ་གལ་འཅོས་པ་ཚོགས་པའི་མཆིད་གྱིས། །བཅད་དེ་”ཞེས་བྱུང་བ་རྣམས་ཀྱང་གོང་གསལ་བརྗོད་མ་ཐག་པའི་དོན་དེ་དག་སྙེག་པར་སྙམ་པ་དང་གཉིས།
        སྤྱི་ལོ1980པར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི«སྦ་བཞེད»ལས་ཀྱང་། “ཞང་བློན་ཀུན་རྩེ་བྲོ་ཆག་བྲེལ་བས་མ་དགའ་ནས། ངེད་ཀྱི་བཙན་པོ་འདི་ནི་དད་པ་ཆེ་ལ་ཆོས་ལ་དགའ་”ཞེས་པ་དང་། “རྗེའི་ཞལ་ནས། ཞང་བློན་གྱིས་ཁྱོད་གསད་པར་འོང་གིས། ངས་ཞང་ཉ་བཟང་ལ་ལྐོག་ཏུ་བསྒོས་ཏེ་ཞང་བློན་གྱི་མདུན་གྲྭར་ཁད་ཀྱིས་གསོལ་དུ་གཞུག་གོ་”ཞེས་པ། “ཞང་བློན་ཆེན་པོ་ངན་ལམ་རྟག་ར་ཀླུ་གོང་དང་། ཞང་མ་ཞང་ལ་སོགས་པ་མཆིས་ཏེ།”ཞེས་སམ། “ཆོས་བཤིག་པའི་ཞང་བློན་འགའ་ཞིག་ཀྱང་སྔར་བཤད་པ་ལྟར་གུམ།” ཞེས་པ། “ཞང་བློན་ཆོས་ལ་དགའ་བ་དག་གིས་སྦ་སང་ཤི་སྟོད་ཀྱི་ཕོ་ཉར་གསལ་སྣང་གི་གྲོགས་སུ་བཏང་བར་ཞུས་”ཞེས་པ། “ལྷ་སྲས་ཀྱིས་བཀའ་སྩལ་བ།་ཞང་ཟེར་བ་བདེན། ང་ཡང་དེ་ལྟར་དགོངས་པས། ཞང་བློན་དག་གྲོས་བྱའོ་”ཞེས་དང་། “ཞང་བློན་ཆེན་པོ་དག་གིས་གསོལ་བ། བལ་གྱི་བཎྡྷེ་ཆོས་ལོག་པ་དང་། ངན་སྔགས་ཕྲ་མེན་གྱི་བག་བགྱིད་དམ་མི་བགྱིད། དངོས་ལ་གཏོགས་སུ་བཏང་བར་གསོལ་བ་ལས།”ཞེས་དང་། “བཙན་པོའི་ཞལ་ནས། ……སླད་ནས་ཞང་བློན་དག་ལ་ཆོས་མི་བགྱི་མི་རུང་བར་དལ་བུས་ཐབས་ཀྱིས་བྲིད་དེ་རྔན་པ་བྱིན་ནས་བཏུབ་མ་ཐག་ཏུ་སྤྱན་འདྲེན་བཏང་ངོ་ཞེས་བཀའ་བསྩལ།”ཞེས་དང་། “བོད་དུ་ཡང་བཙན་པོས་ཞང་བློན་དག་ལ་ཐབས་ཀྱི་བཀའ་གྲོས་མཛད་ནས།”ཞེས་དང་། ཞང་“ཞང་བློན་གྱི་བུ་ཚ་མཆིམས་ལེ གས་ལ་སོཌ་པ་ལ་སློབ་དཔོན་གྱིས་རྒྱ་གར་སྐད་བསླབས་པ་ལས།”ཞེས་སམ། “བཙན་པོའི་ཞལ་ནས། སློབ་དཔོན་ངའི་བོད་ལ་དགེ་སློང་མེད་པས་ངའི་ཞང་བློན་དག་ལ་དགེ་སློང་བཏུབ་བམ་”ཞེས་སམ། “བཙན་པོ་ན་རེ། སློབ་དཔོན་གྱིས་ངའི་ཞང་བློན་དད་པ་ཅན་ད་དུང་རབ་ཏུ་ཕྱུང་ཅིག་ཅེས་ཞུས་པས་”ཞེས་པ་དང་། “བཙན་པོའི་ཞལ་ནས། ……ད་བཙུན་མོ་སྲིད་མ་ཟིན་པ་དང་། ཞང་བློན་གྱི་བུ་ཚ་དད་པ་ཅན་ཐམས་ཅད་རབ་ཏུ་འབྱུང་ཅིག་ཅེས་གསུངས་པས། ”ཞེས་དང་། བཙན་པོས་ནི་བཎྡྷེ་གཅིག་ལ་འབངས་ཁྱིམ་བདུན། ཞང་བློན་གྱིས་འབངས་ཁྱིམ་ལྔ་”ཞེས་དང་། “བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་ནི་གསུམ་དུ་མཆིས་ཏེ། ......ཆེ་ལོང་གཅིག་ནི་ཞང་བློན་རྣམས་ལ་དར་བར་བྱས”ཞེས་སམ། ལྷ་ཆོས་མི་བགྱིད་པ་མི་སྣང་བའི་ཕྱིར་དབུས་མཐའ་ཐམས་ཅད་དུ་སློབ་དཔོན་བསྐོས། ཞང་བློན་གྱི་བུ་ཚ་དང་བཙུན་མོ་ཐམས་ཅད་ཀཱ་ལི་རེ་རེ་ཐོགས་ནས་ཆོས་སློབ་དུ་བཅུག་གོ་”ཞེས་བྱུང་བ་བདག་ཀྱང་། དཔོན་གནས་ཆེས་མཐོ་རིམ་པ་དང་འབྲིང་རིམ་པ། དམའ་རིམ་པ་སྟེ་རིགས་རུས་ཆོ་འབྲང་ལ་ལྟོས་པ་མེད་པར་བློན་པོའི་ཚོགས་སྤྱི་ལ་འཇུག་པ་ལས། ཞང་པོ་ཚང་ལས་བྱུང་བའི་བློན་པོ་ཁོ་ནར་འདོད་པ་ཁྱབ་ཆུང་ཐལ་དུ་སོང་སྙམ་པ་དང་གསུམ་མོ།།
        གོང་གསལ་བརྗོད་མ་ཐག་པ་འདི་དག་གི་དབང་གིས་ཏུན་ཧོང་གི་བོད་ཡིག་གཏེར་ཐོན་མའི་ཤོག་དྲིལ་p.T. 1071དང་P.T. 1073སོགས་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་ཡིག་ཐོར་བུའི་ཁྲོད་དུ་“ཞང་ལོན་གཡུའྀ་ཡི་གེ་པ་”ཞེས་དང་། “ཞང་ལོན་གསེར་གྱྀ་ཡྀ་གེ་པ།” “ཞང་ལོན་ཕྲ་མེན་གྱྀ་ཡྀ་གེ་པ།” “ཞང་ལོན་དངུལ་གྱྀ་ཡྀ་གེ་པ།” “ཞང་ལོན་ར་གན་གྱྀ་ཡྀ་གེ་པ།” “ཞང་ལོན་ཟངས་ཀྱྀ་ཡྀ་གེ་པ།” “ཞང་ལོན་དང་དམངས་ཀྱྀ་བྲན་རྐྱ་ལ་གཏོགས་པ།” “ཞང་ལོན་དང་དམངས་ཀྱི་བྲན་རྐྱ་ལ་མ་གཏོགས་པ་”ཞེས་མཐའ་ཀླས་པར་བཀོད་པ་རྣམས་དང་། རྒྱའི་ལོ་རྒྱུས་དེབ་ཐེར་ཐང་ཡིག་གསར་མ་ལས། བོད་ཀྱི“དཔོན་རྟགས་སུ་གཡུའི་ཡི་གེ་ནི་བླ་ན་མཐོ་ཞིང་། གསེར་གྱི་ཡི་གེ་ནི་དེ་ལས་དམན། དེ་ལས་དམན་པ་ནི་ཕྲ་མེན་གྱི་ཡི་གེ དེ་ལས་ཀྱང་དམན་པ་ནི་དངུལ་གྱི་ཡི་གེ་ཐ་མ་ནི་ཟངས་ཀྱི་ཡི་གེ་བྱས་ནས་ཆེ་ཆུང་དབྱེ་བ་དང་། ཡིག་ཚང་དེ་དག་དཔུང་བར་བཏགས་ཏེ་གོ་གནས་ཀྱི་མཐོ་དམན་འབྱེད་”ཅེས་བྱུང་བ་དག་ཀྱང་བློན་པོ་ཡོད་དོ་ཅོག་ལ་གོ་དགོས་པ་གོར་མ་ཆག  གྲལ་རིམ་གྱི་གོ་གནས་གང་དང་གང་ཟིན་པའི་རྒྱལ་འབངས་ཡོད་དོ་ཅོག་ལ་ཐོབ་ཐང་གི་ཡིག་ཚང་ཅི་དང་ཅི་མངའ་བའི་ཐད«མཁས་པའི་དགའ་སྟོན་»ལས་འདི་ལྟར་འབྱུང་གི “ཡིག་ཚང་ནི་རབ་གསེར་གཡུ་གཉིས། འབྲིང་དངུལ་དང་ཕྲ་མེན། ཐ་མ་ཟངས་ཡིག་དང་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་སོ། དེ་ཡང་དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་མོ་གནང་། དགུང་བློན་འབྲིང་བ་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ་། དགུང་བློན་ཐ་ཆུང་དང་ནང་བློན་འབྲིང་བ་དང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་བ་ལ་གསེར་ཡིག་ཆུང་ངུ་། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང་། གཞན་ཡང་ཆོས་གྲྭའི་སློབ་དཔོན། སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་འཚོ་བའི་བོན་པོ། གཟིམས་མལ་བརྩིགས་ཁབ་བྱང་ཐང་གི་མཁན་མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་མཁར་བའི་ཡི་གེ སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག གཡུལ་དུ་དཔའ་བ་ལ་ལྕགས་ཡིག ཡང་ཐ་ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་ནི་འབངས་ཕལ་པ་རྣམས་ལ་གནང་སྐད་”ཅེས་བྱུང་བ་ལ་ནང་འགལ་དང་ཆད་ལྷག་ཅུང་རེ་མཆིས་ཀྱང་བོད་རྒྱ་སོགས་ཀྱི་ལོ་རྒྱུས་ཡིག་ཚང་གཞན་རྣམས་ལས་འདི་ཀོར་གསལ་ཁ་ཐོན་པས་མངོན་པར་བསྟོད་དོ། དེས་ན།“ཞང་མཆིམས་རྒྱལ་གཟིགས་ཤུ་ཏེང”ངམ“ཁུ་མང་པོ་རྗེ་ལྷ་ཟུང”ཞེས་ཡུམ་རུས་དང་ཡབ་རྒྱུད་མཚོན་པའི་བློན་པོ་དག་ཕུད་པའི་“ཞང་བློན”ནམ་“ཞང་ལོན་”ཞེས་པ་རྣམས་སྐབས་དེའི་བློན་པོ་སྤྱི་ལ་གོ་ཞིང་། ཞང་བློན་དེ་དག་གི་འཇོན་ཐང་དང་བཙན་པོར་བཞག་པའི་བྱས་རྗེས་ཀྱི་ཆེ་ཆུང་ལྟར་གང་ལ་གང་འཚམ་དེ་ལ་དེ་འོས་ཀྱི་གོ་གནས་སྤྲད་ནས་ཐོབ་ཐང་མཚོན་བྱེད་ཀྱི་ཡིག་ཚང་རིམ་པ་ལྟར་བྱིན་པར་འདོད་ན། གོང་གསལ་རྣམས་འགྲེལ་ཐུབ་པ་མ་ཟད་དོན་དངོས་དང་ཡང་མཐུན་པར་སྣང་། དེ་ཡང་འདིར་བརྗོད་དགོས་པ་ནི། དགུང་བློན་ཆེན་པོའམ་ཆབ་སྲིད་ཀྱི་བློན་པོ་ཆེན་པོ་དང་ཞང་བློན་ཆེན་པོ་ཞེས་བྱ་བ་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་ངེས་ཤིང་། དཔོན་གནས་དེ་འཛིན་པའི་མི་གྲངས་ཀྱི་མང་ཉུང་ལ་ངེས་གཏན་མེད་དེ་དགོས་པ་སྐབས་ཀྱི་གནས་ཚུལ་ལྟར་མང་ནའང་ཆོག་ལ་ཉུང་ཡང་རུང་བ་འདྲ། དཔེར་ན། P.T.1071ལས་“བློན་ཆེན་པོ་དང་། ནང་བློན་ཆེན་པོ་དང་། བཙན་པོའི་ཞང་དྲུང་ཆབ་སྲིད་ལ་དབང་བ་གཅིག་དང་། བློན་ཆེན་པོའི་འོག་པོན་དྔ་ཞང་བློན་ཆེན་པོ་འདྀ་བཞི”ཞེས་བཞི་ལས་མ་བྱུང་བ་དང་། ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཀྱི་ཡི་གེའི་ནང་བློན་ཆེན་དགུ། དེའི་སྲས་ཁྲི་ལྡེ་སྲོང་བཙན་གྱི་བཀའ་གཙིགས་ཡི་གེའི་ནང་བན་དེ་གཉིས་དང་སྐྱ་བོ་དྲུག་བཅས་བརྒྱད། དེའི་སྲས་ཁྲི་གཙུག་ལྡེ་བཙན་རིང་གི་«དབོན་ཞང་འདུམ་པའི་རྡོ་རིང་»གི་ཡི་གེ་ནང་བན་དེ་གཅིག་དང་སྐྱ་བོ་བརྒྱད་དེ་དགུ་དངོས་སུ་བཀོད་པ་ལྟ་བུས་མཚོན་ཐུབ། འོ་ན། ཅི་བློན་ཆེན་དགུ་ཞེ་ན། “དགུང་བློན་ཆེ་འབྲིང་ཆུང་གསུམ་དང་ནང་བློན་གསུམ་བཀའ་ཡོ་གལ་འཆོས་པ་གསུམ་སྟེ་དགུ་པོ་ལ་བློན་ཆེན་ཆེ་དགུ་”ཞེས་«མཁས་པའི་དགའ་སྟོན་»ལས་འབྱུང་ཞིང་། དཔོན་གནས་དེ་ནི་རྒྱལ་འབངས་ཀྱི་གོང་དང་བཙན་པོའི་འོག་གི་བློན་པོའི་རིམ་པ་བླ་ན་མཐོ་བ་འབའ་ཞིག་གོ །
        ཁ རྒོད་ཀྱི་སྐབས། ལར་བོད་བཙན་པོའི་རྒྱལ་ཁབ་ནི་དམག་དོན་གྱི་རྒྱལ་པོའི་ཁབ་སྟོབས་འབྱོར་དང་ལྡན་པ་ཞིག་སྟེ། གཅིག་གྱུར་ནས་སིལ་བུར་མ་ཤོར་གོང་གི་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ་ཉེ་མཐའི་རྒྱལ་ཁབ་རྣམས་དང་དྲག་པོ་གཡུལ་གྱི་ལས་སྐྱི་གཡའ་བ་མང་པོ་བཀྱེས་ནས་རང་ཉིད་ཀྱི་མངའ་ཐང་རྒྱ་སྐྱེད་པ་ཕོ་ལོ་བཅོ་བརྒྱད་ཇག་དང་མོ་ལོ་བཅོ་བརྒྱད་གནས། ཞེས་པའི་དཔེ་ལྟར། དེ་དུས་ཕོ་སྐྱེས་རྟ་གོང་ཐུབ་པ་རྣམས་དམག་ལ་ཞུགས་པ་དང་། གཡུལ་གྱི་ལས་མངོན་པར་འདུ་བྱེད་པ་ལས་དཔའ་རྟགས་ལེན་པ་ནི་ཀུན་གྱི་འདུན་མ་ཡིན་ཅིང་། ཁྱད་པར་གཡུལ་ངོར་རང་མཚང་མ་བསྟན་པར་རང་སྲོག་བློས་བཏང་བའི་དཔའ་བོ་རྣམས་ཚད་མར་བཟུང་བ་མ་ཟད། དེའི་ཁྱིམ་ཚང་ཉེ་དུ་དང་བཅས་པར་ཀུན་གྱིས་གཙུག་ཏུ་བཀུར་བ་བྱེད་པར་འགྱུར། རྒྱུ་མཚན་དེའི་དབང་གིས་དམག་གི་ལས་ལ་ཞུགས་པ་དང་གཡུལ་དུ་དཔའ་བའི་སྐྱེས་པ་རྣམས་ལ་“བུ་རབ་བམ་ཕོ་རབ་”དང་བུ་“རྒོད་དང་ཕོ་རྒོད་ཅེས་ཀུན་གྱི་ཁ་ན་རྟག་ཏུ་བརྗོད་པའི་ཐ་སྙད་དེ་གཞིར་བཞག་པ་དང་། ཕོ་སྐྱེས་རྣམས་ཀྱིས་བཙན་པོའི་སྲིད་དབང་ལ་བྱས་རྗེས་འཇོག་པར་སྐུལ་ཆེད། རྒྱལ་འབངས་དཀྱུས་མ་བྱིངས་ལས་རྒོད་ཀྱི་སྡེ་སྟེ “འབངས་རབ་ཚན་དམག་གི་ལས་”གཙོ་བོར་གཉེར་བའི་རིམ་པ་ཞིག་ལོགས་སུ་བཀར་ཅིང་། དེ་རྣམས་ལའང་ཐོབ་ཐང་དམིགས་བསལ་ཅན་ཞིག་བྱིན་པ་སྤྱི་ལ་རྒྱ“ལ་འབངས་རྒོད་དོ་འཚལ་”ཅེས་བྱའོ། དེ་ཡང་། ཏུན་ཧོང་གི་བོད་ཡིག་གཏེར་ཐོན་ཤོག་དྲིལP.T.1071སོགས་ཀྱི་ཁྲིམས་ཡིག་ཐོར་བུ་ལས།“གཙང་ཆེན་ངོ་བོ་དང་། ཟངས་ཀྱི་ཡྀ་གེ་པའི་བུ་པོ་སྤྱད་ཕན་ཅད། ཕ་སྤྱན་སྤྲད་ཚུན་ཅད་ཡྀ་གེ་མ་མཆིས་པའི་རྣམས་དང་། མ་ཡར་མོ་དང་བནའ་མ་དང་། ཁྱོ་མོ་དང་༷། བུ་སྲིང་ཁྱོ་མ་མཆིས་པ་དང་། རྒྱལ་འབངས་རྒོད་དོ་འཚལ་དང་། ཞང་ལོན་དང་དམངས་ཀྱི་བྲན་རྐྱ་ལ་གཏོགས་པ་དང་། མངན་གྱི་མངན་ལག་དང་། འདི་རྣམས: ། ཕོ་སྨོས། རི་དྭགས་ལས : ། མདའས་རྡུལ་པ་ལ་སྩོག་སྟེ། ཐོག་པའི་སྟོང་ཐང་མཉམ་མོ།” ཞེས་འབྱུང་བར་བརྟགས་ན། རྒྱལ་འབངས་རྒོད་དོ་འཚལ་ལ་ནང་གསེས་ཀྱི་རིམ་པ་དུ་མ་མཆིས་ཤིང་། དེ་ལས་གཙང་ཆེན་དང་ཞང་བློན་ཟངས་ཀྱི་ཡི་གེ་པའི་བུ་རྣམས་སམ་ཁུ་བོ་རྣམས་ཏེ་ཐོབ་ཐང་གི་ཡིག་ཚང་མེད་པ་དག་དང་། མངན་དཔོན་གྱི་ལག་རོགས་པ། ཞིང་ལོན་དང་དམངས་ཀྱི་རྒྱ་ལ་གཏོགས་པའི་ཕོ་སྐྱེས་རྣམས་དང་བཅས་པ་འདི་ཀུན་པོ་འབངས་རབ་ཚན་རྒོད་ཀྱི་གྲས་སུ་གཏོགས་ཏེ་དམག་གི་ལས་ཀྱང་བགྱིད་སྲིད་ཅིང་། སྲོག་སྟོང་ཡང་རྒོད་དོ་ཅོག་དང་མཉམ་པ་མ་ཟད། འགའ་རེར་གོ་གནས་ཀྱང་མི་དམན་པ་ཙམ་ཡོད་པར་ངེས། དཔེར་ན། ཞང་བློན་ཟངས་ཀྱི་ཡི་གེ་བའི་བུ་དང་ཁུ་བོ་སོགས་ཞང་བློན་གྱི་གྲལ་དུ་མ་ཚུད་པས་ཐོབ་ཐང་གི་ཡིག་ཚང་མེད་ཀྱང་རང་ཁྱིམ་ནས་ཞང་བློན་ཐངས་ཡིག་པ་འདྲ་བྱུང་བའི་དབང་གིས་དེ་རྣམས་རྒྱལ་འབངས་རྒོད་དོ་འཚལ་བྱིངས་ལས་ཁྱུང་མཐོ་བའི་སར་གནས་པ་ག དོན་མི་ཟ་ལ། ཁྱད་པར་གཙང་ཆེན་པ་ནི་འབངས་རང་དབང་ཅན་གྱི་གྲལ་འགོ་ན་ཡོད་ཅིང་། དེའི་གྲས་ཀྱི་མི་ཆེ་མོ་ཞིག་ལ་འཇོན་ཐང་ཅུང་མཆིས་ཏེ་བཙན་པོའི་འཕྲིན་ལས་ལ་བྱས་རྗེས་བཞག་པ་ཙམ་གྱིས་གོ་གནས་འཕར་ཏེ་ཞང་བློན་གྱི་གྲལ་དུ་ཚུད་ནས་ཟངས་ཀྱི་ཡི་གེ་ཆུང་ངུ་ཞིག་འཐོབ་པར་འགྱུར་བའམ་གོར་མ་ཆག གལ་ཏེ་ཞང་བློན་ཡི་གེ་པའི་དབང་ཐང་མ་ལོན་ཀྱང་གཙང་ཆེན་ཟས་ཁྲལ་དང་འུ་ལག་འཇལ་མི་དགོས་ཤིང་། མ་མཐར་དམག་གི་ཚན་ཁག་ཆུང་ཤོས་ཏེ་བཅུ་དཔོན་ལྟ་བུའི་གོ་གནས་བཟུང་ཆོག་པར་འདོད། དམག་ལ་འགྲོ་དགོས་པས་ཁྲལ་དང་འུ་ལག་འཇལ་མི་དགོས། ཤེས་པ་སྨྱོན་དུ་ཐལ།ཞེ་ན། སྐབས་དེར་དམག་ལ་ཞུགས་རྒྱུ་དེ་རྗེ་བློན་འབངས་དང་བཅས་པའི་འོས་འགན་བཤོལ་དུ་མེད་པ་ཞིག་ཡིན་པས་དམག་གི་ལས་བྱེད་པ་ནི་ཁྲལ་དང་འུ་ལག་ལ་བརྗོད་དུ་མེད་དོ། །ཞེས་སྙམ་ན་སྐྱོན་ཆེར་མི་འབྱུང་བར་འདོད། དེ་ཡང་། ཞང་བློན་ཟངས་ཀྱི་ཡི་གེ་པའི་མ་དང་མ་ཡར། མནའ་མ་དང་ཁྱོ་མོ། བུ་མོ་དང་སྲིང་མོ་གཉེན་མ་སྒྲིག་པ་རྣམས་དང་རྒྱལ་འབངས་རྒོད་དོ་འཚལ་གྱི་སྲོག་སྟོང་མཉམ་པས་ཁོངས་གཅིག་ཏུ་བསྡུས་པ་མ་གཏོགས་དེ་རྣམས་ཀྱིས་དམག་གི་ལས་བྱེད་པའི་ངེས་པ་མེད་ལ། ཞང་བློན་གྱི་གྲལ་དུ་ཚུད་ནས་ཐོབ་ཐང་གི་ཡི་གེ་འདྲ་ལོན་པའི་སྐལ་བ་ནི་དེ་བས་ཀྱང་སྟོངས་ཏེ། མོ་བཙུན་བཀའ་ལ་མི་གདགས་པའི་ཕྱིར་རོ།།
        རྒོད་ཀྱི་སྡེ་ཚན་དབྱེ་བ་དེ«མཁས་པའི་དགའ་སྟོན»ལྟར་ན། ཁྲི་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་པ་དྲུག་མཛད་པའི་ཐོག་མར་དབུས་ལ་དབུ་རུ་དང་གཡོ་རུ། གཙང་ལ་གཡས་རུ་དང་རུ་ལག ཡན་ལག་སུམ་པའི་རུ་སྟེ་བོད་ཡུལ་རུ་ཆེན་ལྔར་ཕྱེས་ཞིང་། སུམ་པའི་རུ་ལ་སྟོང་སྡེ་བཅུ་གཅིག་ཡོད་པ་མ་གཏོགས་རུ་ཆེན་གཞན་བཞི་པོར་སྟོང་སྡེ་བཅུ་རེ་མཆིས་པ་དང་། དེ་དག་གི་ཁར་ཞང་ཞུང་གི་སྟོང་སྡེ་བཅུ་བསྣན་པས་ཁྱོན་བསྡོམས་སྟོང་སྡེ་དྲུག་ཅུ་རེ་གཅིག་ཏུ་བཅད། སྟོང་སྡེ་རེ་རེའང་སྟོང་དཔོན་གཅིག་རེ་ཡོད་པས་སྟོང་དཔོན་དྲུག་ཅུ་རེ་གཅིག་མཆིས། སྟོང་དཔོན་རྣམས་ཀྱི་འོག་ན་ལྔ་བརྒྱ་ཆེན་པོ་དང་བརྒྱ་དཔོན་དང་བཅུ་དཔོན་སོགས་གྱི་གོ་གནས་བཙུགས་ཏེ་དབུ་རུ་སྟོད་སྨད་དང་། གཡོ་རུ་སྟོད་སྨད། གཡས་རུ་སྟོད་སྨད། རུ་ལག་སྟོད་སྨད་བཅས་བརྒྱད་དངོས་བསྟན་དང་། ཞང་ཞུང་སྟོད་སྨད་དང་སུམ་པ་སྟོད་སྨད་བཞི་ཤུགས་བསྟན་ཁྱོན་བསྡོམས་བཅུ་གཉིས་མཆིས་པ་རྣམས་ལའང་རུ་དཔོན་གཙོ་ཕལ་གཉིས་གཉིས་ཏེ་ཉི་ཤུ་རྩ་གཉིས་བསྐོས། དེའི་གོང་ན་ཡོད་པ་ནི་ཁྲི་དཔོན་ཏེ་རུ་ཆེན་ལྔ་ལ་སོགས་ཀྱི་དམག་དཔོན་རྣམས་དང་། དེའི་ཡང་གོང་ན་ཡོད་པ་ནི་དམག་གོ་ཅོག་གི་བློན་ཆེན་གཙོ་ཕལ་དག་ཡིན་པར་སྙམ། དེས་ན་དེ་དག་གི་གོ་རིམ་ནི་བཙན་པོ་བླ་ན་མཐོ་བའི་འོག་དམག་གོ་ཅོག་སྟེ་སྤྱི་ཁྱབ་དམག་དཔོན་དང་། དེ་ནས་རིམ་པ་བཞིན་ཁྲི་དཔོན་དང་། རུ་དཔོན། སྟོང་དཔོན། ལྔ་བརྒྱ་ཆེན་པོ། རྒྱ་དཔོན། ལྔ་བཅུ་པ། བཅུ་དཔོན་བཅས་ཡོད་པ་རྣམས་ཀྱི་བརྒྱ་དཔོན་དང་བཅས་རིམ་པ་གོང་མ་དག་གི་འགོ་པ་ཚོ་དམག་དཔོན་ཡིན་ལ་ཞང་བློན་གྱི་ཁོངས་སུ་ཡང་གཏོགས་ཤིང་། ས་གནས་ཀྱི་སྲིད་འཛིན་པའང་ཡིན་ནོ། དེ་རྣམས་ཀྱི་ཐོབ་ཐང་གི་ཡིག་ཚང་ཡང་དམག་གོ་ཅོག་གི་བློན་ཆེན་གཙོ་ཕལ་ལ་གཡུ་ཡིག་ཆེ་ཆུང་དང་། སྐབས་འགར་ཞང་བློན་ཆེན་པོར་དམིགས་བསལ་གྱིས་ཀེ་ཀེ་རུའི་ཡིག་ཚང་སྩལ་བའང་སྣང་། ཁྲི་དཔོན་གཙོ་ཕལ་ལ་གསེར་ཡིག་ཆེ་ཆུང་། རུ་དཔོན་གཙོ་ཕལ་ལ་ཕྲ་མེན་གྱི་ཡི་གེ་ཆེ་ཆུང་། སྟོང་དཔོན་ལ་དངུལ་ཡིག་ཆེ་ཆུང་། ལྔ་བརྒྱ་ཆེན་པོ་གཙོ་ཕལ་ལ་ར་གན་གྱི་ཡི་གེ་ཆེ་ཆུང་། བརྒྱ་དཔོན་ལ་ཟངས་ཡིག་ཆེ་ཆུང་བཅས་མངའ་བར་སྙམ་ན་ཅུང་འགྲིག་པར་འདོད། ལྔ་བཅུ་པའི་དམག་དཔོན་དང་བཅུ་དཔོན་ནི་རྒྱལ་འབངས་རྒོད་དོ་ཅོག་གི་རིམ་པ་མཐོ་ཤོས་གཙང་ཆེན་པའི་དཔོན་གནས་ཡིན་ཞིང་དེ་དག་ཞང་བློན་ཡི་གེ་པའི་གྲལ་དུ་མ་ཚུད་པས་ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་འདྲ་ཡོད་ན་མ་གཏོགས་གོང་གསལ་གྱི་ཡིག་ཚང་ནི་མེད་དོ།།
        གོང་གསལ་བཤད་མ་ཐག་པ་རྒྱལ་འབངས་རྒོད་དོ་ཅོག་དང་འབྲེལ་བའི་དཔོན་གནས་རིམ་པ་ཁག་ནི་དམག་དོན་གྱི་སྒྲིག་གཞི་གཙོ་བོར་བྱས་པའི་དམག་མི་དཔོན་དང་བཅས་པའི་སྐོར་ཡིན་པ་ལས་དཔོན་གནས་གཞན་དང་གཞན་ལ་སོགས་པ་འདིར་མ་འདུས། དཔེར་ན། ནང་བློན་དང་ཕྱི་བློན། སྣམ་ཕྱི་བ། ཞལ་ལྕེ་པ། རྩིས་དཔོན། མངན་དཔོན་ལ་སོགས་པ་ལྟ་བུ་སྟེ། འདི་དག་ཞང་བློན་ཡི་གེ་ཅན་གྱི་ཁོངས་སུ་གཏོགས་ཀྱང་། དེ་རྣམས་ཀྱི་ལས་སུ་བྱ་བ་གཙོ་བོ་ནི་ཁབ་སོ་ནང་བའི་སྲིད་གྲོས་དང་རྒྱལ་ཁབ་གཞན་དང་མཐུན་པར་བྱེད་པའི་ཕྱི་འབྲེལ་གྱི་བློན་པོ། བཙན་པོའི་ཕོ་བྲང་གི་གསོལ་དཔོན། བདེན་རྫུན་འབྱེད་པའི་ཁྲིམས་དཔོན། ཁྲལ་དང་འུ་ལག་སྡུད་པ་པོ་སོགས་ཡིན་པ་དང་། ཐོབ་ཐང་གི་ཡིག་ཚང་ཡང་གང་ལ་གང་འཚམ་རེ་མངའ་བ«མཁས་པའི་དགའ་སྟོན»དང་། «ཏུན་ཧོང་གི་གཏེར་ཡིག» «བཀའ:གཙིགས་ཀྱི་རྡོ་རིང»སོགས་ལ་ཞིབ་མོར་ཞུགས་ན་ཕལ་ཆེར་ཤེས་པར་འགྱུར་རོ། །
        འདིར་ད་དུང་ཅུང་ཙམ་བརྗོད་དུ་མཆིས་པ་ནི་རྒོད་ཀྱི་སྟོང་སྡེ་ཞེས་པ་དེར་གོ་བ་ཇི་ལྟར་ལེན་དགོས་པ་དེ་ཡིན་པས་གཤམ་གསལ་ལྟར་ཏེ། རུ་ཆེན་ལྔར་གཏོགས་པའི་སྟོང་སྡེ་ལྔ་བཅུ་ང་གཅིག་དང་ཞང་ཞུང་གི་སྟོང་སྡེ་བཅུ་དང་བཅས་པའི་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག་ལ་སོགས་ཆེ་ཚན་ནམ། ཡང་ན། བཅུ་ནས་བརྒྱའི་བར་གྱི་ཆུང་ཁག་གང་དང་གང་ཡིན་པ་དེ་དང་དེ་ཀུན་དེང་སང་དར་བའི་དམག་གི་སྡེ་ཚན་པན་དང་། ཕའེ། ལེན།  ཐོན། ཅུན་ཞེས་པ་སོགས་དང་མི་འདྲ་སྟེ། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་“འབངས་རབ་ཚན་དམག་གི་ལས་བྱེད་པ་པོ་”རྣམས་ནི་དུད་ཚང་གི་ཁ་གྲངས་སུ་ངེས། རྒྱུ་མཚན་ནི་དེ་དུས་ཐོན་སྐྱེད་དང་རྦད་དེ་བྲལ་བའི་དམག་གི་དཔུང་ཚོགས་ཡན་གར་བ་ཞིག་ཆེད་དུ་བཙུགས་མེད་དེ། རྒྱལ་འབངས་རྒོད་དོ་འཚལ་གྱི་ཕོ་སྐྱེས་རྟ་གོང་ཐུབ་པ་རྣམས་ཞི་བའི་དུས་སུ་ཐོན་སྐྱེད་གྱི་ལས་ལ་ཞུགས་དགོས་པ་དང་། འཁྲུག་པའི་དུས་ལ་གཡུལ་གྱི་དོ་རར་བསྐྱོད་དགོས་ཤིང་། དམག་གི་ལས་མངོན་པར་འདུ་བྱེད་དང་བྱེད་འགྱུར་དག་གི་སྐབས་ཀྱང་། རང་རྟ་རང་ཞོན་དང་རང་རྒྱགས་རང་སྒྲིག་བྱེད་དགོས་པ་ལས་བཙན་པོའི་ཁབ་སོ་ནས་ཕོགས་འདྲ་ལོགས་སུ་སྟེར་རྒྱུ་མེད། འོན་ཀྱང་། ཕ་རོལ་པོ་ལས་བདོག་པ་ཅི་ཙམ་ཕྲོགས་ནུས་པ་དེ་ཙམ་ལས་ཕྲོགས་པ་པོ་རང་ལ་སྐལ་བ་མི་ཉུང་བ་རེ་འཐོབ་པར་འགྱུར་བ་གཞིར་བཅས་སོ། དེ་ཡང་“འབངས་རབ་ཚན”རྒོད་དོ་ཅོག་ལ་ཐོན་སྐྱེད་ཀྱི་རྒྱུ་ཆས་ཧ་ཅང་འཛོམས་པོ་ཞིག་མེད་ཀྱང་། བཟའ་འཁོར་དང་བཅས་པར་རང་ཁ་རང་གསོ་བྱེད་པའི་ཆ་རྐྱེན་ངེས་ཅན་ཞིག་ལྡན་པ་P.T.1071ལས“་ཞང་བློན་ཆེན་པོ་ངོ་བོ་དང་། ཞིང་ལོན་ཆེན་པོ་སྟོང་མཉམ་བ། ཞིག་ལ:། གཙང་ཆེན་མན་ཅད། དམང་མཐའ་མ་ཡན་ཅད། གཅིག་གིས་:གཅིག:། རྀ་དག་ལ:མདའས་རྡུལ་བས་ལས་སྩོགས་ཕས་ཕོགས་ནའ:གུམ་ཡང་རུང་མ་གུམ་ཡང་རུང་།། བོན་མཆིས་ཏེ་ཆད་ཀར་འཕང་རེ་ཅེས:། གཙང་ཀར་མྱྀ་བཅུ་གཉིས་དང་ཁོ་ན་དང་བཅུ་གསུམ་བྲོ་སྩལད་ཏོ། བྲོ་སྩལ་བ་ལས། དཀར་ཆག་སྣ་ཐོང་མྱི་དང་ཁྲིམས་བགྱྀ་སྤ་གཅིག་གོ། དཀར་གྱིས་ཆང་དང་། ཁོ་ནྀ་སྒོར་རབས་བཅད་དེ། ཁོལ༵་ཡུལ༵་ཀུན་བ༵ང་ཟ༵་ཕྱུ༵གས་ནོར་ཀུན། ཡུས་བདག་དང་འདམ་པོ་ཕྱེད་མར་སྩལ་དོ།   འདམ་པོ་མ་མཆིས་དང་། ཀུན་ཡུས་བདག་སྩལ་དེ་བུ་སྨད་ནི་སྒོར་རབས་ཆད་པའྀ་འོག་ཏུ། ཕ་མཆིས་དང་། ཕ་སྩལད་ཏོ། ཕ་(མ་)མཆིས་དང་ཕུ་ནུ་བོ་གང་འདུར་པ་སྩལད་ཏོ”ཞེས་དང་། “ཞང་ལོན་ར་གན་གྱི་ཡི་གེ་པ་ངོ་བོ་དང་། ར་གན་གྱྀ་ཡྀ་གེ་པ་དང་། སྟོང་མཉམ་པ་ཞིག་ལ:། གཙངས་ཆེན་མན་ཅད་དམངས་མཐའ་མ་ཡན་ཅད། ཞིག་གིས:། རི་དག་ལ:། །སྩོགས་པ་ལ:། མདའས་རྡུལ་པས:། ཕོགས་ པ་དང་། གུམ་ཡང་རུང་མ་གུམ་ཡང་རུང་། ཁོན་མཆིས་ཏེ། ཆེད་ཀར་འཕང་རེ་ཅེས:། གཙང་དཀར་མྱྀ་བཅུ་གཉིས། ཁོ་ན་བདག་དང་བཅུ་གསུམ་བློ་སྩོལདོ། དཀར་ཆག་སྣ་ཐོང་མྱི་དང་ཁྲིམས་གཅིག་གོ:།། དཀར་ཆང་སྟེ་མདའས་ཕོགས་པ་གུམ་དང་། ཁོ་ན་འབྲས་ཤིག་དཀུམ། ཁོལ་ཡུལ་ཀྱྀ་ཕྱེད་དང་། ཕྱུག་ནོར་གྱི་བྱེད་བང་ཟ་ཀུན། ཡུས་བདག་དང་འདམ་པོ་ཕྱེད་མར་དབང་ངོ་། འདམ་པོ་མ་མཆྀས། ཁོལ་ཡུལ་གྱི་ཕྱེད་དང་། ཕྱུག་ནོར་གྱྀ་ཕྱེད་དང་བང་ཟ་ཀུན། ཡུས་བདག་དབངོ:། ཁོལ་ཡུལ་གྱི་ཕྱེད་ཕོ་དང་ཕྱུག་ནོར་གྱི་ཕྱེད་ཕོ:། ནི་བུ་སྨད་སྩལདེ། མལ་ན་དགོད་དོ། བུ་ཕོ་མ་མཆིས་ན་ཕ་སྩལདོ། ཕ་མ་མཆིས་ན། ཁོལ་ཡུལ་གྱི་ཕྱེད:། ཕུ་ནུ་བོ་དྲུང་མཆིས་ཀྱང་མྱྀ་སྩལདོ:། །བུ་མོ་སྨད་དང་ཕྱག་(ཕྱུགས་)ནོར་གྱི་ཕྱེད་ནི། ཕུ་ནུ་བོ་སུ་འདུར་བ་སྩལཏོ་:། ཁོལ་ཡུལ་གྱྀ་ཕྱེད་ཕོ་ནི། མདའ་འཕོང་འཕོང་པ། སུའི་འབངས། སིའི་བྲན་སོ་སོར་བཞེས་འཚོལ:ཞིག། མདའས་འཕོང་འཐོང་བ་མ་གུམ་ན། ཁོལ་ཡུལ་ཧཱུྃ་ཕྱེད་དང་། ཕྱུག་ནོར་གྱི་ཕྱེད། ལ་ཡུས་བདག་དང་འདམ་པོ་གཉིས། ཕྱེད་མར་དབངོ:། འདམ་པོ་མ་མཆིས། ཁོལ་ཡུལ་ཀྱི་ཕྱེད་དང་། བང་ཟ་ཕྱུག་ནོར་ཀུན་ཏུ་ཕྱེད། ཡུས་བདག་དབངོ་། ཁོལ་ཡུལ་དང་། བང་ཟ་ཕྱུག་ནོར། ཕྱེད་པོ་ནི། ཁོ་ན་བདག་སྩལདེ། མལ་ན་མཆིསུ་བས་སོ:།།”ཞེས་བྱ་བ་མང་དུ་འབྱུང་བ་སོགས་ལས་གསལ་བོར་ཤེས་ཐུབ་པར་འགྱུར། འདིར་“དམངས་མཐའ་མ་”ཞེས་བྱ་བ་ནི་“ཞང་ལོན་དང་དམངས་ཀྱི་བྲན་རྐྱ་ལ་གཏོགས་པ”སྟེ་འབངས་རང་དབང་ཅན་རྒོད་ཀྱི་ཡང་མཐའི་རིམ་པ་ཡིན་ཞིང་། དེ་དག་གི་གྲལ་རིམ་གྱི་གོ་གནས་རྒྱལ་འབངས་གཡུང་ངོ་ཅོག་ལས་མཐོ་བ་མ་ཟད། རང་རང་གི་ཡོན་ཏན་ལ་བརྟེན་ནས་བཙན་པོའི་འཕྲིན་ལས་ལ་བྱས་རྗེས་ཅི་ཙམ་འཇོག་ཐུབ་པ་དེ་ཙམ་འབད་པས་ན་ཐོབ་ཐང་གི་རིམ་པ་གོང་ནས་གོང་དུ་འཕར་ཏེ་གྲལ་མཐོན་པོའི་གྲས་སུ་སྙེག་ཆོག་པས་དམངས་མཐའ་མ་ལ་“ཞང་ལོན་དང་དམངས་ཀྱི་བྲན་རྐྱ་ལ་གཏོགས་པ་”ཞེས་ཀྱང་བྱ། དེས་ན། འབངས་རབ་ཚན་རྒོད་ཀྱི་སྡེ་དང་བཅས་པ་རྣམས་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྩ་བའི་དམངས་ཚོགས་ཡིན་པར་འདོད་པ་ལ་སྐྱོན་ཆེར་མི་འབྱུང་བ་འདྲ། དེང་སང་“དམངས་”དང་“འབངས་”ཞེས་པ་གཉིས་ཀྱི་དོན་ཧ་ལམ་མཚུངས་པ་དག་ཡིག་ཚང་མང་པོ་ལས་འབྱུང་ཡང་། ཏུན་ཧོང་གི་བོད་ཡིག་གཏེར་ཐོན་མའི་ཤོག་དྲིལ་P.T.1071དང་བཙན་པོ་རིམ་བྱུང་གི་བཀའ་གཙིགས་རྡོ་རིང་གི་ཡི་གེ་སོགས་ལས་བྱུང་བར་བརྟགས་ན། ཐ་སྙད་དེ་གཉིས་ཀྱི་གོ་དོན་ལ་ཁྱད་ཅུང་ཟད་ཡོད་པར་སྣང་སྟེ། “འབངས་”ཞེས་པ་ལ་གྲལ་རིམ་དང་གོ་གནས་ཀྱི་ལྟོས་པ་མེད་པར་བཙན་པོའི་བཀས་ཅི་ཙམ་ཁྱབ་ནུས་པ་དེ་ཙམ་དུ་འཚོ་ཞིང་གནས་པའི་སྐྱེ་དགུ་ཡོངས་ལ་འཇུག་པ་ལས་གཞན་གཙོ་ཆེར་རྒོད་གཡུང་ཟུང་དང་བཅས་པའི་མི་སེར་ཕལ་མོ་ཆེ་ལ་འཇུག་ཅིང་། “དམངས་”ནི་དེ་ལས་ལྡོག་སྟེ་ཐོབ་ཐང་གི་ཡིག་ཚང་མངའ་འོ་ཅོག་གི་ཞང་བློན་ཁོང་ལྟ་རྣམས་ཕུད་པའི་རྒྱལ་འབངས་རྒོད་དོ་ཅོག་དང་སྟོང་ཐང་མཉམ་པ་ཡན་ཆད་དང་ཞང་བློན་ཡི་གེ་པ་དག་གི་ཉེ་དུ་ཡིག་ཚང་མ་མཆིས་པ་རྣམས་ལ་འཇུག་པ་དང་། གཡུང་ལས་རིམ་པ་གཅིག་གིས་མཐོ་བའི་“ཞང་ལོན་དང་དམངས་ཀྱི་བྲན་རྒྱ་ལ་གཏོགས་པ་”ནི་དམངས་ཀྱིས་རིམ་པ་ཆེས་དམའ་ཤོས་ཡིན་པས། “དམངས་”ཞེས་བྱ་བ་ནི་གྲལ་རིམ་གྱི་ཆ་ཤས་ཏེ་གོ་གནས་ཅུང་མཐོན་བོར་འཇུག་པའི་ཐ་སྙད་ཅིག་ཡིན་པར་སྙམ་པས་དེ་དག་ནི་“རྩ་བའི་དམངས་ཚོགས་”སོ་ཞེས་པའི་རྒྱུ་མཚན་ཡང་འདི་ལ་ཐུག འོན་ཀྱང་ད་དུང་ཀུན་གྱིས་དཔྱད་པར་འཚལ་ལོ།། ཁ་ཅིག་རྒོད་ནི་འབྲོག་པ་དང་གཡུང་ནི་རོང་པར་འདོད་ཀྱང་། ངེད་ཅག་དེ་མི་འཐད་པར་སེམས། འདིར་རྒོད་གཡུང་གཉིས་ནི་གྲལ་རིམ་གྱི་དབྱེ་བ་མཚོན་བྱེད་ཀྱི་ཐ་སྙད་ཙམ་ཡིན་པ་ལས། འབྲོག་པའི་ནང་ན་གཡུང་མེད་པའམ་རོང་པའི་ཁྲོད་ན་རྒོད་མེད་པའི་ངེས་པ་ཡེ་ནས་མེད་ལ། འབྲོག་པ་རྣམས་ཀྱིས་གྲལ་རིམ་གྱི་གོ་གནས་མཐོན་པོ་ཟིན་པ་དང་རོང་པ་རྣམས་དམའ་སར་ལྷུང་སོང་བའི་ངེས་པ་དེ་བས་ཀྱང་མེད་སྙམ། དེ་ཡང་། རུ་རྗེས་མི་ཆོད་པའི་རྒོད་ཀྱི་དུད་ཚང་ལ་ལ་སྟེ་དམག་ལ་ཞུགས་པའམ་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་ཕོ་སྐྱེས་མེད་པ་རྣམས་རོང་སར་བབས་ནས་གཏན་སྡོད་ཀྱི་གཞི་བཟུང་བ་འདྲ་ཡོད་སྲིད་ལ། དགོས་པ་དོན་གྱི་སླད་དུ་གཡུང་གི་ཁྱིམ་ཚང་རོང་པ་ལ་ལ་ཞིག་རུ་བའི་རྗེས་སུ་འགྲོ་དགོས་བྱུང་བས་འབྲོག་ས་བཟུང་བའང་དེ་བཞིན་མཆིས་ཀྱང་། གྲལ་རིམ་གྱི་གོ་གནས་ནི་སྔར་བཞིན་ཡོད་པ་ལས་འགྱུར་ལྡོག་ཆེར་མི་འབྱུང་བ་དང་། རུ་པ་རྣམས་ལ་སྡོད་གནས་ངེས་གཏན་ཞིག་མེད་དེ་སྤྱི་སྒེར་གཉིས་ཀྱི་ཕྱུགས་ཟོག་ལེགས་པོར་སྐྱོང་ཆེད་རྩྭ་ཆུ་གང་འཛོམས་ཀྱི་སར་གནས་སྤོ་བྱེད་དགོས་པ་མ་ཟད། རྟག་ཏུ་རྗེ་བློན་གྱི་བཀའ་ལྟར་བཟའ་འཁོར་ཕྱུགས་ཟོག་དང་བཅས་པ་གཡུལ་གྱི་ལས་མངོན་པར་འདུ་བྱེད་དང་བྱེད་འགྱུར་གྱི་ཉེ་སར་སྐྱོད་དགོས་པས་རོང་པ་ལས་འབྲོག་པའི་ཁྲོད་ན་རྒོད་ཀྱི་དུད་ཚང་མང་བ་ནི་སྨོས་ཅི་དགོས། རྒྱུ་མཚན་དེའི་དབང་གིས་དེང་སང་འབྲོག་པ་ལ་“རུ་པ་”ཞེས་དང་། འབྲོག་སྡེ་ལ་“རུ་སྡེ་”ཞེས་སམ། འབྲོག་པའི་ནང་ལ་འགྲོ་བར་“རུ་ནང་ལ་འགྲོ”ཞེས་རུ་འབྲོག་གཉིས་དོན་གཅིག་ལ་སྦྱར་ནས་གོ་བ་ལེན་གྱི་ཡོད་ཀྱང་། བོད་ཀྱི་བཙན་པོའི་རྒྱལ་རབས་སྐབས་དེ་ལྟར་མ་ཡིན་ཏེ། རུ་ནི་དམག་གི་སྡེ་ཚན་དང་རུ་པ་ནི་དམག་མི་དང་རུ་དར་ནི་དམག་དར་ཡིན་ཞིང་། འབྲོག་ནི་གྲོང་ངམ་གྲོང་ཁྱེར་དང་ཁ་ཐག་ཅུང་རིང་བའི་ས་ཆ་དང་། འབྲོག་པ་ནི་ས་དེ་དག་ན་ཕྱུགས་ལས་ཐོན་སྐྱེད་བྱེད་པའི་གང་ཟག་ཕལ་མོ་ཆེ་ཡིན་པ་ཀུན་ཀྱི་ཐུགས་དགོངས་སུ་གསལ་བ་ལྟར་རོ། གཞན་ཡང་བཀའ་གྲོས་ཆེན་པོ་དྲུག་ཅེས་པ་ལས། “རྒོད་ཀྱི་གཉའ་མནན་ཞིང་ཡང་ཁེང་གི་རྒྱབ་རྟེན། ཁེང་རྒོད་དུ་མི་བཏང་ཞིང་མོ་བཙུན་བཀའ་ལ་མི་གདགས།”ཞེས་བྱུང་བ་ནི། འབངས་རབ་ཚན་གྱི་གཉའ་མནན་ཅིང་བྲན་གཡོག་གི་རྒྱབ་བརྟེན། གཡོག་པོ་དམག་ལ་མི་གཏོང་། ཞེས་པའི་དོན་མ་ཡིན་ཏེ། བཙན་པོའི་གཉའ་མནན་ཅིང་གཉོམ་ཆུང་གི་རྒྱབ་རྟེན་བྱས། མི་བཟང་པོ་ངན་པར་འགྲོར་མི་འཇུག་ཅེས་པའི་དོན་དང་བྱུང་བའི་རྒོད་དང་ཁེང་སོགས་དྲག་ཞན་ནམ་བཟང་ངན་སོགས་ཀྱི་དོན་ཡིན་པར་གོ་དགོས་ཤིང་། དེ་ལྟར་འགྲེལ་བྱས་ན་དོན་དང་ཡང་མཐུན་པར་སེམས། གང་ལྟར་ཡང་། གྲལ་རིམ་གྱི་གོ་གནས་དམའ་བ་ལས་ཀྱང་དམའ་བ་རྣམས་ཀྱི་རྒྱབ་རྟེན་དང་འབངས་རབ་ཚན་རྣམས་ཀྱི་མགོ་གནོན་བྱེད་པའི་དགོས་པ་མེད་ལ། བོད་བཙན་པོས་རང་གི་མངའ་ཁོངས་རྒྱ་སྐྱེད་ཕྱིར་ཕྱོགས་སོ་སོར་དམག་འཁྲུག་མང་པོ་བསླངས་ཏེ་དམག་མིས་མ་འདང་ན་གཡུང་ངམ་ཁེང་ལ་དམག་གི་ལས་བྱེད་དུ་མི་འཇུག་པའི་ངེས་པའང་མེད་དོ། །
        ག གཡུང་གི་སྐབས། འདིར«མཁས་པའི་དགའ་སྟོན»ལས། “གཡུང་གི་མི་སྡེ་འབྱེད་པ་ནི་གཡུང་ངམ་ཁེང་ཞེས་པ་འབངས་ལས་བྱེད་ཀྱི་མིང་ཡིན་ལ་ཡང་ཁེང་ཞེས་པ་ཡང་བྲན་དང་ཉིང་གཡོག་གི་མིང་ཡིན་ནོ། དེ་ལ་ཡང་སྣུབས་རྗེ་སྲིས་པ་ལ་སོགས་རྗེ་དགུ། ལོ་ངམ་རྟ་རྫི་སོགས་རྗེ་བདུན། ག་རོད་(རོང་)སྒ་མཁན་སོགས་མཁན་དྲུག རྒྱ་ཇ་ཚོང་བ་ལ་སོགས་ཚོང་བ་ལྔ། གདགས་སྤྲ་འཛིན་སོགས་འཛིན་གསུམ་སྟེ་འདི་རྣམས་ཁེང་དང་ཡང་ཁེང་དང་ཉིང་ཁེང་དུ་ཕྱེ་བས་དགོས་པ་ཐམས་ཅད་སྒྲུབ་”ཅེས་འབྱུང་བ་ལ་བརྟག་རྒྱུ་ཡོད་པས་གཤམ་ནས་དེ་དཔྱད་པ་ལ་འཇུག་གོ །
        འདིར་གཡུང་དང་ཁེང་ཞེས་པ་དོན་གཅིག་མིང་གི་རྣམ་གྲངས་སུ་ངེས་ཏེ། གཡུང་གི་མི་སྡེ་ནི་སྐབས་དེ་དུས་ཀྱི་རྒྱལ་འབངས་ཕལ་མོ་ཅོག་གི་རིམ་པ་དམའ་ཤོས་ཡིན་པ་མཁས་པའི་ངག་སྒྲོས་སམ་ལོ་རྒྱུས་ཡིག་ཚང་གཞན་སོགས་ལས་ཀྱང་འབྱུང་བས་རིམ་བྱོན་མཁས་དབང་རྣམ་པའི་དགོངས་བཞེད་མཐུན་པར་འདུག གཡུང་ངོ་འཚལ་གྱི་ལས་སུ་བྱ་བ་ཅི་ཡིན་པ་«མཁས་པའི་དགའ་སྟོན་»དུ་“འབངས་ལས་”ཞེས་གསལ་ཁ་ཆེར་མ་ཐོན་པར་ཟུར་ཙམ་ལས་བསྟན་མེད་ཀྱང་། འབངས་གཞན་དང་གཞན་ལས་ལྕི་ཞིང་དཀའ་བའི་ལས་བསྒྲུབ་དགོས་བ་གོར་མ་ཆག་ཅིང་། ལས་དང་བྱ་བ་ཅི་སྒྲུབ་ཀྱང་ལྟོ་འགྲང་ཚོད་ཀྱི་ཟས་སམ་རྒྱབ་ཁེབ་ཚོད་ཀྱི་གོས་ངན་ངོན་ཙམ་འཐོབ་པའི་ཁར་གླ་ཕོགས་ཕྲན་བུ་རེ་ལོན་ན་མངོན་པར་བསྟོད་དུ་འོས་པ་མ་གཏོགས། རྒྱལ་འབངས་རྒོད་དོ་འཚལ་དང་འདྲ་བར་ཐོན་སྐྱེད་ཀྱི་རྒྱུ་ཆས་ཏེ་ཁོལ་ཡུལ་ལམ་ཕྱུགས་ནོར་རམ་བང་ཟ་རང་དབང་མ་སོགས་གཡུང་ངོ་འཚལ་ལ་མཚོན་ན་རི་བོང་གི་རྭའོ།། དཔེར་ན། ཏུན་ཧོང་གི་བོད་ཡིག་གཏེར་ཐོན་མའི་ཤོག་དྲིལ་P.T.1071སོགས་ལས་འབྱུང་བའི་ཁྲིམས་ཡིག་ཐོར་བུ་ན་སྲོག་སྟོང་གི་སྐོར་གསལ་པོར་བཀོད་་ཡོད་པའི་ཁྲོད། ཞང་ལོན་ཆེན་པོ་བཞི་ནས་དམངས་མཐའ་མ་སྟེ་རྒོད་ཀྱི་རིམ་པའི་ཡང་མཐའ“ཞང་ལོན་དང་དམངས་ཀྱི་བྲན་རྐྱ་ལ་གཏོ གས་པ།”ཡི་བར་དུ་སྲོག་སྟོང་ཇི་ལྟར་འཇལ་དགོས་པའི་སྐོར་བཤད་སྐབས།  རིམ་པ་མཐོན་པོས་དམའ་བ་བསད་པའམ་རྨས་པ་དང་། ཡང་ན་རིམ་པ་མཉམ་པས་མཉམ་པ་བསད་པའམ་རྨས་ན་སྟོང་དུ་དངུལ་འཇལ་དགོས་ཤིང་། དམའ་བས་མཐོན་པོ་བསད་ན་སྲོག་ཚབ་ལ་སྲོག་འཇལ་དགོས་པ་མ་ཟད་ཁོལ་ཡུལ་དང་ཕྱུགས་ནོར་དང་བང་ཟ་ཀུན་ཀྱང་སྟོང་དུ་དགོས། རྨས་ན་ཡང་རིམ་པའི་མཐོ་དམན་གྱི་ཁྱད་ཆེ་ཆུང་ལ་ལྟོས་ནས་ལ་ལ་གསོད་པར་འགྱུར་ཞིང་ཁོལ་ཡུལ་སོགས་ཀྱང་སྟོང་དུ་འཇལ་དགོས་པ་དང་། ལ་ལ་ཞིག་གིས་ཁོལ་ཡུལ་དང་ཕྱུགས་ནོར་སོགས་ཀྱི་ཕྱེད་སྟོང་དུ་འཇལ་དགོས། སྟོང་མཉམ་པས་མཉམ་པ་བསད་པའམ་རྨས་ན་དངུལ་འཇལ་བས་ཆོག དེ་ཡང་དམངས་མཐའ་མ་མན་ཆད་གཡུང་ངོ་ཅོག་གི་མི་ཞིག་གིས་རིམ་པ་གོང་མ་སྟེ་ཁྱད་པར་ཞང་ལོན་ཡི་གེ་པ་ཞིག་བསད་པའམ་རྨས་ན་སྟོང་ཅི་འཇལ་དགོས་པ་མི་གསལ་ཀྱང་། གཡུང་གི་གྲལ་རིམ་གྱི་གོ་གནས་དང་དཔལ་འབྱོར་གྱི་གནས་ཚུལ་སོགས་ཀུན་ནས་ལྟོས་རུང་ལྔ་པའི་ལམ་ལས་འགྲོ་ས་མེད་པར་འདུག རྒྱུ་མཚན་ནི། དེ་དག་ལ་ཐོན་སྐྱེད་རྒྱུ་ཆས་ཀྱི་དྲི་མ་ཙམ་ཡང་མི་བྲོ། སྟོང་དུ་འཇལ་དགོས་པའི་དངུལ་སྲང་གི་གྲངས་ནི་ལོངས་པའི་དཔེ་མེད་པའི་ཕྱིར་རོ། འོན་ཀྱང་། རྒྱལ་འབངས་འཇགས་སུ་འཇུག་པ་དང་ངལ་རྩོལ་གྱི་ཤུགས་སྲུང་སྐྱོབ་བྱེད་པ། རྗེ་བློན་དང་འབངས་མི་དྲེགས་པས་ཁེངས་པ་རྣམས་ཀྱི་ཚུལ་མིན་གཏུམ་སྤྱོད་ལ་ཚོད་འཛིན་ཡོད་པར་བྱེད་པ་སོགས་ཀྱི་ཆེད། ཁྲིམས་ཡིག་ཐོར་བུ་ན་“:རྒྱལ་འབངས་གཡུང་ངོ་འཚལད། ཞང་ལོན་ཆེན་པོ་མན་ཅད། ཀྱིས།”རི་དགས་ལ་སྩོགས་པ་ལ། མདའ ས་རྡུལ་དེ། ཕོག་སྟེ། གུམ་པ་དང་:། མ་གུམ་པའི་ཁྲིམས་ལ་གྱི::། ། རྒྱལ་འབངས་གཡུང་ངོ་འཚལ་དང་ཞང་ལོན ་དང་དམངས་ཀྱི་བྲན་རྐྱ་ལ་མ་གཏོགས་པ་དང་ལྷོ་བལ་:གྱྀ་བཙོན་ཡན་ཅད་ཞིག་ལ:ཞང་ལོན་ཟངས་ཀྱྀ་ཡི་:གེ་:པ་:ཡན་ཆད་དང་སྟོང་མཉམ་པ་གཅིག་གིས། རི་དགས་ལས་སྩོགས་པ་ལ། །མདའ:རྡུལ་:བས་ཐོག་……སྟེ་མདའས་ཕོག་པ་གུམ་:ན་ཉྀ་:སྟོང་དུ་སྲང་ཉིས་བརྒྱའ་ཕབ་སྟེ:། ཡུས་བདག་དང་འདམ་པོ:ཕྱེད་མར་དབང་ངོ་། འདམ:་པོ་:མ:་མཆིས་ན་སྲང་ཉིས་བརྒྱ་ཀུན་:ཡུས་བདག་དབང་ངོ་། མདའས་ཕོག་པ་:མ་གུམ་ན་གསོན་:སྟོང་སྲང་བརྒྱ་ཕབ་ཏེ་ཡུས་བདག་དང་འདམ་པོ་གཉིས་ཕྱེད་མར་དབང་ངོ་། འདམ་པོ་“མ་:མ་:མཙིས་:ན་སྲང་བརྒྱ་ཀུན་:ཡུས་:བདག་:དབང་ངོ་། གུམ་པའི་སྟོང་ཡང་རུང་། གསོན་པའི་གསོན་:སྟོང་ཀྱང་རུང་སྟོང་འཇལ་བ་ལ། ཞང་ལོན་ཀྱང་རུང་། སྲང་ཆིག་:མ་ཁོར་ན་དགུམ་མོ།”ཞེས་ཞང་བློན་ཡི་གེ་པ་ཆེ་གེ་མོ་ཞིག་གིས་འབངས་གཡུང་ཞིག་བསད་པའི་ཤི་སྟོང་ལ་དངུལ་སྲང་ཉིས་བརྒྱ་དང་རྨས་པའི་གསོན་སྟོང་ལ་སྲང་བརྒྱ་འཇལ་དགོས་པ་གསལ་པོར་ཐག་བཅད་ཡོད་པ་མ་ཟད། ཤི་གསོན་གྱི་སྟོང་ཅི་འཇལ་དགོས་བྱུང་རུང་དངུལ་སྲང་གཅིག་ཆད་ན་:ཞང་ལོན་ཀྱང་རུང་། དགུམ་མོ་:ཞེས་ཆེད་དུ་བཀོད། དེ་བཞིན་དུ་རྒྱལ་འབངས་གཡུང་ངོ་འཚལ་དང་སྟོང་ཐང་མཉམ་པ་ཞིག་ལ། “གཙང་ཆེན་མན་ཅད་རྒོད་དོ་:ཆོག་དང་སྟོང་མཉམ་པ་ཞིག་:གིས། རི་དགས་:ལ་སྩོགས་པ་ལ:། མདའ་རྡུལ་:བས་ཕོག་: དང་: ......མདའས་ཕོག་པ་ནི་:གུམ་:དང་། མྱྀ་སྟོང་དུ་སྲང་བརྒྱ་ཕབ་ཏེ། ཡུས་བདག་དང་འདམ་:པོ་ཕྱེད་:མར་དབང་ངོ་། །འདམ་:པོ་:མ་: མཅིས་ན་སྲང་བརྒྱ་ཀུན་: ཡུས་བདག་:དབངོ་། །མདའས་ཕོག་:པ་:མ་གུམ། ན་རྨ་:ཟན་:དུ་སྲང་:ཉི:ཤུ་:ཕབ་:ཏེ་:ཡུས་: བདག་:དང་:འདམ་:པོ་: ཕྱེད་མར་དབངོ་། འདམ་:པོ་:མ་:མཆིས། ན། སྲང་ཉི་:ཤུ་:ཀུན་ཡུས་བདག་:དབང་ངོ་། གུམ་པའི་:སྟོང་ཡང་རུང་། མ་:གུམ་: བའི་:རྨ་:་ཟན་ཀྱང་རུང་སྲང་གྲངས་འཚལ་བ་:སྲང་གཆིག་:མ་ཁོར་:ན་སུ་:ཡང་རུང་དགུམོ”ཞེས་རྒོད་ཀྱིས་གཡུང་བསད་པའམ་རྨསན་ཞང་བློན་ཡི་གེ་པ་ལས་དམའ་བའི་སྟོང་འཇལ་དགོས་པར་ཐག་བཅད། ཁོལ་ཡུལ་སོགས་ཀྱི་ཕྱེད་སྟོང་དུ་འཇལ་མི་དགོས་པ་ནི་གཡུང་ལ་དེ་མི་འབབ་པའི་ཕྱིར་ཏོ།།“རྒོད་ཀྱི་གཉའ་མནན་ཞིང་ཁེང་གི་རྒྱབ་བརྟེན།”ཞེས་པ་དེ་ཧ་ལམ་གོང་གི་དོན་འདི་དག་ལ་སྙེག་པ་འདྲ། གང་ལྟར་ཀྱང་བཙན་པོས་གཉོམ་ཆུང་རྣམས་འཛེམ་མེད་དུ་གསོད་མི་ཆོག་པ་ནི་ཝལ་ལེར་གསལ། གྲལ་རིམ་མཐོན་པོས་དམའ་མོ་བསད་ན་གོང་གསལ་ལགས། དམའ་མོས་དམའ་མོ་བསད་ནའང་“རྒྱལ་འབངས་:གཡུང་ངོ་འཚལ་དང་ཞང་ལོན་་དང་དམངས་”གྱི་བྲན་རྐྱ་:ལ་:མ་གཏོགས་པ་གཡུང་དང་ལྷོ་བལ་གྱི་བཙོན་མན་ཅད་འདི་རྣམས། རྀ་དགས:ལ་:མདའ་རྡུལ་:བས་ཕོག་པ་:ལ།།སྟོང་། མཉམོ། སྟོང་མཉམ་པ་འདི་རྣམས། ནང་རི་དགས་མདའ་རྡུལ་:བར་ལས། སྩོགས་:པས། ཕོག་དང་། ……མདའས་:ཕོག་:པ་:ཎྀ: གུམ་:དང་མྱི་སྟོང་དུ་སྲང་ལྔ་བཅུ། ཕབ་:ཏེ། ཡུས་བདག་:དང་འདམ་པོ:། ཕྱེད་:མར་དུ་:དབངོ་། འདམ་:པོ་:མ་:མཆིས་:ན་སྲང་ལྔ་བཅུ་ཀུན་:ཡུས་:བདག་:དབང་ངོ་།། མདའས་:ཕོག་:མ་:གུམ་: དང་རྨ་:ཟན་དུ་:སྲང་བཅུ་:ཕབ་ཏེ་:ཡུས་བདག་འདམ་:པོ་:ཕྱེད་:མར་:དུ་:དབང་ངོ་། འདམ་པོ་:མ་མཆིས་ཏང་སྲང་བཅུ་:ཀུན་:ཡུས། བདག་:དབང་ངོ་། གུམ་:བའྀ་སྟོང་“ཡང་རུང་མ་གུམ་:བའི་:རྨ་:ཟན་ཀྱང་རུང་། སྲང་གཆྀག་མ་ཁོར་ན་དགུམོ།”ཞེས་རྒྱལ་འབངས་གཡུང་ངོ་འཚལ་གྱི་ནང་གཅིག་གིས་གཅིག་བསད་པའམ་རྨས་ན། ཤི་སྟོང་དངུལ་སྲང་ལྔ་བཅུ་དང་གསོན་སྟོང་སྲང་བཅུ་སྟེ་རྨ་རིན་ནམ་སྨན་རིན་ཙམ་ལས་འཇལ་མི་དགོས་མོད། གཡུང་ལ་མཚོན་ན་དངུལ་གྱི་སྲང་གྲངས་ཉུང་ཤོས་དེ་ལྟ་བུའང་ལོན་པར་ཆེས་དཀའ་བ་སྨོས་ཅི་དགོས། གོང་གསལ་འདི་དག་ནི་ཁྲིམས་ཡིག་ཐོར་བུ་ལས་ཁག་གཅིག་སྟེ་རྒྱལ་འབངས་གཡང་གི་སྐོར་འབའ་ཞིག་ཡིན་ཅིང་། འདིར་བརྟག་ན་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་གཡུང་སྟེ་བྲན་རྣམས་རང་ལུས་རང་ལ་མི་དབང་བར་བྱང་རྗེ་བློན་དག་གིས་བཀོལ་སྤྱོད་གསོད་རྡུང་བྱེད་པའི་དུད་འགྲོ། སྨྲ་ཤེས་དོན་གོ་བ་ཙམ་མ་ཡིན་པ་ངོ་མཚར་ཆེ་ལ། དེ་དག་གི་སྲོག་སྟོང་ལ་ཞང་བློན་ཡི་གེ་པ་རྣམས་ཀྱིས་དངུལ་སྲང་བརྒྱ་ཕྲག་གཅིག་གཉིས་ཙམ་ལས་འཇལ་མི་དགོས་ཀྱང་། ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་ཡར་སྔོན་དུ་བྱུང་ཞིང་བཤུ་གཞོག་དབང་སྒྱུར་གྲལ་རིམ་པའི་འདུན་མ་མཚོན་པའི་ཁྲིམས་ཡིག་ཏུ་གཡུང་ངོ་འཚལ་དང་ལྷོ་བལ་གྱི་བཙོན་པ་རྣམས་ལ་སྟོང་འཇལ་དགོས་པ་བྱུང་ན། “ཞང་ལོན་ཀྱང་རུང་། སྲང་ཆྀག་མ་ཁོར་ན་དགུམོ།”ཞེས་དངོས་སུ་བཀོད་པ་ནི་དེ་བས་ཀྱང་ངོ་མཚར་རོ། །གོང་གསལ་ཁྲིམས་ཡིག་འདི་ཀོ་ནི་བོད་བཙན་པོའི་ཁྲིམས་ཡིག་ཆེན་མོ་སྤྱིའི་བྱེ་བྲག་ལས་ཀྱང་བྱེ་བྲག་པ་སྟེ་རི་དྭགས་རྔོན་པའི་དུས་ཕན་ཚུན་གཅིག་གིས་གཅིག་ལ་མདའ་འཁྱོར་ཕོག་པར་བྱས་པ་ལས་ཤི་རྨས་བྱུང་ན་སྟོང་ཇི་ལྟར་འཇལ་དགོས་པའི་དུམ་བུ་ཉུང་ཙམ་ཞིག་གོ། ཁྲིམས་ཡིག་འདི་དང་འདི་འདྲ་བ་གཞན་དང་གཞན་མང་པོ་ད་དུང་གངས་ལྗོངས་འཛིན་མའི་ཕང་པ་ག་གེ་མོ་ཞིག་ན་བག་ལ་ཉལ་ཡོད་པ་གདོན་མི་ཟ། འོ་སྐོལ་གྱི་ལོ་རྒྱུས་སྟེང་དར་ཅིག་ལ་སྟོབས་འབྱོར་མངའ་ཐང་ཀུན་ནས་རྒྱས་པའི་རྒྱལ་ཁབ་སྟེ། བོད་བཙན་པོ་ཞེས་གྲགས་པའི་སྙན་པ་མཁའ་ལ་ལྡིར་བའང་ཕྲ་ཞིང་ཞིབ་པ་དང་ཟབ་ཅིང་རྒྱས་པ། བཙན་ཞིང་གཉན་པའི་ཁྲིམས་ལུགས་དེ་དག་གི་མཐུན་རྐྱེན་ལས་བྱུང་བ་མ་ཡིན་ནམ། ཞེས་སྙམ་དུ་བསམས་ན་སྐྱོན་ཆེར་མི་འབྱུང་བར་འདོད་དོ།“ལྷོ་བལ་གྱི་བཙོན་”ཞེས་པ་ནི་རྒྱལ་འབངས་གཡུང་ངོ་འཚལ་ལའང་ནང་གསེས་ཀྱི་ཁག་དུ་མ་མཆིས་པའི་ནང་ཆེས་དམའ་བའི་རིམ་པ་ཞིག་ཡིན་ཞིང་། དེ་དག་ནི་བོད་བཙན་པོའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཞན་དང་གཞན་ལ་འཁྲུག་པའི་གཡུལ་མང་པོ་བཀྱེས་པ་ལས་མངའ་འོག་ཏུ་བཅུག་པའི་ཁོལ་པོ་རིག་གནས་སམ་ལག་རྩལ་སོགས་ཀྱིས་ཀུན་ནས་དབུལ་བ་རྣམས་དང་། བོད་རང་གི་འབངས་ལས་ཁྲིམས་དང་འགལ་བ་གསོད་ཁྲིམས་ལ་སྦྱོར་མ་དགོས་པ་དག་ཡིན་པའི་སྐོར་བདག་གི་སུག་བྲིས་ཤིག་«ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་»གྱ་ལྔ་ལོའི་དེབ་དང་པོ་དང་། «སྦྲང་ཆར་»གྱ་ལྔ་ལོའི་དེབ་གཉིས་པ་དག་ཏུ་བཀོད་ཡོད་པར་གཟིགས་པར་གསོལ་ཏེ་མང་དོགས་པས་མ་སྤྲོས། སྲོག་སྟོང་གི་སྐོར་«ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་»ལས། “རྒྱལ་འབངས་གཡུངོ་འཚལད། དང་ཞང་ལོན་དང་དམངས་ཀྱི་བྲན་རྐྱ་ལ་གཏོགས་པ་དང་། ལྷོ་བལ་གྱི་བཙོན་ཡན་ཅད་”ཅེས་བྱུང་བ། ཁྱེད་ཀྱིས་“ཞང་ལོན་དང་དམངས་ཀྱི་བྲན་རྐྱ་ལ་མ་གཏོགས་པ་”ཞེས་དགག་སྒྲ་སྦྱར་བ་མ་ལེགས་སོ་ཞེས་སྙམ་ན། འདི་ལྟར། ཁྲིམས་ཡིག་གཏེར་ཐོན་མ་དངོས་ཏེ་P.T.1071ན“ཞང་ལོན་དང་དམངས་ཀྱི་བྲན་རྐྱ་ལ་གཏོཊ་པ་”དང་P.T.1072ན“ཞང་ལོན་དང་དམངས་ཀྱི་བྲན་རྐྱ་ལ་མ་གཏོཊ་པ་”ཞེས་དགག་སྒྲ་ཡོད་མེད་ཀྱི་ཁྲིམས་ཡིག་ཁག་མཆིས་ཏེ། «ཤོག་དྲིལ»དུ་བཀོད་པ་ནི་སྔ་མ་དང་ཁོ་བོས་ནི་ཕྱི་མ་འགྲིག་པར་སྙམ་ནས་དེ་བཀོད་པ་ཡིན། རྒྱུ་མཚན་ནི། རྒོད་ཀྱི་སྐབས་ཀྱང་“ཞང་ལོན་དང་དམངས་ཀྱི་བྲན་རྐྱ་ལ་གཏོགས་པ་”ཞེས་བྱུང་བས་རྒོད་གཡུང་གཉིས་འདྲ་བའི་ཚུལ་དུ་མི་འགྲོ་ལ། གཡུང་གི་སྐབས་ཁྲིམས་ཡིག་དགག་སྒྲ་ཡོད་མེད་གཉིས་བྲི་བར་བྱ་དགོས་པའང་མེད་ཅིང་། སྔ་མ་ནི་ཐོག་མའི་ཟིན་ཐོ་དང་ཕྱི་མ་ནི་གཏན་ལ་ཕབ་པ་དངོས་ཡིན་པར་སྙམ་པའི་ཕྱིར་དེ་ལྟར་བྲིས་པ་ཡིན།
        དེ་ཡང་«མཁས་པའི་དགའ་སྟོན་»ལས།“དེ་ལ་ཡང་སྣུབས་རྗེ་སྲིས་པ་ལ་སོགས་རྗེ་དགུ། ལོ་ངམ་རྟ་རྫི་སོགས་རྫི་བདུན། ག་རོད་(རོང་)སྒ་མཁན་སོགས་ཁན་དྲུག རྒྱ་ཇ་ཚོང་བ་སོགས་ཚོང་པ་ལྔ། གདགས་སྤྲ་འཛིན་སོགས་འཛིན་གསུམ་སྟེ་འདི་རྣམས་ཁེང་དང་ཡང་ཁེང་དང་ཉིང་ཁེང་དུ་ཕྱེ་བས་དགོས་པ་ཐམས་ཅད་སྒྲུབ།”ཅེས་གནུབས་རྗེ་སོགས་གྲལ་རིམ་གྱི་གོ་གནས་ཅུང་་མཐོན་པོ་དག་གཡུང་གི་ཁོངས་སུ་བཅད་པ་ཡ་མཚན་གྱི་གནས་སུ་གྱུར། འདིར་གནུབས་དང་ལོ་ངམ་ཞེས་པའི་རྒྱལ་ཕྲན་ནམ་ཚོ་བ་གཉི་ལ་བོད་གཅིག་ཏུ་མ་གྱུར་གོང་ཡུལ་གྱི་བདག་པོ་དབང་ཤེད་ཅན་རྣམས་ཀྱི་ཡ་གྱལ་ཡིན་པ་«ཏུན་ཧོང་གཏེར་ཡིག་གི་རྒྱལ་ཕྲན་རིམ་བྱུང་»གི་སྐོར་ལས། “ཡུལ་གནུབས་ཀྱི་གླིང་དགུའ་ན་རྗེ་གནུབས་རྗེ་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས།”ཞེས་དང་“ཡུལ་མྱང་རོའི་ཤམ་པོ་ན། རྗེ་ལོང་མ་(ལོ་ངམ་)གྱི་བྲོམ་ཚ། བློན་པོ་མྱ་དང་བྲེ་གཉིས། །”ཞེས་འབྱུང་སྟེ། ཕྱི་མ་ལོ་ངམ་རྟ་རྫི་ཞེས་བྱ་བས་གྲི་གུམ་བཙན་པོ་བཀྲོངས་སྟབས་སྤུ་དེ་གུང་རྒྱལ་གྱིས་ཡབ་ཀྱི་དགྲ་ཤ་རྩད་ནས་ལོ་ངམ་པ་ཚར་བཅད་པ་ཡིག་ཚང་ཁུངས་ཐུབ་མང་པོར་འབྱུང་། ལོ་ངམ་པའི་འགོ་གཙོ་རྣམས་ཚར་བཅད་ཅིང་འཕྲོ་ལུས་དཀྱུས་མ་འགའ་རྗེས་སོར་བྲན་གྱི་གནས་སུ་འཇུག་སྲིད་ཀྱང་། བཙན་པོའི་ཆིབས་དཔོན་འདྲ་ཡིན་ན་མ་གཏོགས་བོད་ཀྱི་རྒྱལ་ཁམས་ལ་རྫི་བོ་བདུན་ལས་མེད་པ་ནི་དོན་ལ་མ་ཕྱོགས་པ་འདྲ། མ་ཟད་གྲི་གུམ་བཙན་པོའི་རིང་གི་ལོ་ངམ་རྟ་རྫི་ཡང་འབངས་རང་ག་བ་ཞིག་མ་ཡིན་པར་ཡུལ་གྱི་བདག་པོ་ཞིག་ཏུ་ངེས་པ་གོང་གི་གཏེར་ཡིག་ལས་བྱུང་བ་བཞིན།་ཁྲི་སྲོང་བཙན་གྱི་སྐུ་རིང་ནས་བཟུང་བཙན་པོའི་ཕོ་བྲང་ནང་གི་ཆིབས་གསོ་འདྲ་ཡིན་ན་འཐད་མོད་ཀྱང་། སྤུ་རྒྱལ་པ་དང་ལོ་ངམ་པའི་བར་དགྲ་ཤ་ཡོད་པས་དེ་འདྲ་ཡོང་མི་སྲིད་སྙམ། སྔ་མ་སྣུབས་ཀྱི་རུས་རྒྱུད་དང་གནུབས་ཀྱི་རུས་རྒྱུད་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་། འདི་དག་ཡབ་འབངས་རུས་དྲུག་གི་ཡ་གྱལ་ཡིན་པ་མ་ཟད་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རུས་རྒྱུད་འདི་ལས་གནུབས་སངས་རྒྱས་ཡེ་ཤེས་བྱ་བའི་མཁས་པ་གཅིག་ཀྱང་བྱུང་བས་གྲལ་རིམ་གྱི་གོ་གནས་ཧ་ཅང་དམན་པ་ཞིག་ཡིན་མི་སྲིད། གནམ་རི་སྲོང་བཙན་ཡན་ཆོད་ཀྱི་སྤུ་རྒྱལ་གྱི་བློན་པོ་རིམ་བྱུང་གི་ཁྲོད་གནུབས་ཁྲི་དོ་རེ་མཐོང་པོ་དང་། གནུབས་ཁྲི་དོག་རྗེ་གཙུག གནུབས་སྨོན་ཏོ་རེ་སྤུང་བརྩན་བཅས་ཀྱིས་ཀྱང་བློན་པོའི་ལས་ཀ་བཟུང་བ་གསལ་པོར་བཀོད་པས། གནུབས་ཀྱི་རུས་རྒྱུད་རྒྱལ་འབངས་གཡུང་ངོ་ཅོག་གི་གྲས་སུ་ལྷུང་བར་བཤད་པ་ཐེ་ཚོམ་གྱི་གཞི་འབའ་ཞིག་གོ། དེ་བཞིན་དུ་སྒ་མཁན། ཚོང་བ། གདགས་སྤྲ་འཛིན་པ་བཅས་ཀྱང་འབངས་ཕལ་པ་གཡུང་ངམ་བྲན་ལྟ་བུ་མ་ཡིན་ཏེ། ལས་དེ་དང་དེ་དག་གི་རྗེ་བོའམ་འགོ་དཔོན་ཡིན་པར་འདོད། ཅི་ཞེ་ན། གོང་ནས་ངེད་ཅག་གིས་རུ་པ་དམག་གི་སྐོར་བརྗོད་སྐབས་ཁྲི་དཔོན་དང་སྟོང་དཔོན། བརྒྱ་དཔོན་སོགས་འབངས་རབ་ཚན་དམག་གི་འགོ་འདྲེན་པའི་གོ་གནས་རྣམས་བཤད་པ་ལྟར། འདིར་འབངས་ཕལ་པ་གཡུང་གི་སྐོར་ལའང་ནང་བློན་དག་གི་འོག་ན་གནུབས་རྗེ་སོགས་རྗེ་བོ་དགུ་གཙོ་བོར་བྱེད་པའི་གཡུང་གི་འགོ་འཛིན་རིམ་པ་ལྟར་བསྐོས་ཤིང་། དེ་རྣམས་ཀྱིས་རང་ལས་གང་བབ་ཀྱི་བྱ་བ་སྟེ་བཙན་པོའི་གཞུང་གི་ཕྱུགས་ཟོག་འཚོ་སྐྱོང་དང་། སྒ་ཆས་བཟོ་སྐྲུན། ཚོང་ཟོང་བསྡུ་གཏོང་། ཐགས་ལས་ཕྱིང་འཇོག་སོགས་ཀྱི་ལས་ཀར་འགོ་ཁྲིད་ཀྱིས་སོ་སོར་ལས་དེ་དག་སྒྲུབ་པའི་གཡུང་གི་མི་སྡེ་རྣམས་བསྐུལ་ཏེ་“དགོས་པ་ཐམས་ཅད་སྒྲུབ་”པར་སྙམ་ན་དོན་དང་ལྡན་པ་འདྲ། དེ་ལྟར་མ་ཡིན་ཚེ་གོ་བ་ཅུང་ཟད་ལོན་དཀའ་བར་འགྱུར་རོ། གང་ལྟར་ཡང་། གནུབས་རྗེ་སོགས་ཁེང་དང་ཡང་ཁེང་ངམ་ཉིང་ཁེང་ཞེས་པ་བྲན་གཡོག་མ་ཡིན་པར་སྙམ་པ་ལ་ཀུན་གྱིས་ད་དུང་དཔྱད་པར་ཞུའོ།།
        གོང་གསལ་«ཏུན་ཧོང་ནས་ཐོན་པའི་གཏེར་ཡིག་»དང་། «མཁས་པའི་དགའ་སྟོན་»ལས་བྱུང་པའི་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་དང་བཅས་པ་གཞིར་བཞག་ནས་བོད་བཙན་པོའི་རྒྱལ་རབས་ཀྱི་འབངས་མཐོ་དམན་བར་པའི་གྲལ་རིམ་གྱི་དབྱེ་བ་འགའ་ལ་དཔྱད་པ་རགས་ཙམ་བྱས་པ་ནི་གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོ་ཡབ་སྲས་གཉིས་ཀྱི་སྐུ་རིང་ལ་བྱུང་བའི་ཁྲིམས་ལུཌ་གཙོ་བྱེད་པའི་སྐོར་ཡིན་ནོ། དེ་ཡང་། བོད་ཀྱི་ཁྲིམས་ལུགས་དང་བཅས་པའི་སྲོལ་བཟང་པོ་ཐམས་ཅད་ཁྲི་སྲོང་བཙན་གྱི་སྐུ་རིང་འབའ་ཞིག་ལ་དར་བར་བཤད་པ་ནི་རབ་བཏགས་ཀྱི་བརྗོད་ཚུལ་དུ་ངེས། སྤྱིར་ཁྲི་སྲོང་བཙན་ནི་ལོ་རྒྱུས་ཀྱི་མི་སྣ་ཕུལ་བྱུང་ཅན་ཞིག་ཡིན་པ་སྙོན་དུ་མེད་མོད་ཀྱང་། བཙན་པོའི་རྒྱུད་ཕྱི་མ་རྣམས་ལའང་ཆེ་བའི་ཡོན་ཏན་མི་དམན་པ་རེ་བརྗོད་དུ་མཆིས་ལ། བོད་རིགས་ངལ་རྩོལ་མི་དམངས་ཀྱི་ཡོན་ཏན་ནི་དེ་བས་ཀྱང་བརྗོད་ཀྱིས་མི་ལང་བར་འདུག ཁྲིམས་ལུགས་ཐད་ཀྱང་བཙན་པོའི་རྒྱུད་ཕྱི་མ་རྣམས་ཀྱིས་ཡབ་མེས་སྐུ་གོང་མ་དག་གི་རིང་ལ་བྱུང་བ་དེ་གཞིར་བཞག་ནས་ཇེ་ཞིབ་ཇེ་རྒྱས་སུ་བཏང་སྟེ་བོད་ཀྱི་གནའ་བོའི་ཁྲིམས་ལུགས་ཅུང་ཟད་ཆ་ཚང་བ་ཞིག་གཏན་ལ་ཕབ་པ་ནི་ཀུན་གྱི་ཤེས་གསལ་ལྟར་ཏེ།  དཔེར་ན།“སྟག་གི་ལོ་ལ་བབསྟེ།  བཙན་ཕོ་མེར་ཁེ་ནའ་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས།  མོང་པུ་སྲལ་མཛོང་དུའ་བསྡུསྟེ། རྒོད་གཡུང་དབྱེ་ཤིང་། མཁོ་ཤམ་ཆེན་ཕོ་བགྱི་བའི་རྩིས་མགོ་བགྱི་བར་ལོ་གཅིག་”ཅེས་དང་།“མོས་བུའི་ལོ་ལ་བབ་སྟེའ། བཙན་པོ་མེར་ཁེ་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས། འགོར་ཏིར། བཀའ། གྲིམས་གྱི་ཡི་གེ་བྲིས་ཕར་མོ་གཆིག་”ཅེས་རྒོད་གཡུང་དབྱེ་བ་དང་མཁོས་ཆེན་པོའི་རྩིས་མགོ་(དུད་ཁྱིམ་གྱི་རྩིས་གྲངས་)བླངས་ནས་བཀའ་ཁྲིམས་ཀྱི་ཡི་གེར་གསལ་པོར་བྲིས་པ་ནི་མང་སྲོང་གི་རིང་སྟེ་སྤྱི་ལོ་654དང་655དག་ཡིན་པར་བྱུང་། དེ་བཞིན་དུ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་“མགོས་ཁྲི་བཟང་ཡབ་ལྷག་གིས་སྔར་ཞལ་ཅེ་དང་གསོས་ཐང་སྟོང་ཁྲིམས་སུ་བཅད་པ་མེད་པ་ལ་ཁྲིམས་སུ་བཅད་ནས་བྱང་བུ་དགུར་བཅོས”པ་སོགས་བྱུང་བ་བཞིན་ཏེ། ཏུན་ཧོང་གི་བོད་ཡིག་གཏེར་ཐོན་མའི་ཤོག་དྲིལ་P.T1071དག་ཏུ་བཀོད་པའི་ཁྲིམས་ཡིག་ཐོར་བུ་རྣམས་ནི་འདིར་«མཁས་པའི་དགའ་སྟོན་»ལས་བཤད་པའི་ཞལ་ལྕེ་དང་གསོས་ཐང་དང་སྟོང་ཐང་གི་བྱང་བུ་དགུའི་ཡ་གྱལ་ཡིན་པ་འདྲ། མ་ཟད་སྔ་ན་དགུང་བློན་ཆེན་པོའམ་ཆབ་སྲིད་ཀྱི་བློན་པོ་ཆེན་པོ་སྟེ་ཞང་བློན་ཆེན་པོའི་གྲལ་ན་རབ་བྱུང་གི་བཙུན་པ་མེད་ཀྱང་། ཕྱིས་སུ་བཙན་པོས་རྒྱབ་སྐྱོར་བྱས་པར་བརྟེན་ནང་པའི་བསྟན་པ་ཆེས་ཆེར་དར་རྒྱས་བྱུང་བས། རབ་བྱུང་པ་རྣམས་ཆོས་ཕྱོགས་མ་ཟད་སྲིད་ཕྱོགས་སུའང་ཐེ་སྟེ་གོ་གནས་ཀྱང་བློན་ཆེན་གཞན་གྱི་གྲལ་འགོ་ལོན། རབ་བྱུང་གི་བཙུན་པ་རྣམས་ལ་བཀུར་དྲག་པ་ལས་རྗེས་འབྲས་ཅི་བྱུང་བ་རྣམས་འདིར་འཆད་མི་དགོས་ཏེ་ཀུན་གྱིས་ཤེས་པ་བཞིན་ནོ། །མདོར་བསྡུས་ན་ཁོ་བོར་མཐོང་ཐོས་སྐྱེས་སྦྱངས་ཀྱི་ཡོན་ཏན་གྱིས་ཀུན་ནས་དབུལ་བས་བརྗོད་བྱའི་མིང་ཙམ་བཀོད་པ་རྣམས་རྗོད་བྱེད་ཚིག་གིས་གནད་དུ་ཐོག་པར་དཔྱད་པ་ཕར་ཟད། ཐ་ན་བབ་ཅོལ་ཀྱི་གནས་སུ་གྱུར་པའང་མང་དག་ཡོང་སྲིད་པས་མཁ་དབང་དམ་པ་རྣམས་ཀྱིས་བཟོད་པར་ཡ་བ་མ་ཟད། མཐོང་ཐོས་ཀྱི་མཁྱེན་རྒྱ་རྣམ་པར་ཡངས་པའི་ཐུགས་དགོངས་ལས་བཀའ་སློབ་འགའ་རེ་གནང་རྒྱུར་སྙིང་ཐག་པ་ནས་གསོལ་བ་འདེབས་སོ།།
འབྲེལ་ཡོད་འོས་སྦྱོར།