དུས་རབས་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་གུ་གེ་རྒྱལ་རབས།
རྩོམ་པ་པོ།:ཚེ་མཆོག་སྐྱབས་ཀྱིས་བསྒྱུར།
ཡོང་ཁུངས།:ཧི་མ་ལ་ཡ་འཕྲིན་སྟེགས།
དུས་ཚོད།:2022-11-18
ཀློག་གྲངས།:
དུས་རབས་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་གུ་གེ་རྒྱལ་རབས་ཀྱི་ཆབ་སྲིད་ལོ་རྒྱུས་ཞིབ་འཇུག
ཧོང་པོས་བརྩམས། ཚེ་མཆོག་སྐྱབས་ཀྱིས་བསྒྱུར།
གསལ་བཤད། རྒྱ་མི་མཁས་པ་ཧོང་པོ(黄博)ལགས་ཀྱིས་བརྩམས་པའི«དུས་རབས་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་གུ་གེ་རྒྱལ་རབས་ཀྱི་ཆབ་སྲིད་ལོ་རྒྱུས་ཞིབ་འཇུག»(10~13世纪古格王国政治史研究)ཅེས་པའི་དེབ་འདི་ནི། སྤྱི་ལོ༢༠༢༡ལོའི་ཟླ་གསུམ་པར་དཔར་བསྐྲུན་བྱས་པའི་གུ་གེ་རྒྱལ་རབས་སྐོར་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་གསལ་ཤོས་ཤིག་ཡིན། འདིར་དེབ་དེའི་གླེང་གཞིའི་ནང་གསལ་བའི་དེབ་འདི་བརྩམས་པའི“སེམས་སྐྱེད་དང་དོན་སྙིང”གི་ཚན་པ་ཐུང་ཐུང་ཞིག་བོད་ཡིག་ཏུ་བསྒྱུར་བའི་ཟོལ་ཙམ་བགྱིས་ཡོད། འདི་ནི་གཙོ་བོ་གུ་གེ་རྒྱལ་རབས་ཀྱི་སྐོར་ལ་ཐུགས་སྣང་ཡོད་མཁན་རྣམས་ལ་དེབ་འདི་ངོ་སྤྲོད་ཙམ་གྱི་ཆེད་དུའོ། །
བོད་ཀྱི་ལོ་རྒྱུས་ཁྲོད་མངོན་པའི་གུ་གེ་རྒྱལ་རབས་ཀྱི་ཡུལ་ནི། རགས་པའི་དབང་དུ་བྱས་ན་བོད་ཡུལ་སྟོད་སྨད་བར་གསུམ་ཞེས་གྲགས་པའི་སྟོད་མངའ་རིས་ཀྱི་སའི་ལྟེ་བ་ཡིན། སྟོད་མངའ་རིས་ཀྱི་ས་ཁོངས་འདི་ས་གནས་རང་བཞིན་གྱི་ཡུལ་ཁམས་ཤིག་ཏུ་ཆགས་ཏེ་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་པོ་ཞིག་མིན་ནའང་། ས་གནས་འདི་ཡོངས་ལ་གྲགས་པ་ཞིག་བྱུང་། སྲོལ་རྒྱུན་གྱི་དབང་དུ་བྱས་ན་བོད་ཡུལ་གྱི་སའི་ཁམས་འདི་ལ། སྟོད་མངའ་རིས་དང་བར་དབུས་གཙང་། སྨད་མདོ་ཁམས་ཞེས “བོད་ཡུལ་སྟོད་སྨད་བར་གསུམ”གྱི་ས་ཁུལ་ཆེན་པོ་གསུམ་དུ་བཤད། སྟོད་མངའ་རིས་ས་ཁུལ་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཁྲོད་ཆེས་ཡིད་འོང་གི་གནས་ཤིག་ཏུ་གྱུར། ལོ་རྒྱུས་ཁྲོད་གནས་འདིའི་གཏམ་རྒྱུད་མང་པོ་བཤད་དུ་ཡོད་ནའང་ཞིབ་པར་སྨྲ་བ་ནི་ཁག་པོ་འདུག མི་རྣམས་ཀྱིས་རྒྱུན་པར་སྟོད་མངའ་རིས་ཞེས་ཁ་གྲགས་ཙམ་གྱིས་ཞང་ཞུང་རིག་གནས་དང་གུ་གེ་རྒྱལ་རབས་ཞེས་གླེང་མགོ་བརྩམས། གནའ་དཔྱད་རིག་པས་ཡུལ་འདི་ནས་མི་རྣམས་ཧ་ལས་ཤིང་ངོ་མཚར་བའི་གནའ་རབས་རིག་གནས་ཀྱི་རྗེས་ཤུལ་མང་པོ་གསར་རྙེད་བྱུང་ནའང་། མི་རྣམས་སྔར་བཞིན་སྟོད་མངའ་རིས་ཞེས་གླེང་དུས་རྟོགས་པར་དཀའ་བ་དང་གསང་བ་ཆེན་པོའི་རྒྱ་ཞིག་ལས་ཐར་མེད། བོད་བཙན་པོའི་སྐབས་ཀྱི་ཕུན་སུམ་ཚོགས་པའི་ཞང་ཞུང་གི་རིག་གནས་དང་། བསྟན་པ་ཕྱི་དར་སྐབས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་གུ་གེ་རྒྱལ་རབས་གཉིས་ཀྱི་རིག་གནས་ཀྱི་རྗེས་ཤུལ་ནི། ད་ལྟའང་སྟོད་མངའ་རིས་ཀྱི་ས་གནས་ཁག་ཏུ་ཁ་ཐོར་གྱི་རྣམ་པར་ཁྱབ་ནས་ཡོད། བོད་བཙན་པོས་ཞང་ཞུང་མངའ་འོག་ཏུ་བཅུག་པའི་སྐབས་བོད་ལ་ཡི་གེ་མེད་པ་དང་། གུ་གེ་རྒྱལ་རབས་གློ་བུར་དུ་འཐོར་ཞིག་ཏུ་སོང་བ་བཅས་ཀྱིས་ཡིག་ཚངས་མང་པོ་ཞིག་རྩ་མེད་དུ་སོང་བས། ད་ལྟ་ཞང་ཞུང་དང་གུ་གེ་གཉིས་ཀའང་སྔོན་ཆད་ཀྱི་འོད་སྟོང་འབར་བའི་དུས་སྐབས་དེར་སླེབས་ཐབས་མེད་ལ། ད་ལྟ་བཤད་པའི་སྐད་ཆ་མང་པོ་ཁུངས་བཙན་མིན་འང་བཤད་ཁག་པོ་འདུག ད་སྐབས་ཡོད་པའི་ཤུལ་བཞག་གི་ཡིག་ཚངས་ཁྲོད་དུ་དབུས་གཙང་དང་མདོ་ཁམས། ཨ་མདོ་བཅས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་དང་བསྡུར་ན་གུ་གེའི་ལོ་རྒྱུས་ཉམས་ཞིབ་ལ་མཁོ་བའི་རྒྱུ་ཆ་ཤིན་ཏུ་ཉུང་། ཐ་ན་དུས་ཡུན་རིང་པོར་སྟོད་མངའ་རིས་དང་གུ་གེའི་རྒྱལ་རབས་ཀྱི་ལོ་རྒྱུས་བརྗོད་པར་ངག་སྒྲོས་མང་པོར་ཁུངས་བཅོལ་བ་ལས། དངོས་ཡོད་དང་འབྲེལ་ཏེ་ཞིབ་ཚགས་ཀྱིས་ལོ་རྒྱུས་ཞིབ་འཇུག་བགྱིས་པ་ཤིན་ཏུ་ཉུང་ངོ། །
དེབ་འདིའི་ནང་གུ་གེ་རྒྱལ་རབས་ཀྱི་ཆབ་སྲིད་ལོ་རྒྱུས་ཞིབ་འཇུག་དེ། གཙོ་བོ་གུ་གེ་རྒྱལ་རབས་ཀྱི་ཐོག་མའི་སྐབས་ཏེ་དུས་རབས་བཅུ་པའི་སྨད་ཀྱི་ཆ། གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་ཁྲོད་བྱུང་བའི་ངེས་དོན་གྱི་རྒྱལ་པོ་ཐོག་མ་ལྷ་བླ་མ་ཡེ་ཤེས་འོད(༩༤༧-༡༠༢༣)ཀྱིས་དབང་བསྒྱུར་བའི་དུས་སྐབས་ནས་མགོ་བཟུང་། དུས་རབས་བཅུ་གསུམ་པའི་དུས་མཇུག་གི་གུ་གེའི་རྒྱལ་པོ་གྲགས་པ་ལྡེས(༡༢༣༠-༡༢༧༧)དབང་བསྒྱུར་བའི་དུས་སྐབས་ནས་མཇུག་རྫོགས་པར་བགྱིས་ཡོད། ཅུང་ཞིབ་པར་བརྗོད་ཡོད་པའི་དོན་ནི། ཕྱི་ལོ༩༨༦ལོའི་རྗེས་ཀྱི་བསྟན་པ་ཕྱི་དར་སྐབས་ཀྱི་མི་སྣ་གཙོ་བོ་དང་། གུ་གེའི་རྒྱལ་པོའི་དབང་ཆ་བཞེས་པའི་སྲོང་ངེའམ། བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ཁྲོད་མཛད་པ་ཆེ་བའི་ལྷ་བླ་མ་ཡེ་ཤེས་འོད།(སྲོང་ངེ་རབ་ཏུ་བྱུང་བའི་མཚན) གུ་གེས་ནང་བསྟན་དར་སྤེལ་གྱི་སྲིད་ཇུས་གཞི་བཙུགས་པ་ནས་བཟུང་། ཕྱི་ལོ༡༢༧༧ལོར་གུ་གེའི་རྒྱལ་པོ་གྲགས་པ་སྡེ་སྐུ་འདས་པའི་དོན་རྐྱེན་སོགས་གུ་གེའི་རྒྱལ་རབས་ལ་ཐེངས་དང་པོར་ཆགས་འཇིག་བྱུང་བའི་བར་ཏེ་ལོ་ངོ་སུམ་བརྒྱ་ནི། ཏག་ཏག་བོད་ཀྱི་སྤྱི་ཚོགས་ནང་གསར་དུ་བྱུང་བའི་ཆོས་ལུགས་ཀྱི་སྟོབས་ཤུགས་དང་སྲིད་ཀྱི་དབང་ཆ་ཕན་ཚུན་བར་ནུས་པ་ཐོན་རེས་དང་། ཕན་ཚུན་བར་ཤུགས་རྐྱེན་ཐེབས་པའི་གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་དུས་སྐབས་ཤིག་ཡིན། དེ་ནི་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་ཐད་ནས་བཤད་ནའང་། བོད་བཙན་པོའི་སྟོབས་ཤུགས་རྩ་མེད་དུ་སོང་སྟེ་ཡུལ་ཕྱོགས་ཁ་ཐོར་དགུ་ཐོར་གྱུར་པའི་དུས་སྐབས་ནས་བཟུང་། ཡུལ་ཕྱོགས་ཁ་ཅིག་གི་སྟོབས་ཤུགས་ཆིག་སྒྲིལ་བགྱིས་པའི་སྐབས་དང་། དེ་ནས་ས་སྐྱ་པས་ཡོན་རྒྱལ་རབས་ཀྱི་རོགས་དན་དང་འབྲེལ་ཏེ་བོད་སླར་ཡང་གཅིག་གྱུར་བགྱིས་པའི་བརྒྱུད་རིམ་ཆ་ཚང་ཞིག་ཏུ་མངོན།
དེབ་འདིར་གུ་གེའི་ཆབ་སྲིད་ལོ་རྒྱུས་ཀྱི་ཞིབ་འཇུག་ནི་ཆབ་སྲིད་སྒྲིག་གཞི་དང་ཆབ་སྲིད་རིག་གནས་ཀྱི་དངོས་ཡོད་ལོ་རྒྱུས་རྟོག་ཞིབ་དང་། དེ་གཉིས་ཕན་ཚུན་བར་ནུས་པ་ཐོན་རེས་བྱས་པའི་འབྲེལ་བའི་སྟེང་དབྱེ་ཞིབ་བགྱིས་ཡོད། ཆབ་སྲིད་ཀྱི་སྒྲིག་གཞི་ཞེས་པ་ནི་ཐོག་མའི་དུས་སྐབས་ཀྱི་གུ་གེའི་ཆབ་སྲིད་དབང་ཆ་དང་ཆོས་སྲིད་ཀྱི་འབྲེལ་བའི་ཞིབ་འཇུག་ཁྲོད། སྲིད་དབང་ནང་ཁུལ་གྱི་ཆབ་སྲིད་ལམ་ལུགས་ཁག་གི་ནང་དོན་ལ་དམིགས་ཀྱིས་འཇུག་པ་དང་། གུ་གེའི་མངའ་འོག་གི་ཆབ་སྲིད་ལམ་ལུགས་ཁག་གི་སྒྲིག་སྲོལ་དང་། གཏན་འཇགས་དང་འགྱུར་ལྡོག་གི་གནས་ཚུལ་བཅས་ལ་དབྱེ་ཞིབ་དང་གསེད་བཀྲོལ། གཞན་ཡང་ལམ་ལུགས་ཀྱི་རྨང་གཞིའི་སྟེང་ནས་ཐོག་མའི་དུས་སྐབས་ཀྱི་གུ་གེ་རྒྱལ་རབས་ཀྱི་ཆབ་སྲིད་མི་སྣའི་བྱ་གཞག་ཁག་དང་ལམ་ལུགས་ཀྱི་སྒྲིག་གཞི་གཉིས་ཟུང་འབྲེལ་སྒོས་འགྲེལ་བཤད་གསལ་པོ་ཡོང་བར་འབད་འབུངས་དང་། དེ་བཞིན་གུ་གེའི་ཆབ་སྲིད་ཁྲོད་ཀྱི་ཆབ་སྲིད་དབང་ཤུགས་དང་རིག་གནས་དབང་ཤུགས་བར་གྱི་འབྲེལ་བ་ཁག་ལ་དབྱེ་ཞིབ་བགྱིས་པ་སྟེ། དེའི་ནང་རྒྱལ་པོ་དང་བློན་ཆེན། བླ་མ་དང་དགེ་བཤེས་སོགས་ཆབ་སྲིད་མི་སྣ་དང་ཆབ་སྲིད་ལམ་ལུགས་ཀྱི་འབྲེལ་བའང་འདུ། དེར་མ་ཟད་ལམ་ལུགས་དེའི་ཕྱོགས་སོ་སོའི་འབྲེལ་བ་སོགས་ལ་གཞི་བྱས་ཏེ་སྐབས་དེའི་བོད་ཀྱི་ཆབ་སྲིད་རིག་གནས་ལ་ཤེས་རྟོགས་བྱེད་པའི་ཚད་དེ་ཇེ་ཟབ་ཏུ་བཏང་ཡོད། དཔེར་ན། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་གུ་གེ་རྒྱལ་རབས་ཀྱིས་ནང་བསྟན་ཆབ་སྲིད་ལ་སྐུར་འདེད་བྱེད་པར་གྲོས་འཆམ་བྱུང་སྟེ། ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་གཞི་གསར་བ་ཞིག་གི་སྲོལ་གཏོད། འདི་ནི་བོད་བཙན་པོའི་སྐབས་ཀྱི་ཆབ་སྲིད་སྒྲིག་གཞིའི་རྩ་བའི་བསྒྱུར་བཅོས་ཤིག་ཡིན་པ་མ་ཟད། ཆབ་སྲིད་ལམ་ལུགས་ཁྲོད་ཀྱི་སྒྲིག་སྲོལ་དང་ཚད་གཞི་ཞིག་ཏུའང་མངོན། ལྷག་པར་དུ་སྒྲིག་གཞི་བསྒྱུར་བཅོས་མཁན(གུ་གེའི་རྒྱལ་པོ་ཡེ་ཤེས་འོད། པུ་ཧྲེང་རྒྱལ་པོ་ཁོ་རེ་དང་། གཞན་ཡང་རྒྱལ་སྲས་ལྷ་ལྡེ་སོགས)དང་མཉམ་ཞུགས་མཁན(ལོ་ཆེན་རིན་ཆེན་བཟང་པོ། གུ་གེ་དང་པུ་ཧྲེང་གི་སྐུ་དྲག་དང་བློན་ཆེན་སོགས།)སོགས་ཆབ་སྲིད་མི་སྣ་དག་གིས་ནང་བསྟན་ཆབ་སྲིད་ཀྱི་གཞི་རྩའི་རྨང་གཞིའི་སྟེང་མུ་མཐུད་སྲིད་འཛིན་ལམ་ལུགས་བཅོས་བསྒྱུར་གྱི་ལས་དོན་མང་དུ་གནང་། དོན་སྤྱི་འདི་ལྟ་བུ་ཞིག་གུ་གེའམ་ཐ་ན་གནའ་རབས་བོད་ཀྱི་ཆབ་སྲིད་མི་སྣའི་འདུ་ཤེས་ཁྲོད་གཏན་ནས་མེད་པ་ཞིག་ཡིན་ཀྱང་སྲིད་མོད། འོན་ཀྱང་ང་ཚོས་དོན་སྤྱི་འདི་ལྟ་བུ་ལ་བརྟེན་ནས་རྙོག་འཛིང་ཆེ་བའི་ལོ་རྒྱུས་ཀྱི་སྣང་ཚུལ་ལ་གོ་བ་བསྐྱེད་ཀྱང་འགོག་རྐྱེན་འོང་བ་ཞིག་གཏན་ནས་མིན།
ཆབ་སྲིད་རིག་གནས་ཞེས་པ་ནི། དངོས་ཡོད་སྟེང་ཆབ་སྲིད་སྒྲིག་གཞི་དང་འདྲ་སྟེ། དེ་ཡང་དེང་དུས་ཀྱི་ཆབ་སྲིད་རིག་པའི་སྤྱི་དོན་ཞིག་ཡིན། སྤྱིར་བཏང་ཆབ་སྲིད་རིག་གནས་ནི་མི་རིགས་ཤིག་གིས་དམིགས་གསལ་གྱི་དུས་སྐབས་ནང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་བསམ་བློའི་འཛིན་སྟངས་དང་དད་མོས། བརྩེ་སེམས་བཅས་ལ་གོ་བ་ཡིན། འདི་ལྟ་བུའི་ཆབ་སྲིད་རིག་གནས་ནི་མི་རིགས་གང་དེའི་ལོ་རྒྱུས་དང་། སྤྱི་ཚོགས། དཔལ་འབྱོར། ཆབ་སྲིད་ལས་དོན་གྱི་འཕེལ་རིམ་ཁྲོད་གྲུབ། འདས་ཟིན་པའི་ཉམས་མྱོང་ཁྲོད་གྲུབ་པའི་བསམ་པའི་འཛིན་སྟངས་དེའི་རིགས་ཀྱིས་མི་རྣམས་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་སྤྱོད་ལམ་ལ་ནུས་པ་བླ་ལྷག་ཐོན། ཆབ་སྲིད་འགན་འཛིན་པ་སོ་སོའི་ཀུན་སྤྱོད་དང་། ཁོ་ཚོའི་ཆབ་སྲིད་ཀྱི་དགོས་མཁོ་དང་བཅའ་ཁྲིམས་ལ་བཟུང་བའི་ལྟ་སྟངས་བཅས་ལ་ཆབ་སྲིད་རིག་གནས་ཀྱི་ཤན་ཞུགས་ཡོད་པས། ཆབ་སྲིད་རིག་གནས་ལ་གཞི་བྱས་ན་ང་ཚོས་གཏིང་ཟབ་པའི་ངང་ནས་བོད་ཀྱི་ཆབ་སྲིད་ཀྱི་འཕེལ་རྒྱས་ལ་དབྱེ་ཞིབ་ལེགས་པོ་བྱ་ཐུབ་པར་ཕན་པ་བླ་མེད་ལྡན་པ་སྨྲོས་མ་དགོས། དོན་དངོས་སྟེང་། གུ་གེ་རྒྱལ་རབས་ཀྱི་ཐོག་མའི་དུས་སྐབས་ནི་ཏག་ཏག་བོད་ཀྱི་ཆབ་སྲིད་རིགས་གནས་ཀྱི་རྩ་བའི་རང་བཞིན་ལ་འགྱུར་ལྡོག་བྱུང་བའི་སྐབས་དང་འཁེལ། སྐབས་ཐོག་དེར་ནང་བསྟན་རིག་གནས་མགྱོགས་པོར་འཕེལ་རྒྱས་བྱུང་སྟེ་བོད་ཀྱི་སྤྱི་ཚོགས་ནང་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཀྱི་སྐད་ཆ་བྱུང་བ་དང་། བློའི་འཛིན་སྟངས་དང་དད་མོས། བརྩེ་སེམས་བཅས་ལ་སྐབས་དེའི་ཤན་གཏིང་ཟབ་ཐེབས། ནང་ཆོས་ནི་མི་རིགས་ཤིག་གི་ཁོང་དུ་ཚུད་པར་དད་བཀུར་བླ་མེད་བྱེད་དགོས་ངེས་ཀྱི་དཀར་ཕྱོགས་དགེ་བའི་ལས་ཤིག་ཏུ་གྲུབ་སྟེ་སྤྱི་ཚོགས་ཡོངས་ཀྱི་བསམ་འཁྱེར་གྱི་གཙོ་བོར་གྱུར། བསྟན་པ་ཕྱི་དར་སྐབས་བོད་པའི་ཁྲོད་ཀྱང་ནང་ཆོས་ཆབ་སྲིད་རིག་གནས་ཀྱི་གནས་བབ་ཁྲོད་དམིགས་བསལ་གྱི་ཆབ་སྲིད་སེམས་ཁམས་ཤིག་ཆགས། དེ་ནི་གཏིང་ཟབ་པའི་ནང་ཆོས་མཚན་ཉིད་རིག་པ་དེ་བོད་དུ་སྔར་ལས་འཕེལ་རྒྱས་བྱུང་བའི་མཇུག་འབྲས་ཤིག་ཡིན་མོད། ཆོས་ལུགས་ཀྱི་ཚད་མཐོའི་བསམ་བློའི་གཞུང་ལུགས་དང་ཡོངས་སུ་འདྲ་བ་མིན། དེ་ནི་གུ་གེའི་རྒྱལ་རྒྱུད་དང་། ས་གནས་ཀྱི་སྐུ་དྲག ནང་ཆོས་ཀྱི་སྐྱེས་བུ་དམ་པའམ་བོད་མི་རིགས་ཀྱི་འབངས་ཕལ་བ་ཀུན་ལ་ལྡན་པའི་བསམ་བློའི་འདུ་ཤེས་ཀྱི་རྨང་རྡོའམ་ཐོན་ཁུངས་ལྟ་བུར་གྱུར། འདི་ལྟ་བུའི་བསམ་པའི་འཁྱེར་སོ་ཡིས་དོན་དངོས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་མི་རྣམས་ཆབ་སྲིད་ཀྱི་ཁོར་ཡུག་ནང་ཁྲིད་པ་དང་འཇུག་པར་བགྱིས། དེ་ལ་སྐྱེས་བུའམ་མང་ཚོགས་ཀུན་གྱི་སྤྱོད་ལམ་ལ་ཚོད་འཛིན་བྱེད་པར་དངོས་ཡོད་ཀྱི་ནུས་པ་ལྡན་པ་ལ། ཆབ་སྲིད་འཕེལ་རྒྱས་དང་ལམ་ལུགས་བཅོས་བསྒྱུར་ཐད་ལྡོག་པའི་ནུས་པ་ཡང་ཐོན་ཏེ་ཕན་ཚུན་བར་སྐུལ་འདེད་བྱེད་པའི་ཡོངས་ཁྱབ་ཀྱི་འབྲེལ་བ་ཞིག་ཆགས། དེ་བས་དེབ་འདིར་ཆབ་སྲིད་སྒྲིག་གཞི་དང་ཆབ་སྲིད་རིག་གནས་ཀྱི་འབྲེལ་བའི་ཕྱོགས་ནས་སྒྲིག་གཞི་དང་རིག་གནས་ཀྱི་གོ་བ་སླ་མོ་ཞིག་ལ་གྲོས་གླེང་བྱ་རྒྱུ་ལས་ཆབ་སྲིད་ཁོ་ན་མིན་པས། ཆབ་སྲིད་སྒྲིག་གཞི་དང་ཆབ་སྲིད་རིག་གནས་ཀྱི་ཞིབ་འཇུག་ཅིག་ཏུ་བརྗོད་ཆོག བྱེ་བྲག་ཏུ་བོད་ཀྱི་སྤྱི་ཚོགས་ཀྱི་རྩ་བའི་གནད་འགག་སྟེ་ཆོས་སྲིད་ཀྱི་འབྲེལ་བ་ནི་གུ་གེ་རྒྱལ་རབས་ཀྱི་ཐོག་མའི་ཆབ་སྲིད་ལོ་རྒྱུས་ཀྱི་རྩ་བའི་བརྗོད་བྱ་ཡིན་པ་མ་ཟད། བོད་ཀྱི་མངའ་ཁོངས་བཅད་བཟུང་གི་དུས་སྐབས་ནང་ཡང་ཆེས་རྩ་བའི་གནད་འགག་ཅིག་ཏུ་གྱུར་ཡོད། ཆོས་སྲིད་ཀྱི་འབྲེལ་བའི་དབྱེ་མཚམས་སྐོར་ལ། སྤྱིར་བཏང་། དམིགས་གསལ་གྱི་སྲིད་དབང་དང་དེའི་མངའ་འོག་གི་ཆོས་ལུགས་བར་གྱི་འབྲེལ་བ་སྣ་ཚོགས་ལ་བརྗོད་དེ། དེའི་ནང་ཆོས་ལུགས་ཀྱིས་རྒྱལ་ཁབ་ཅིག་གི་མིའི་བསམ་པའི་འཁྱེར་སོའི་ནང་ཟིན་པའི་གོ་གནས་དང་། དམིགས་གསལ་གྱི་ཆོས་ལུགས་དད་མོས། ཆོས་ལུགས་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲིག་གཞིའི་ཁྲོད་ཟིན་པའི་གོ་ཐོབ། ཁྱད་པར་ཅན་གྱི་ཆོས་ལུགས་དད་མོས། ཆོས་ལུགས་སྒྲིག་འཛུགས་ཀྱིས་སྤྱི་ཚོགས་འཚོ་བའི་ནང་ཐེབས་པའི་ཤུགས་རྐྱེན། གཞན་ཡང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་ཇུས་གཏོགས་བྱས་པའི་ཚད་སོགས་འདུ། དེའི་བྱེ་བྲག་གི་མངོན་ཚུལ་ནི་ཆོས་ཚོགས་ཀྱི་རང་བདག་གི་དབང་ཆ་ཆེ་ཆུང་དང་། ཆོས་ཚོགས་སམ་ཆོས་དཔོན་གྱིས་ཆབ་སྲིད་ལ་ཐེབས་པའི་ཤུགས་རྐྱེན་དང་སྤྱི་པའི་ཐབས་ཇུས་ལ་ཞུགས་པའི་ཚད་སོགས་སོ། །
གུ་གེ་རྒྱལ་རབས་སྟོད་མངའ་རིས་སུ་ལོ་ངོ་བདུན་བརྒྱ་ཉེ་ཙམ་ལ་གནས་ཤིང་། ས་ཁུལ་འདི་ཙམ་མ་ཟད་བོད་སྤྱིའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཤིན་ཏུ་ཟབ་མོ་ཐེབས་ཡོད། བོད་ཡུལ་གྱི་ཆེས་མངོན་པར་འཕགས་པའི་ཁྱད་ཆོས་ནི་ནང་ཆོས་ཀྱི་ཁྱབ་ཚུལ་གཏིང་ཟབ་པ་དང་། ལྷག་པར་ནང་ཆོས་དང་ཆབ་སྲིད་འཚོ་བའི་ཚད་མཐོ་བའི་འབྲེལ་བ་དེ་ཡིན། ཆོས་སྲིད་ཀྱི་འབྲེལ་བས་གུ་གེའི་ལྐོག་འགྱུར་གྱི་གསང་བ་རྟོལ་བར་ནུས་པ་ལེགས་པོ་ཐོན་པ་མ་ཟད། དེ་ནི་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ལ་ཤེས་རྟོགས་ཟབ་མོ་ཡོང་བའི་ཆེས་ལེགས་པའི་ཐབས་ལམ་ཞིག་ཀྱང་ཡིན། དུས་ཡུན་རིང་པོའི་ནང་སྲོལ་རྒྱུན་གྱི་མཁས་དབང་རྣམས་ཀྱིས(ལྷག་པར་དུ་དགེ་ལུགས་པའི་བླ་མ་དང་གྲྭ་བཙུན་རྣམས)རྒྱུན་པར་ནང་ཆོས་ཀྱི་འཕེལ་རིམ་དང་འབྲེལ་ཏེ་ལོ་རྒྱུས་ལ་འགྲེལ་བཤད་བྱས་ནའང་། ད་སྐབས་ང་ཚོས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ལྟོས་ཏེ་ནང་ཆོས་འཕེལ་འགྲིབ་ལ་གསལ་བཤད་བགྱི་བའི་དུས་སྐབས་ཤིག་ཏུ་སླེབས། དེའི་ཕྱིར། དེབ་འདིར་གུ་གེའི་རྒྱལ་རབས་ཀྱི་མངའ་འོག་ཏུ་གནས་པའི་ས་གནས་རང་བཞིན་གྱི་ཆབ་སྲིད་དོན་རྐྱེན་ཁག་གི་བརྒྱད་རིམ་ཁྲོད། བོད་ཀྱི་ནང་བསྟན་ཆབ་སྲིད་ཀྱི་འཕེལ་རྒྱས་དང་། བསྟན་པ་ཕྱི་དར་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ཅིག་དང་གུ་གེ་རྒྱལ་རབས་བར་གྱི་ཆོས་སྲིད་འབྲེལ་བ་བཅས་ལ་ཉམས་ཞིབ་བྱ་རྩིས་ཡོད། ཡིན་ནའང་། དེབ་འདིར་དུས་ཀྱི་ཆ་ནས་དུས་རབས་བཅུ་པ་ནས་བཅུ་གསུམ་བར་དང་། ས་ཁོངས་ཀྱི་ཆ་ནས་གུ་གེའི་མངའ་འོག་ཏུ་འདུ་བའི་ས་ཁུལ་བཅས་ཀྱིས་ཚད་བཟུང་ཡོད་ནའང་། སྐབས་རེར་བརྗོད་གཞིའི་དགོས་མཁོ་ལ་དམིགས་ཏེ་མངའ་རིས་རྒྱལ་རབས་དང་། གཞན་ཡང་མངས་རིས་རྒྱལ་རྒྱུད་ལས་མཆེད་པའི་པུ་ཧྲེང་དང་ལ་དྭགས་སོགས་སྟོད་མངའ་རིས་ཀྱི་ས་གནས་སྲིད་དབང་གི་ལོ་རྒྱུས་ཀྱི་དུས་སྐབས་དང་ས་ཁོངས། ལྷག་པར་གུ་གེའི་མངའ་ཁོངས་ཀྱི་ཆོས་ལུགས་སྟོབས་ཤུགས་དང་། གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་འབྲེལ་བ་སྣ་ཚོགས་ཏེ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་ཆབ་སྲིད་བསམ་བློའི་གཙོ་ཁྲིད་ཀྱི་གོ་བབ་དང་། གྲུབ་མཐའ་ཁག་གིས་སྟོད་མངའ་རིས་ཀྱི་ཆབ་སྲིད་ཁྲོད་བཟུང་བའི་གོ་ཐོབ་དང་ཆབ་སྲིད་འཚོ་བ་ལ་ཐེབས་པའི་ཤུགས་རྐྱེན། དེ་བཞིན་སྟོད་མངའ་རིས་ས་ཁུལ་གྱི་སྲིད་དབང་གིས་ས་གནས་རང་གི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་ལས་དོན་ལ་ཐེ་ཇུས་བྱས་པའི་གནས་ཚུལ་སོགས་དང་། བྱེ་བྲག་ཏུ་སྟོད་མངའ་རིས་སུ་བོད་བརྒྱུད་ནང་བསྟན་སྤེལ་བ་དང་འཕེལ་རྒྱས་ཀྱི་གནས་ཚུལ། གྲུབ་མཐའ་ཁག་གི་དགོན་པས་སྟོད་མངའ་རིས་ཀྱི་ཆབ་སྲིད་ལ་ཐེབས་པའི་ཤུགས་རྐྱེན་དང་སྲིད་ཀྱི་ལས་དོན་ནང་ཞུགས་པའི་གནས་ཚུལ་སོགས། གོང་འཁོད་ཀྱི་ནང་དོན་ཁག་ལ་དེབ་འདིའི་ནང་ཉམས་ཞིབ་དང་གཏམ་གླེང་བྱ་འཆར་ཡིན། ད་སྔའི་བར་ཕུན་སུམ་ཚོགས་པའི་གུ་གེའི་ཆབ་སྲིད་ལོ་རྒྱུས་ཀྱི་ཞིབ་ཕྲའི་གནས་ཚུལ་དང་འགྱུར་རིམ་བཅས་ལ་ཤེས་རྟོགས་བྱུང་བ་ཤིན་ཏུ་ཉུང་བས། འདིར་གུ་གེ་རྒྱལ་རབས་ཀྱི་ཆབ་སྲིད་སྒྲིག་གཞི་དང་ཆབ་སྲིད་རིག་གནས་དཀྱུས་སུ་བཟུང་སྟེ། སྔར་ལས་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ཞིབ་འཇུག་གི་གཞི་རྩའི་གནད་དོན་ཁ་ཤས་ཐག་གཅོད་པའི་ལས་ལ་འཇུག་པར་བྱའོ། །ཕྱོགས་གཅིག་ནས། དུས་རབས་བཅུ་པའི་སྔ་རྗེས་ཏེ་གུ་གེ་རྒྱལ་རབས་དབུ་མ་བརྙེས་པའི་གོང་ཙམ། དུས་རབས་དགུ་པའི་དུས་དཀྱིལ་ལ་བོད་བཙན་པོའི་རྒྱལ་རབས་འཇིག་པ་དང་མཉམ་དུ། བོད་མིའི་སྤྱི་ཚོགས་དེ་ཕོན་ཐག་ཆད་པའི་སོག་མ་བཞིན་ཟང་ཟིང་གི་དུས་སྐབས་རིང་པོ་དང་། འབངས་གྱེན་ལོག་སོགས་དུས་ཟིང་ཆེན་པོ་བརྒྱུད་རྗེས་ཀྱི་གུ་གེ་རྒྱལ་རབས་ནི། བོད་བཙན་པོ་ཐོར་ཞིག་ཏུ་སོང་སྟེ་གཞི་ཁྱོན་ཆེན་པོའི་ས་གནས་བཅད་བཟུང་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་དབུ་བརྙེས། རིམ་པར་བོད་ཀྱི་མངའ་ཁོངས་ནང་ས་གནས་རང་བཞིན་གྱི་སྲིད་དབང་ཞིག་ཏུ་ཆགས། སྔ་མའི་གཅིག་གྱུར་གྱི་བོད་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་སྟེ་ལོ་ངོ་བརྒྱ་ལྷག་འདས་རྗེས་ཀྱི་ཕྱི་ལོ༩༨༦ལོར། གུ་གེ་རྒྱལ་རབས་ཀྱིས་བསྟན་པ་ཕྱི་དར་གྱི་འཕྲིན་ལས་སྤེལ་ཏེ་སླར་ཡང་གཅིག་གྱུར་གྱི་དབུ་ཐོག་མར་བརྩམས། བོད་བཙན་པོའི་རྒྱལ་རྒྱུད་རིམ་པར་ས་ཁུལ་རང་བཞིན་གྱི་དབང་ཚད་མི་ཆུང་བ་ཞིག་ཕྱག་ཏུ་ཐོབ་པས། བསྐྱར་དུ་བོད་བཙན་པོའི་དབང་ཆ་བླ་རུ་བཀུར་བའི་དགོངས་བཞེས་གནང་ནའང་། བོད་བཙན་པོའི་སྐབས་ཀྱི་སྐུ་དྲག་ཆེ་ཆུང་མང་པོའི་ས་གནས་རང་བཞིན་གྱི་སྟོབས་ཤུགས་ཁ་ཅིག་གིས་ས་གནས་བཅད་བཟུང་གི་རྩ་བ་བརྟན་པོར་བཙུགས་རྐྱེན། བོད་བཙན་པོའི་རྒྱལ་རྒྱུད་ཀྱི་དབང་ཆ་སྟོང་བའི་དབྱིངས་སུ་ཡལ། སྤྱིའི་ཆ་ནས་བཤད་ན། སྔར་བོད་བཙན་པོའི་རྫོགས་ལྡན་གྱི་སྤྱི་ཚོགས་དེ་དུས་ཟིང་དང་ཁ་ཐོར་དགུ་ཐོར་གྱི་རྣམ་པར་ཆགས། དོན་དངོས་སུ་སྐབས་ཐོག་འདིར་ཕྱོགས་ཡོངས་ནས་དབང་ཐང་བསྐྱེད་དེ་ཉམས་རྒུད་ཀྱི་རྣམ་པར་བསྒྱུར་བཅོས་སམ། སྔོན་མའི་དབང་ཤུགས་ཀྱི་བརྗིད་ཉམས་དེ་སླར་ཡང་བསྐྱེད་པར་འབུངས་པའི་དགོངས་ཚུལ་གཉིས་ཀས་སྔར་བཞིན་སྲོལ་རྒྱུད་ཀྱི་ཆབ་སྲིད་སྟོབས་ཤུགས་དེ་གསར་དུ་ཆགས་པའི་ཆབ་སྲིད་ཀྱི་རྨང་རྡོ་ལྟ་བུར་བསྒྱུར་ཡོད། བོད་བཙན་པོའི་མངའ་ཐང་དགུང་དང་མཉམ་པའི་དུས་སྐབས་ཀྱི་འཇིག་རྟེན་སྲིད་ལུགས་ཀྱིས་མངའ་མཛད་པའི་རྒྱུན་ཐག་དེ། བོད་སིལ་ཐོར་གྱི་དུས་ངན་དང་ལྷན་དུ་མི་མངོན་པའི་དབྱིངས་སུ་ཐིམ་པས། བོད་བཙན་པོའི་རྒྱལ་རྒྱུད་ཀྱི་སྲིད་དབང་དང་ས་གནས་སྐུ་དྲག་གི་སྲིད་དབང་གཉིས་ཀའི་གང་ལའང་ནམ་ཡང་གོ་སྐལ་དུ་ཤར་བའི་སྐབས་ཤིག་ཡེ་ནས་མེད་དོ། །
ཕྱོགས་གཞན་ནས། དུས་རབས་བཅུ་པའི་རྗེས་སུ། འདུ་ཤེས་འཛིན་སྟངས་གསར་བ་ཞིག་གི་ངོས་ནས་བོད་བཙན་པོའི་སྐབས་ཀྱི་བསྟན་པའི་མེ་རོ་སླར་གསོས་ཏེ། མྱུར་དུ་ནང་ཆོས་དེ་བོད་ཀྱི་གྲལ་རིམ་མཐོ་དམའ་ཀུན་ཁ་དན་ཚིག་ལ་གནས་པའི་དཔང་པོ་དང་། ཀུན་གྱིས་གུས་བཀུར་བླ་མེད་ཞུ་བའི(ཆོས་ལུགས)དབང་ཤུགས་ཤིག་ཏུ་གྱུར། དེས་བཙན་པོའི་རྒྱལ་རབས་སིལ་ཐོར་དང་རྒྱལ་པོའི་ཤེད་མོང་ཉམ་དམས་སུ་སོང་བའི་བོད་མིའི་སྤྱི་ཚོགས་སུ་སླར་ཡང་ཁྱད་འཕགས་ཀྱི་དབང་ཐང་ཞིག་བསྐྱེད་པར་བགྱིས། ནང་ཆོས་ཀྱི་བསམ་པའི་འཁྱེར་སོ་དང་བོད་མིའི་སྤྱི་ཚོགས་གཉིས་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་བསྟན་ཆབ་སྲིད(佛教政治)ཀྱི་སྲོལ་གཏོད་དེ། དུས་རབས་བཅུ་པ་ནས་བཅུ་གསུམ་པའི་བར་བོད་ཀྱི་ཆབ་སྲིད་སྒྲིག་གཞིའམ། ཆབ་སྲིད་རིག་གནས་གཉིས་ཀའི་གང་ཡིན་ནའང་ཚང་མ་ནང་ཆོས་ཅན་དུ་གྱུར། འདི་ལྟ་བུའི་ལམ་ལུགས་ནི་ཡོངས་གྲགས་སུ། ཐོག་མར་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དང་དུས་མཇུག་ལ་ཡོན་རྒྱལ་རབས་ཀྱི་རོགས་དན་འོག་ས་སྐྱ་པས་བོད་ཡོངས་ལ་དབང་བསྒྱུར་བའི་སྐབས་ཐོག་དེར་བྱུང་བར་ཁས་འཆེས་མོད། ཡིན་ནའང་དེབ་འདིར་གླེང་བའི་སྔ་དུས་ཀྱི་གུ་གེའི་རྒྱལ་རབས་ནི་ཏག་ཏག་ས་སྐྱ་པའི་སྲིད་དབང་བྱུང་བ་དང་འཕེལ་རྒྱས་ཀྱི་སྐབས་ཐོག་གཅིག་ཏུ་འཁེལ་ལ། གུ་གེ་རྒྱལ་རབས་ཀྱི་ཐོག་མའི་སྲིད་དབང་ཉམ་དམས་སུ་སོང་བ་དེ་དང་། ས་སྐྱ་པས་བོད་ཡོངས་ལ་དབང་བསྒྱུར་བའི་ཆབ་སྲིད་ལམ་ལུགས་གསར་བ་དེ་གཉིས་བར་ལའང་འབྲེལ་བ་དམ་ཟབ་ཡོད། གལ་ཏེ་ས་སྐྱ་པའི་སྲིད་དབང་ནི་དུས་ཕྱིས་བོད་ཀྱི་གྲུབ་མཐའི་སྲིད་དབང(教派政权)གི་ངོ་ཚབ་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཏུ་བཤད་ན། གུ་གེ་རྒྱལ་རབས་ནི་དུས་སྐབས་དེའི་འཇིག་རྟེན་སྲིད་ལུགས་ཀྱི་དབང་ཆའི་ངོ་ཚབ་ཏུ་བཤད་རུང་ལ། དེར་མ་ཟད། གྲུབ་མཐའི་སྲིད་དབང་མ་བྱུང་སྔོན་ནས་ཆབ་སྲིད་སྒྲིག་གཞི་དང་ཆབ་སྲིད་རིག་གནས་ནང་ཆོས་ཅན(佛教化)གྱི་ལམ་ཁ་གསར་དུ་གཏོད་ཡོད། དེང་སྐབས་ཆ་ཚང་བའི་དཔང་རྟགས་མང་པོར་ཁུངས་བཅོལ་ན། གུ་གེ་རྒྱལ་རབས་ནི་བོད་ཡུལ་གྱི་ཆེས་སྔ་ཤོས་ཀྱི་ཆོས་སྲིད་ཟུང་འབྲེལ(政教合一)ལམ་ལུགས་ཕྱག་ཏུ་བསྟར་བའི་ས་གནས་རང་བཞིན་གྱི་སྲིད་དབང་ཡིན་པ་མངོན། དེ་བཞིན་དུ་རྔོ་ཐོགས་པའི་འབྲས་བུའང་ལེགས་པར་སྨིན། ཡིན་ནའང་། སྲིད་དབང་དེའི་དབང་ཆའི་གྲུབ་ཚུལ་གྱི་ངོ་བོའི་སྟེང་སྔར་བཞིན་འཇིག་རྟེན་ཁྱིམ་པའི་དབང་ཆ་ནི་ཆེས་མཐོའི་སྲིད་ཇུས་སུ་མངོན། དེ་ནི་ས་སྐྱའི་སྲིད་དབང་གིས་ངོ་ཚབ་བྱས་པའི་གྲུབ་མཐའི་སྲིད་དབང་དང་ཁྱད་པར་ཆེན་པོ་འདུག བོད་མིའི་སྤྱི་ཚོགས་ནང་བོད་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་བའི་རྗེས་སླར་ཡང་དབང་ཆ་གཅིག་བསྡུས་ཀྱིས་གསར་དུ་གྲུབ་པའི་གུ་གེ་རྒྱལ་རབས་ཀྱི་ཆོས་སྲིད་ཀྱི་འབྲེལ་བའི་ཚུལ་ནི། ཆོས་ལུགས་དབང་ཆ་གཙིགས་སུ་བཀུར་བའི་ཆོས་སྲིད་ཀྱི་འབྲེལ་བ་དང་མི་མཐུན་པའི་འཕེལ་ཕྱོགས་ཤིག་ཡིན། གུ་གེའི་སྲིད་དབང་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག དུས་ཕྱིས་ཀྱི་ས་སྐྱའི་སྲིད་དབང་དང་། ཕག་གྲུའི་སྲིད་དབང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་བཅས་ཀྱི་འཕྲིན་ལས་ཀྱང་རྒྱ་ཆེར་རྒྱས་པ་མ་ཟད། བོད་ཀྱི་ཆབ་སྲིད་ཀྱི་རྩ་བའི་རྒྱུན་སྲོལ་ཁྲོད་སྔར་ལས་མངོན་གསལ་ཆེ་རུ་འདུག དེའི་དབང་གིས་དེབ་འདིར་གུ་གེ་རྒྱལ་རབས་ཀྱི་ཐོག་མའི་ཆབ་སྲིད་ལོ་རྒྱུས་ཀྱི་ཞིབ་འཇུག་ནི། དུས་རབས་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་བོད་ཆེན་པོའི་སྤྱི་ཚོགས་ཀྱི་ཆོས་སྲིད་འབྲེལ་བའི་ཁྱབ་ཁོངས་སུ་བཞག་སྟེ། བོད་ཡུལ་གྱི་ས་གནས་རང་བཞིན་གྱི་འཇིག་རྟེན་པའི་སྲིད་དབང་དང་། དམིགས་ཀྱིས་གུ་གེ་རྒྱལ་རབས་དཀྱུས་སུ་བཟུང་བ་ནས་སྔར་ལས་གཏིང་ཟབ་སྒོས། དུས་རབས་བཅུ་པ་དང་བཅུ་གསུམ་པའི་བར་གྱི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཤེས་རྟོགས་ཟབ་མོ་ཞིག་ཡོང་བ་བྱའོ། །
རྩོམ་གྱི་ཡོང་ཁུངས། «དུས་རབས་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་གུ་གེ་རྒྱལ་རབས་ཀྱི་ཆབ་སྲིད་ལོ་རྒྱུས་ཞིབ་འཇུག»(10~13世纪古格王国政治史研究) 社会科学文献出版社;2021.3.1
འབྲེལ་ཡོད་འོས་སྦྱོར།