བཙན་པོ་ཁྲི་དར་མ་འུ་དུམ་བརྩན་གྱི་ལོ་རྒྱུས་དག་སེལ་གྱི་གཏན་ཚིགས་འགའ།
རྩོམ་པ་པོ།:ར་སེ་དཀོན་རྒྱམ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2023-04-19
ཀློག་གྲངས།:
དེ་ཡང་ཉེ་རབས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱས་འབྲས་མང་པོ་ཐོབ་པ་ལས། བཙན་པོ་ཁྲི་དར་མ་འུ་དུམ་བརྩན་གྱིས་ནང་ཆོས་བསྣུབས་པར་བཤད་པའི་ལོ་རྒྱུས་འཁྱོག་བཤད་ཆེན་པོ་ལ་ཡོ་བསྲང་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མ་འོངས་པར་སྐྱེ་བ་སྔོན་མར་སྨོན་ལམ་ལོག་པའི་དབང་གིས་བསམ་བཞིན་ནང་བསྟན་བསྣུབས་པའི་གཏེ་བོ་ཡིན་པའི་ལུང་བསྟན་པར་བཤད་པའི་རིགས་དང་། དེ་དག་གི་རྗེས་ཞུགས་རྣམས་པས་ཀྱང་བཙན་པོ་དར་མ་འུ་དུམ་བརྩན་ནི་སྨོན་ལོག་བདུད་རྒྱལ་ཡིན་པའི་ཞྭ་ནག་གདུག་པ་ཅན་བཀོན་པའི་ལོ་རྒྱུས་ཡོངས་རྫོགས་ནི་བརྫུན་བཟོ་ལོག་བཤད་མ་དག་རྒྱུན་འབྱམས་ཡིན་པ་གསལ་བཤད་གང་ལེགས་བྱུང་ཡོད་པའི་གནས་སྟངས་འདི་རེད་ལ། འདིར་ཡང་ཡིག་རྙིང་ཁག་ཅིག་མཚམས་སྦྱོར་ཞུ་བར་འདོད་དོ། །
ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ་ཨང་རྟགས་ནི། pel.tib༠༡༣༤པ། བཙན་པོ་ལྷ་སྲས་འུའི་དུན་བརྟན་ཀྱྀ་སྐུ་ཡོན་དུ་བསྔོ་བའྀ་སྨོན་ལཾ་དུ་གསོལ་པཱ། ཞེས་པའི་ཁ་བྱང་ཅན། བཙན་པོ་འུའྀ་དུན་བརྟན་གྱི་ཞ་སྔ་ནས་ཀྱང་། ཚེའི་བར་ཆད་ཀྱྀ་བགེགས་དང་བྲལ་ཏེ། ཚེ་ལ་དབང་བར་སྨོན་ནོ། །གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩྀགས་ཤིང་རྙིང་བཅོས་པ་ཡང་ལྷ་དང་མྱྀའྀ་མཆོད་པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་དམ་པའི་ཆོས་མྱྀ་འཇིག་ཅིང་གནས་པར་གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་ཀྱྀ་གཞིར་གྱུར་ཅིག ཅེས་སོགས་ཡིག་ཕྲེང༥༠ཅན་བཞུགས་པར་བཙན་པོ་ཁྲི་དར་མས་ནང་བསྟན་སྲུང་བ་དང་ཡུན་དུ་གནས་པའི་ཐབས་ལ་འབད་པའི་དམ་བཅའ་བརྟན་པོ་བཟུང་བའི་ཚུལ་གསལ་ཡོད། ཞིབ་པར་གཟིགས་ན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་བའི་ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་དེབ་གསུམ་པའི་ཤོག་ངོས་༥༥༣ན་གསལ་ཡོད།
དེ་བཞིན་གོང་གསལ་དཔེ་ཚོགས་དེབ་བརྒྱད་པའི་ངོས༤༩༠ལས། བོད་ཡུལ་དུ་དམ་ཆོས་དར་བའི་སྣང་ཚུལ་བཀོད་པ། །ཡུལ་མཐོ་ས་གཚང་བོད་ཀྱི་ཡུལ། །གངས་རྀ་མཐོ་གཚང་ཀུན་ཀྱི་གཉ། །ཆུ་བོ་ཀླུང་ཡས་ཀུན་ཀྱི་མགོ། །ལྷ་གཉན་ཡུལ་དབྱིངས་དཀྱིལ་འདི་ན། །རྒྱལ་པོ་ཙ་ཞེས་བྱ་བ་དེ། །ལྷའི་རིགས་ལ་བྱང་ཅུབ་སེམས་དཔའི་རྒྱུ། །ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱིས། །དམ་ཆོས་སློབས་དཔོན་རྒྱ་གར་ཡུལ་ནས་སྤྱན་དྲངས་ཏེ། །མུན་ནག་དཀྱིལ་དུ་སྒྲོན་བཏེག་བཞིན། །རྒྱལ་ཁམས་ཕྱོགས་ཀྱང་སྩོད་པར་གནང་། །བྱང་ཅུབ་མཆོག་གི་ལམ་ལ་བཀོད། །ལྷ་སྲས་ལྷའི་དྲིན་རེ་ཆེ། །བཀ་ལུང་གཞུང་དང་འཐུན་པའི་ཚེ། །ཕྱི་ནང་གཉིས་ཀྱི་སློབ་དཔོན་དང་། །ལས་ཀྱི་རྡོ་རྗེ་མཁས་དང་གསུམ། །མ་འདྲེས་སྤྱོད་ལམ་འདི་ལྟ་བུ། །མཁས་བཙུན་སྤྱོད་མཁས་འཁྲུག་པ་མྱེད། །བོད་ཁམས་ཀུན་ཀྱང་བདེ་ཞིང་སྐྱིད། །ལྷ་སྲས་དར་མ་མན་ཅད་དང་། །འོད་སྲུང་དབོན་སྲས་ཡན་ཅད་དུ། །སྤྱི་ནི་དམ་ཆོས་ད་ཅིང་རྒྱས། །ཧ་ཅང་དར་ཅྀང་རྒྱས་ཅེས་པས། །མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད། །སོགས་བཀོད་ཡོད་པས་ཀྱང་། བཙན་པོ་དར་མ་དང་སྲས་འོད་སྲུང་། དབོན་སྲས་དཔལ་འཁོར་ཅན་ཡན་ལ་ནང་པ་དར་རྒྱས་ཧ་ཅང་ཆེ་ཚུལ་བསྟན་འདུག་པས་སྐབས་དེའི་གནས་སྟངས་དངོས་ཤེས་ནུས་སོ། །
གོང་གསལ་དེབ་འདིའི་ངོས༥༦༠ལས། ༣ དེ་བ་པུ་ཏྲའི་རྣམ་ཐར། །་་་་བོད་ཡུལ་དུ་གཤེས་ཏེ། བོད་ཀྱི་ལྷ་བཙན་པོ་ཐམས་ཅད་ལ། ཆོས་བཤད་ཅིང་དབང་བསྐུརས། གངས་ཏི་སེ་ལ་བསྙེན་བསྒྲུབ་ཟབ་མོ་བགྱིས། །མཚོ་མ་འཕང་ལ་འཁྲུས་བརྒྱིས་ནས། །ཆོས་འཁོར་བསམ་ཡས་སུ་གདན་གཤགས། བཅོམ་ལྡན་འདས་ཀྱི་རིང་ལུགས་དང་། དབས་རྒྱལ་བ་ཡེ་ཤེས་དང་མཁས་བཙུན་མང་པོ་གིས། དགེ་འདུན་སྡེ་གཉིས་གིས། མཆོད་གནས་ཆེར་མཛད། ཞེས་སོགས་བཀོད་འདུག་པས། དབས་རྒྱལ་བ་ཡེ་ཤེས་ནི་བཙན་པོ་འོད་སྲུང་དང་དཔལ་འཁོར་བཙན་གྱི་དུས་སུ་བྱོན་པ་ཅིག་ཡིན་པ་ནི་མངོན་པ་ཀུན་བཏུས་སོགས་མངོན་པ་སྔ་འགྱུར་གྱི་བརྒྱུད་རིམ་ཀུན་ན་ཤིན་ཏུ་གསལ་བས། སྐབས་དེར་ནང་བསྟན་དར་རྒྱས་དང་བསམ་ཡས་སུ་དགེ་འདུན་མཁས་བཙུན་མང་པོ་བཞུགས་པའི་སྐབས་ཡིན་པར་གསལ་པོར་བསྟན་ཡོད་དོ། །
གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་སྔ་འགྱུར་རྙིང་མའི་བབས་སོ་ལས་གཉགས་གནུབས་ཟུར་གསུམ་གྱི་ཡ་གྱལ་ཡིན་ལ། བཙན་པོ་དཔལ་འཁོར་བཙན་གྱི་སྐུ་རིང་ལ་འཕྲིན་ལས་ཆེ་སྐབས་ཡིན། ཁོང་གི་འཁྲུངས་ལོ་སྔ་ཕྱིའི་མཁས་པས་བཞེད་པའི༧༨༤ལོ་དང་། ༨༣༢ལོ། ༨༤༤ལོ་གསུམ་ཡོད་ཅིང་། ཁོང་གི་རང་རྣམ་གནུབས་སངས་རྒྱས་རིན་པོ་ཆེའི་བཀའ་ཤོག་རྒྱ་བོ་ཆེ་ཞེས་པ་དེར་ལེགས་པར་གཞིགས་ན་རང་རྣམ་དུ་གསལ་བའི་འཁྲུངས་ལོ་ཤིང་བྱི་དེ་ནི་བཙན་པོ་དར་མ་གཤེགས་པའི་རྗེས་ཀྱི༨༤༤དེ་ཡིན་ལ། དཔལ་སྤྲུལ་གྱི་བསྟན་རྩིས་ནའང་འདི་ཀ་བཞེད་ཡོད། དེར་ལོ་དྲུག་ལོན་ནས་དཔལ་གྱི་བསམ་ཡས་སུ། །རྒྱ་གར་ཡུལ་ནས་བ་སུ་དྷ་ར་བྱོན། །རྒྱལ་པོ་མངའ་ཐང་ཆེ་བས་ལོ་གསུམ་ཆོས་འཁོར་བསྐོར། །ཞེས་གསལ་བས་ན། དེ་དུས་བཙན་པོ་ཁྲི་འོད་སྲུང་གི་སྐབས་ཡིན་པས། ནང་ཆོས་མ་ཉམས་པར་དར་བའི་སྐབས་ཡིན་པར་བསྟན་པ་དང་། རང་རྣམ་འདིར་བཙན་པོ་དར་མས་བསྟན་པ་བསྣུབས་ཚུལ་གཏན་ནས་མ་གསལ་བ་འདིས་རང་ཅག་ལ་གསལ་བཤད་གང་གནང་ཡོད་དམ།
བོད་རིག་པའི་མཁས་དབང་ཆེན་མོ་མཁར་རྨེའུ་སོགས་ཀྱིས་བཙན་པོ་དར་མས་ཆོས་བསྣུབས་མེད་ཚུལ་གསལ་བཤད་གནང་ཡོད་ཀྱང་། གནས་ལུགས་དང་ལེན་མི་བྱེད་པར་རིགས་འདིའི་ཆེ་ཕྲ་ཕལ་མོ་ཆེ་ནི་མ་དག་རྒྱུན་འབྱམས་ཁོ་ན་ལ་ཐུགས་མཉེས་ཏེ། ད་དུང་ཡང་ཆོས་ར་དང་དམངས་ཁྲོད་གང་སར་བཙན་པོ་དར་མ་ནི་གླང་གི་སྐྱེ་བ་ཡིན་རབས། གླང་གི་དབྱིབས་ཡོད་རབས། བདུད་རྒྱལ་ཡིན་རབས། བསྟན་པ་བསྣུབས་རབས་གླེང་བཞིན་པའི་སྣང་ཚུལ་འདི་ལ་འགྱུར་བ་འགྲོ་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་དམ་ཉམ་དང་ལྟ་ལོག་གི་ཞྭ་མོ་ཆེན་པོ་ཅིག་གནང་རྒྱུ་ཐེ་ཚོམ་མི་འདུག་ན་ཡང་། བདེན་དོན་ནི་ཉུང་ངུའི་ལག་ཏུ་གནས་ཤིང་ནམ་ཡང་བདེན་དོན་ཡིན་གཤིས། འདིར་ནི་རང་གིས་ཆེས་གནའ་བོའི་ཡིག་རྙིང་ཅི་རིགས་དཔེ་ཀློག་གི་འབྲས་བུ་མི་བརྗེད་པའི་གཟུངས་སུ་ཟིན་བྲིས་སུ་བཀོད་པ་ཡིན་ལ། ཞིབ་ཆ་ནི་ལོགས་སུ་སྤྲོ་བྱ་ལས་ཉུང་ངུའི་ལམ་ནས་མཚོན་པར་མི་ནུས་པ་ལགས་སོ། །
འབྲེལ་ཡོད་འོས་སྦྱོར།