སྐུ་བླ་གསོལ་བའི་ཆོ་ག་ནས་གཤེན་རབ་མི་བོའི་ལོ་ཚིགས་བར་གྱི་མོལ་གཏམ་རིང་མོ།
རྩོམ་པ་པོ།:ཡུལ་ཤུལ་ཚེ་དབང་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-08
ཀློག་གྲངས།:
༡ སྐུ་བླ་གསོལ་བའི་ཆོ་གའི་དགོས་གལ།
སྐུ་བླ་གསོལ་བ་ནི་བཙན་པོའི་རྒྱལ་སྲིད་ཀྱི་དོན་གལ་ཆེན་ཞིག་ཡིན་ལ། བྱེད་སྒོ་འདི་ནི་སྲིད་པ་བོན་གྱི་ཆོས་ལུགས་དང་འབྲེལ་ཞིང་གནའ་བོའི་བོད་ཀྱི་ལྷ་གསོལ་ཆོ་གའི་གཙོ་བོ་ཞིག་ཀྱང་ཡིན།
རྒྱུ་མཚན་དེར་བརྟེན་ནས་ནང་ཆོས་རྒྱ་ཆེར་སྤེལ་སྐབས་ཀྱི་ཐོག་མའི་ཆར་ཡང་བློན་པོ་རྣམས་ཀྱིས་ཆོས་གསར་པ་འདི་སྐུ་བླ་གསོལ་བའི་ཆོ་ག་དང་མི་མཐུན་པས་འདི་ཉིད་སྤྱད་ན་བཙན་པོ་སྐུ་ཚེ་ཐུང་བ། རྒྱལ་སྲིད་ཉམས་པ། མི་ཕྱུགས་ལ་ནད་ཡམས་ལྡང་བ། ཞིང་ལ་བཙའ་སད་ཕོག་པ་སོགས་ཀྱི་རྐྱེན་ངན་ཡོང་བར་དོགས་ནས་དགག་བྱ་ཅི་རིགས་བྱས་ཚུལ་ཁྲི་སྲོང་ལྡེ་བཙན་གྱི་བསམ་ཡས་མནའ་གཙིགས་ལས་གསལ་ཏེ། དེ་ཉིད་ལས། དེ་ནས་དགེ་བའི་བཤེས་གཉེན་གྱིས་བསྟངས་ཏེ་ཆོས་ཀྱང་གསན། ཡི་གེ་ཡང་སྤྱན་སྔར་བྲིམས་ནས། སངས་རྒྱས་ཀྱི་ཆོས་དཔེལ་ཞིང་མཛད་པར་སྒྲོམས་སོ། །དེ་ན་བོད་ཀྱི་ཆོས་རྙིང་བ་མ་ལགས་ལ། སྐུ་ལྷ་གསོལ་བ་དང་ཆོ་ག་མྱི་མཐུན་པས། ཀུན་ཀྱང་མ་ལེགས་སུ་དོགས་ཏེ། ལ་ལ་ནི་སྐུ་ལ་དམར་ཡང་དོགས། ལ་ལ་ནི་ཆབ་སྲིད་གོད་གིས་ཀྱང་དོགས། ལ་ལ་ནི་མི་ནད་ཕྱུགས་ནད་བྱུང་གིས་ཀྱང་དོགས། ལ་ལ་ནི་མུ་གེ་ལངས་བབ་ཀྱིས་ཀྱང་དོགས་སོ། །ཞེས་འཁོད།
གཙིགས་ཡིག་འདི་ནི་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེང་གྲུབ་པའི་རྗེས་ཐོག་ཏུ་བྲིས་པ་ཞིག་སྟེ། བཙན་པོའི་དུས་རབས་ཀྱི་ཡིག་ཚང་གལ་ཆེན་ཞིག་ཡིན་ལ། དེའི་བཤུས་ཡིག་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་དུ་ཆ་ཚང་ཇི་བཞིན་པ་བཀོད་ཡོད།
གོང་དུ་གསལ་བའི་རྣམ་པར་རྟོག་པ་དེ་ནི་ད་ལྟ་ང་ཚོས་ལྷ་ཆེ་གེ་མོ་ཞིག་བསྟེན་ཚར་དུས་ལྷ་ག་གེ་མོ་གཞན་ཞིག་བསྟེན་ན་འཁུ་ལྡོག་གི་གནོད་པ་ཆེན་པོ་འབྱུང་བར་རྟོག་པ་དང་ཆ་མཚུངས་སོ། །
དེ་བཞིན་ཁྲི་ལྡེ་སྲོང་བཙན་གྱིས་རྐོང་དཀར་པོར་གནང་བའི་གཙིགས་ཡིག་ལས། མཆེད་གཉིས་ཀྱི། སྐུ་བླ་གཉན་པོ་གསོལ་བ་དང་། སྐུ་བླ་དེ་མོ་དང་བཤོས་པ་ཡབ་ལྷ་བདག་བགྱྀད་ཀྱིས་ཀྱང་། ལྷ་སྲས་ཀྱྀ་སྐུ་རྀམ་གྲོ་ལ། བདགྀ་སྲོག་ལའ་བབ་པ་མན་ཆད་ཀྱྀ་ཆོ་གར་མཛད་པ། སྲོག་ཕོབས་མ་བགྱྀས་ཏེ། ལྷ་སྲས་ཀྱྀ་ཆབ་སྲྀད་འདི་ལྟར་མཐོ། དབུ་རྨོག་བརྩནད། ཞེས་གྲི་གུམ་སྐུ་སྲོག་ཤོར་ནས་སྤུ་རྒྱལ་བའི་རྒྱལ་སྲིད་ཆེར་ཉམས་པ་ན་སྲས་ཤ་ཁྲི་དང་ཉ་ཁྲི་མཆེད་གཉིས་ཀྱིས་སྲོག་ལ་ཐུག་པ་མན་གྱི་དཀའ་བའི་ཚེགས་དང་དཀོན་པའི་ཡོན་སྦྱར་ནས་སྐུ་བླ་གཉན་པོ་གསོལ་བ་སོགས་ཀྱི་རིམ་གྲོའི་ཆོ་ག་བགྱིས་པའི་མཐུས་བཙན་པོའི་རྒྱལ་སྲིད་བསྐྱར་དར་བྱུང་ཚུལ་བཤད་ཡོད།
གཙིགས་ཡིག་འདི་ནི་ཁྲི་ལྡེ་སྲོང་བཙན་གྱིས་སྤྱི་ལོ799-815བར་སྐབས་ནས་རྐོང་རྗེ་དཀར་པོ་ལ་གནང་བ་རྐོང་ཡུལ་གྱི་བྲག་ངོས་སུ་བརྐོས་པ་ད་ལྟའང་ཆ་ཚང་བལྟར་ཡོད་པ་ལགས།
གཙིགས་ཡིག་དེ་ལས། སྐུ་བླ་གཉན་པོ་གསོལ་བ་དང་།ཞེས་པ་ལྟར། སྐུ་བླ་འདི་ནི་མཆོད་པ་ཚུལ་བཞིན་བྱས་ན་ཁ་འཛིན་སྡོངས་གྲོགས་ཆེ་ཞིང་། གནོད་འགལ་བྱས་ན་འཁུ་ལྡོག་ཆག་ཆེན་ཡོང་བའི་ཡུལ་གཉན་པོར་བརྩི་བ་སྟེ། བྲག་ཡབ་རི་མདའི་རྣམ་སྣང་གི་བཞེང་བྱང་བརྐོས་ཡིག་ལས། སྐུ་བླ་དང་། དར་མ་གཉན་པ་འདི་ལ་ཕྱག་འཚལ་ཞྀང་མཆོད་པ་བྱས་ན་ཇྀ་སྨོན་ཏོ་ཅོག་འགྲུབ་ཅིང་། ཚེ་ཕྱི་མ་ལ་ཡང་ལྷ་ཡུལ་དུ་སྐྱེའོ། །ཁ་དན་ནམ་རྐྱལ་ཀ་བྱས་ན་འཕྲལ་དུ་ཡང་ནད་ལ་སྩོགས་པ་ཉེས་པ་སྣ་ཚོགས་འབྱུང་ལ།ཞེས་གསལ།
ཡུལ་གཉན་པོར་བརྩི་བས་ན་དམ་ཆོས་མི་གཞིག་པའི་མནའ་གཙིགས་ཀྱི་དཔང་པོའི་གྲལ་དུ་ཡང་བཞག་ཡོད་དེ། མནའ་གཙིགས་ལས། གནམ་སའི་རིམ་པའི་ལྷ་འོ་ཅོག་དང་། བོད་ཡུལ་གྱི་སྐུ་བླ་དང་། ལྷ་དགུ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་། མི་མ་ཡིན་པ་ཐམས་ཅད་དཔང་དུ་གསོལ་ཏེ།ཞེས་སོ། །
ཚུལ་དེ་དག་གིས་བཙན་པོའི་དུས་སྐབས་སུ་སྐུ་བླ་གསོལ་བའི་ཆོ་ག་ནི་ཆེས་གཙོ་གལ་ཆེ་བའི་བོན་པོའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་པ་ངེས་ཐུབ་བོ། །
སྐུ་ལྷ་དང་སྐུ་བླ་ཞེས་འབྲི་སྟངས་གཉིས་བྱུང་བ་ནི་དོན་གཅིག་ལགས་མོད། དེ་ལྟར་བྲིས་པའི་ཡིག་ཚང་ལ་དཔྱད་ན་འབྲི་སྲོལ་གསར་རྙིང་གི་ཁྱད་པར་ཏེ། སྐུ་བླ་ཞེས་པ་ནི་བཙན་པོའི་དུས་སྐབས་ཀྱི་འབྲི་ཚུལ་དང་། སྐུ་ལྷ་ཞེས་པ་ནི་བསྟན་པ་ཕྱི་དར་སྐབས་ཀྱི་འབྲི་ཚུལ་དུ་མངོན།
༢ སྐུ་བླ་ནི་གང་ལ་ངོས་འཛིན་པ།
འོ་ན་བཙན་པོའི་སྐུ་བླ་དེ་སུ་ཡིན་ནམ་ཞེ་ན། སྤྱིར་གནའ་དུས་ཀྱི་རྒྱལ་ཕྲན་རྗེ་བོ་སོ་སོ་ལ་སྐུ་བླ་རེ་ཡོད་པ་སྟེ། ཏུན་ཧོང་གཏེར་ཡིག་ནང་གི་རྒྱལ་ཕྲན་སིལ་མའི་ལོ་རྒྱུས་ནང་དུ། རྒྱལ་ཕྲན་བཅུ་གཅིག་གི་ལྷ་བཅུ་གཅིག་གསལ་བ་དེ་རྒྱལ་ཕྲན་སོ་སོའི་སྐུ་བླ་ཡིན་པ་འདྲ།
རྒྱལ་ཕྲན་བཅུ་གཅིག་ལས་རྐོང་རྗེ་དཀར་པོའི་ལྷ་ནི་རྐོང་ལྷ་དེས་ལེགས་ཡིན་པ་གོང་གི་ཡིག་ཆ་དེ་རང་ལ་གསལ་ཏེ། དེ་ཉིད་ལས། ལྷ་རྐོང་ལྷ་དེས་ལེགས། རྗེ་རྐོང་རྗེ་དཀར་པོ།ཞེས་སོ། །
རྐོང་དཀར་པོའི་གཙིགས་ཡིག་ལས། སྐུ་བླ་དེ་མོ་དང་བཤོས་པ། ཞེས་རྐོང་རྗེའི་སྐུ་བླ་ནི་དེ་མོ་ཡིན་པ་གསལ་བས། གལ་ཏེ་དེས་ལེགས་དང་དེ་མོ་གཉིས་གཅིག་པ་ཡིན་སྲིད་ན་རྒྱལ་ཕྲན་སོ་སོའི་ཡུལ་ལྷ་གཙོ་བོ་དེ་སྐུ་བླ་ཡིན་པའི་ངེས་པ་ལྷག་ཏུ་ཆེའོ། །
ཡོ་ག་ལྷ་གྱེས་ཅན་ལས། སྲིད་པའི་ལྷ་རབས་བཅུ་དྲུག་པ་ཡབ་ལྷ་བདལ་དྲུག་གི་གཅུང་པོ་འོ་དེ་གུང་རྒྱལ་རྐོང་ཡུལ་དུ་བྱོན་ནས་ཐང་ང་རྐོང་མོ་ཐར་དང་བཤོས་པའི་སྲས་རྐོང་ལྷ་དེ་ཡག་འཁྲུངས་པར་བཤད་པ་དེ་ཡང་རྐོང་ལྷ་དེས་ལེགས་དང་གཅིག་ཡིན་དགོས་སུ་སྣང་། དེ་ལྟར་ན་རྐོང་ལྷ་དེ་ཡག་གམ་དེས་ལེགས་སམ་དེ་མོ་ནི་ཕྱིས་སུ་གཉའ་ཁྲི་བཙན་པོའི་ཨ་ནེ་རུ་བཀུར་བ་ཡིན་པས། གཉའ་ཁྲིའི་མི་རབས་དགུ་པ་སྲས་མཆེད་གཉིས་ལ་ལྟོས་ན་གལ་ཆེ་བ་ཞིག་ཀྱང་རེད།
ཡོ་ག་ལྷ་གྱེས་ཅན་ནི་རྗེ་གཉའ་ཁྲི་བཙན་པོའི་གདུང་ཁུངས་ཞིབ་པར་སྨོས་པའི་བསྒྲགས་པ་བོན་ལུགས་ཀྱི་གནའ་བོའི་ལྷ་སྒྲུང་གཏམ་རྒྱུད་ཅིག་ཡིན་ལ། འདི་ཉིད་ཕལ་ཆེར་ཆ་ཚང་བ་ཞིག་ལྡེའུ་ཆོས་འབྱུང་ཆེ་བ་རུ་བཀོད་ཡོད།
དེ་བཞིན་སྒྲུང་དེ་ནི་ཏུན་ཧོང་གཏེར་ཡིག་ནང་གི་གཉའ་ཁྲི་བཙན་པོའི་གདུང་ཁུངས་སྨོས་པ་ལས། གཉའ་ཁྲི་བཙན་པོའི་ཡབ་ནི་ལྷ་ཀུ་སྤྱི་སེར་བཞིས་ཡིན་པ་དང་། གནོད་སྦྱིན་ཛ་ཡིན་པ་དང་། ཁྲི་བར་བདུན་ཚིགས་ཡིན་པའི་བཤད་ཚུལ་གསུམ་ལས་གསུམ་པ་དེ་རྒྱས་པར་བཀྲལ་བ་ཞིག་ཡིན་པ་གཞུང་དངོས་ལ་བལྟས་ན་ཧ་ཅང་གསལ་པོ་ཡིན་ལ། བཙན་པོའི་རྒྱལ་རབས་ཀྱི་ངོས་ནས་བཤད་ཚུལ་འདི་ཉིད་གཙོ་བོར་བཟུང་ཡོད་པ་ནི་རྐོང་དཀར་པོའི་གཙིགས་ཡིག་ལས། ཐོག་མར་ཕྱྭ་ཡབ་བླ་བརྡལ་དྲུག་གྀ་སྲས་ལས། ཉ་ཁྲྀ་བཙན་པོ་མྱི་ཡུལ་གྱྀ་རྗེར། ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད།ཅེས་དང་། ཏུན་ཧོང་ཡིག་རྙིང་ནང་གི་གཉའ་ཁྲི་བཙན་པོ་བོད་ཀྱི་རྗེ་བོར་གྱུར་པའི་ལོ་རྒྱུས་ལས། ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ། གནམ་ལྷབ་ཀྱི་བླ་ན་ཡབ་ལྷ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲིའི་བདུན་ཚིགས་དང་བདུན། ཁྲྀའི་བདུན་ཚིགས་ཀྱྀ་སྲས། ཁྲི་ཉག་ཁྲི་བཙན་པོའ།ཞེས་དང་། ཏུན་ཧོང་ཡིག་རྙིང་ནང་གི་སྤུ་རྒྱལ་བཙན་པོའི་གདུང་རབས་ཀྱི་ཡིག་ཚང་ལས། གནམ་ལྷབ་ཀྱྀ་བླ་ན་ཡབ་བླ་བདག་དྲུག་བཞུགས་པའྀ་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲིའི་བདུན་ཆྀགས་དང་བདུན། ཁྲིའི་བདུན་ཆྀགས་ཀྱི་སྲས། ལྡེ་ཉག་ཁྲི་བཙན་པོ། ཞེས་པ་དག་གིས་ཤིན་ཏུ་གསལ་ལོ། །
ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོང་ནས་སྤུར་ཟངས་སྒམ་དུ་བཅུག་ནས་ཡར་ཀླུང་གཙང་པོར་བསྐུར་བ་ན་མཐར་སྤུར་སྒམ་རྐོང་པོའི་ཁོག་ཏུ་ཡར་ཀླུང་གཙང་པོའི་འཁྱིལ་ཁུགས་ཞིག་ཏུ་ལོ་མང་པོར་ལུས་ཤིང་། དོན་དེ་ལ་ཏུན་ཧོང་ཡིག་རྙིང་གི་གྲི་གུམ་བཙན་པོའི་ལོ་རྒྱུས་སུ། བཙན་པོ་གྲི་གུམ་ཡང་དེ་རུ་བཀྲོངས་ནས། སྤུར་ཟངས་རྒྱ་ཁ་སྤྲོད་ཀྱི་ནང་དུ་བཅུག་སྟེ་གཙང་ཆུའྀ་གཞུང་ལ་བཏང་ངོ་། ཆབ་གཞུག་སེར་ཚངས་སུ་ཀླུ་འོ་དེ་བེད་དེ་རིང་མོའྀ་ལྟོར་གཤེགས་སོ། །ཞེས་བཀོད་ཡོད།
སླད་ནས་སྤུས་ཀྱི་བུ་ངར་ལས་སྐྱེས་དང་སྲས་མཆེད་གཉིས་བཅས་ཀྱིས་ཀླུ་འོ་དེ་བེད་དེ་རིང་མོ་ལ་བུ་མོ་ཞིག་པུར་གྱི་གླུད་དུ་ཕུལ་ནས་བཙན་པོའི་པུར་དེ་བླངས་ཏེ་གྱང་ཏོ་བླ་འབུབས་ཀྱི་མགུལ་དུ་བང་སོ་བརྩིགས་ཚུལ་ཏུན་ཧོང་ཡིག་རྙིང་གི་སྤུ་དེ་གུང་རྒྱལ་གྱི་ལོ་རྒྱུས་སུ་གསལ་ཏེ། འདི་སྐད་དུ། ཆོ་མྱྀ་བྱའྀ་བུ་མོ་ཁྲིད་དེ་སོང་ངོ་། །ཀླུ་འོ་དེ་རིང་མོའི་ལྟོར་སྤུར་གྱྀ་ཀླུད་དུ་བཅུག་སྟེ་བཏང་ངོ་། ཉ་ལྷ་གཉིས་ཀྱིས་བཙན་པོའི་སྤུར་བཟུང་ངོ་། །གྱང་ཏོ་བླ་འབུབས་ཀྱི་མགུར་དུ་བང་སོ་བརྩིག་སོ། །ཞེས་སོ། །འདི་ལས་སྐབས་དེར་དབང་སྒྱུར་གྲལ་རིམ་པ་རྣམས་ཀྱིས་ཡུལ་ལྷ་ལ་མི་ཡི་མཆོད་འབུལ་བྱེད་པའང་ཞོར་ལ་ཤེས་ཐུབ།
ལྡེའུ་ཆོས་འབྱུང་ཆེ་ཆུང་གཉིས་ལས། རྐོང་ཡུལ་སེ་མོ་ཕུག་ཏུ་བང་སོ་བརྩིགས་ནས་བོན་པོ་འཚེ་མི་དང་ཅོ་མི་ཟུང་གིས་གྲི་བཏུལ་བ་མ་ཐུལ་ཏེ། སྤུར་ཡར་ཀླུང་ང་ར་ཐང་དུ་གདན་དྲངས། བོན་པོ་ཟི་རྒྱལ་རྨང་པོས་གྲི་ཐུལ་ནས་སྤུར་དེ་འཕྱོང་པོ་དྲང་མོ་དྲང་ཆུང་གི་ཟོམ་ལ་སྦས་པ་དང་། དྲང་མོའི་གནམ་ལྷ་གསེར་ཐིག་ཏུ་མཚན་གསོལ་ཞིང་ཡུལ་དེའི་ཡུལ་ལྷ་རུ་བཀུར་བར་བཤད་པ་ལྟར་ཡིན་ཡང་ཐང་བ་སྟེ། ཏུན་ཧོང་ཡིག་རྙིང་ནང་གི་བཙན་པོའི་གདུང་རབས་མཐར་ཆགས་སུ་སྨོས་པ་ལས་ཀྱང་། བཤོས་ན་སྤུ་དེ་གུང་རྒྱལ། གྲོང་ན་གྲང་མོ་གནམ་གསེར་བརྩིག ཅེས་འབྱུང་བ་ཡང་། གྲི་གུམ་བཙན་པོ་དེ་ཉིད་ཡུམ་དང་བཤོས་པ་ན་སྲས་སྤུ་དེ་གུང་རྒྱལ་བྱོན་ཅིང་། སྐུ་འདས་པ་ན་ཡུལ་ལྷ་གྲང་མོ་གནམ་གསེར་བརྩིག་བྱུང་བ་ཞེས་པའི་དོན་ལྟར་སྣང་།
རྐོང་ཡུལ་གྱི་གྲི་གུམ་བཙན་པོའི་བང་སོ་ཡོད་སའི་ཕྱོགས་འདི་ལ་ཡུལ་དེའི་ངག་སྒྲོས་སུ་མུ་ཡུལ་སྐྱིད་མཐིང་ཞེས་སུ་བརྗོད་ཅིང་། འདི་ནི་ཡོ་ག་ལྷ་གྱེས་ཅན་ལས་གཉའ་ཁྲིའི་གཤེགས་རབ་ཉེར་བདུན་སྨོས་པ་ལས་དགུ་པ་ལ་མི་ཡུལ་གྱི་མཐིང་དུ་གཤེགས་ཞེས་པའི་ས་ཆ་དེ་ཡིན་ཚོད་ལ། ཡི་གེའི་དག་ཆ་དངོས་ནི་དམུ་ཡུལ་གྱི་མཐིལ་ལམ། དམུ་ཡུལ་སྐྱིད་མཐིང་ཞེས་པ་ཡིན་ཐང་།
གཤེགས་རབ་ཉེར་བདུན་ནི་གཉའ་ཁྲི་བཙན་པོ་དམུ་ཡུལ་ནས་ཡར་ཀླུང་དུ་བསྐྱོད་སྐབས་གནས་སྡོད་བྱེད་མྱོང་བའི་ས་ཆ་ཉེར་བདུན་ལ་གོ་དགོས་པ་ཡིན་ཞིང་། ཡོ་ག་ལྷ་གྱེས་ཅན་ལྟར་ན་དམུ་ཡུལ་ནི་གཉའ་ཁྲི་བཙན་པོའི་ཡབ་ཁྲི་བར་བདུན་ཚིགས་མི་ཡུལ་དུ་གཤེགས་ས་དང་། ཡབ་སྲས་གཉིས་ཀའི་ཞང་པོའི་ཡུལ་ཡིན་པ་རེད། ཏུན་ཧོང་ཡིག་རྙིང་གི་རྒྱལ་ཕྲན་སིལ་མའི་ལོ་རྒྱུས་ལས་ཀྱང་། ཡུལ་རྐོང་ཡུལ་བྲེ་སྣ་ན། ལྷ་རྐོང་ལྷ་དེས་ལེགས། རྗེ་རྐོང་རྗེ་དཀར་པོ། ཞེས་རྐོང་ཡུལ་བྲེ་སྣའི་ཕྱོགས་འདི་རྐོང་ལྷ་དེས་ལེགས་གནས་ས་དང་། རྐོང་རྗེ་དཀར་པོ་ཆགས་ས་ཡིན་པ་གསལ་བར་བསྟན་ཡོད། ཁྲིང་སྲོང་གིས་རྐོང་རྗེར་གནང་བའི་གཙིགས་ཡིག་གླང་དཀར་རྡོ་རིང་དང་། ཁྲི་ལྡེ་སྲོང་བཙན་གྱིས་རྐོང་རྗེར་གནང་བའི་གཙིགས་ཡིག་གཡུང་དྲུང་འཛིན་རྡོ་བརྐོས་གཉིས་གནས་འདིའི་གཙང་པོའི་ཕར་ཚུལ་དུ་ཡོད་པ་དེས་ཀྱང་རྐོང་རྗེ་རིམ་བྱོན་གྱི་རྒྱལ་སའང་ཕྱོགས་ཆ་འདི་ན་ཡིན་པར་ངེས་ཐུབ། དེས་ན་དམུ་ཡུལ་གྱི་མཐིལ་ཡིན་པས་ན་དེ་སྐད་དང་། ཡང་ན་དམུ་ཡུལ་གྱི་ཕྱོགས་ཆ་འདི་ནི་རང་བྱུང་ཁོར་ཡུག་ཆེས་ཉམས་དགའ་བའི་ལྗང་མདོག་གི་ཡུལ་ཡིན་པས་ན་དམུ་ཡུལ་སྐྱིད་མཐིང་ཞེས་སུ་བརྗོད་པ་ཡིན་སྲིད་དམ་སྙམ་པ་ནི་འཆར་སྒོ་ཡན་པ་ཞིག་གོ །
གཤེགས་རབ་ལྔ་པ་ལ་གྱང་ཐོག་ཐོག་ཡངས་སུ་གཤེགས།ཞེས་དང་། དྲུག་པ་ལ། དེ་ནས་བླ་འབྲུམ་གྱང་མདོར་གཤེགས།ཞེས་པའི་གྱང་ཐོག་དང་བླ་འབྲུམ་ཡང་གཏེར་ཡིག་ཏུ་གསལ་བའི་གྱང་ཏོ་བླ་འབུབས་དང་འབྲེལ་བ་ངེས་ཅན་ཞིག་གྲུབ་འདུག ལྷ་རི་གྱང་ཏོའམ། གྱང་མདོར། གྱང་དོར་འདི་ནི་གཉའ་ཁྲི་བཙན་པའི་གཤེགས་རབས་ཀྱི་གནས་གལ་ཆེན་ཞིག་ཡིན་པ་ནི། རྐོང་དཀར་པོའི་གཙིགས་ཡིག་ལས། ཐོག་མར་ཕྱྭ་ཡབ་བླ་བརྡལ་དྲུག་གྀ་སྲས་ལས། ཉ་ཁྲྀ་བཙན་པོ་མྱི་ཡུལ་གྱྀ་རྗེར། ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད།ཅེས་དང་། ཏུན་ཧོང་ཡིག་རྙིང་ནང་གི་གཉའ་ཁྲི་བཙན་པོ་བོད་ཀྱི་རྗེ་བོར་གྱུར་པའི་ལོ་རྒྱུས་ལས། ཁྲི་ཉག་ཁྲི་བཙན་པོའ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོ། །ལྷ་རྀ་གྱང་དོར་གཤེགས་ན། རྀ་རབ་ལྷུན་པོ་ཡང་དགུ་དུད་དུད།ཅེས་སོགས་ཀྱིས་ཤིན་ཏུ་གསལ་ལོ། །
དེ་བཞིན་ཡོ་ག་ལྷ་གྱེས་ཅན་ལས། གཤེགས་རབ་ཉེར་བདུན་གྱི་ཐོག་མར་རྗེ་གཉའ་ཁྲི་བཙན་པོས་རི་ཐང་ཡུལ་འབྲོག་ཆབ་ལྔ་ལ་གཟིགས་པ་ལས་རི་གཟིགས་པ་ནི་ལྷ་རི་གྱང་དོ་ཡིན་པར་ཡང་བསྟན་ཡོད།
འགའ་རེས་གྱང་ཏོ་ཡར་ཀླུང་དུ་ངོས་བཟུང་མོད། ཡོ་ག་ལྷ་གྱེས་ཅན་ལྟར་ན་གཤེགས་རབ་ཉེར་བདུན་ལས་བཅུ་དྲུག་པ་ནས་རྐོང་པོའི་ས་ཟད་དེ་གཟོད་དྭགས་ཡུལ་དུ་ཐོན་པ་དང་དེ་རྗེས་ཡར་ཀླུང་དུ་འབྱོར་བར་གསལ་ཏེ། དེ་ཉིད་ལས། དེ་ནས་ང་ལ་གཡའ་མ་གོང་དུ་གཤེགས། དེ་ནས་དྭགས་ཡུལ་ཤིང་ནགས་སུ་གཤེགས།ཞེས་སོགས་འབྱུང་། ང་ལ་གཡའ་མ་གོང་ནི་དེང་གི་དྭགས་རྐོང་ས་མཚམས་ཀྱི་རྐོང་པོ་ང་ལ་ཞེས་པ་དེ་ཡིན་སྲིད་པ་དུང་དཀར་བས་གསུངས་པ་བདེན་པར་སྣང་། དོན་དངོས་ཀྱི་ས་ཚིགས་འབྲེལ་ཚུལ་ཡང་རྐོང་པོའི་ཡར་ནང་དུ་དྭགས་པོ་དང་དེའི་ཡར་ནང་དུ་ཡར་ཀླུང་ཡོད་པ་རེད།
དེས་ན་གྲི་གུམ་བཙན་པོའི་སྤུར་འཁོར་སའི་ཀླུ་འོ་དེ་བེད་དེ་རིང་མོ་དང་རྐོང་ལྷ་དེས་ལེགས་དང་རྐོང་ལྷ་དེ་ཡག་རྐོང་བཙུན་དེ་མོ་རྣམས་ནི་དོན་གཅིག་པ་ལྟར་དུ་སྣང་བ་ལ། དེ་ཡང་ཀླུ་རིགས་མོ་ཞིག་ཡིན་པར་མངོན།
འོན་ཏེ་གྲི་གུམ་གྱི་རྒྱལ་སྲས་མཆེད་གཉིས་ཀྱི་སྐབས་དེར་དེང་དུས་བཞིན་རང་བྱུང་གི་རི་ཆུ་དང་དེ་ལ་གནས་བཅས་པའི་ཡུལ་ལྷ་གཉིས་སོ་སོར་ངོས་འཛིན་གྱི་ཡོད་དམ། ཡང་ན་རང་བྱུང་གི་རི་ཆུ་དེ་ཉིད་ཡུལ་ལྷ་རུ་ངོས་འཛིན་གྱི་ཡོད་ནི་དཔྱད་དཀའ་བའི་གནས་སོ། །
ད་ལྟ་ང་ཚོས་མཆོད་བཀུར་བྱེད་ཀྱིན་པ་སློབ་དཔོན་རིན་པོ་ཆེས་དམ་ལ་བཞག་པར་གྲགས་པའི་བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱི་ཡ་གྱལ་ཀོང་བཙུན་དེ་མོ་ཞེས་པ་དེའི་ཐོག་མའི་གདགས་གཞི་ཡང་ནི་སྐུ་བླ་དེ་མོ་ཞེས་པ་དེ་རང་ཡིན་ཤས་ཆེ་བ་ཞིག་སྟེ། ད་ལྟའི་ཀོང་བཙུན་དེ་མོ་ནི་རྐོང་ཡུལ་གྱི་གཞི་བདག་ཅིག་ཡིན་པ་ལ། མིང་ནི་རྡོ་རྗེ་ཀླུ་མོ་དཀར་མོ་དང་། རིགས་ནི་གནོད་སྦྱིན་ཡིན་པར་གསུངས་ཤིང་། རྣམ་པ་ནི་སྐུ་མདོག་སྨུག་ནག་དར་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་ན་མདའ་དར་དང་ཟ་མ་ཏོག་བསྣམས་ཏེ། སྤྲིན་གསེབ་ན་རླུང་གིས་བསྐྱོད་པའི་ཚུལ་ཅན་སོགས་སྣ་ཚོགས་འབྲི་བཞེངས་བྱེད་སྲོལ་ཡོད།
༣ བཙན་པོའི་གདུང་རབས་ཀྱི་སྐུ་བླ་སུ་ཡིན་པ།
བཙན་པོའི་གདུང་རབས་ཀྱི་སྐུ་བླ་ནི་ཡར་ལྷ་ཤམ་པོ་ཡིན་ལས་ཆེ་སྙམ་སྟེ། ཏུན་ཧོང་གཏེར་ཡིག་ནང་གི་གཉའ་ཁྲི་བཙན་པོའི་གདུང་ཁུངས་སྨོས་པ་ལས། ཡར་ལྷ་ཤམ་པོ་ནི་གཙུག་གྀ་ལྷའོ། །ཞེས་གསལ། ཡར་ལྷ་ཤམ་པོ་ནི་ཡར་ཀླུང་ཕྱོགས་ཀྱི་གངས་རི་བརྗིད་ཆགས་ཤོས་དེ་ཡིན་པ་དང་། རྗེ་གཉའ་ཁྲི་བཙན་པོའི་རྒྱལ་སའི་ལུང་ཕུ་ན་ཡོད་པས་ན་གཙུག་གི་ལྷ་རུ་བཀུར་བ་ཡིན་ངེས།
ཟས་གཏད་ཀྱི་ལོ་རྒྱུས་ཞེས་པ་ལས། བསྟེན་པའི་སྐུ་ལྷ་ནི་ཡར་ལྷ་ཤམ་པོ།ཞེས་དང་། ཡར་ལྷ་ཤམ་པོ་ནི་གཉན་ཞིང་མཐུ་ཆེ།ཞེས་སོགས་འབྱུང་།
ཡིག་ཆ་འདི་རུ་བཙན་པོ་མུ་ནེའི་སྐུ་དུས་སུ་ཁྲི་སྲོང་གི་འདད་གཏོང་ཚུལ་ཐད་བན་བོན་མི་མཐུན་པ་བྱུང་ཚུལ་དང་མཐར་འདད་ཆོག་བན་ཆོས་སུ་བཏང་ཚུལ་འཁོད་པ་ཞིག་རེད། ཡིག་ཆ་རང་ངོས་ནས་བསྟན་པ་ཕྱི་དར་སྐབས་སུ་བྱུང་བ་ཞིག་ཡིན་འདྲ་མོད། འདིར་དཔྱད་གཞིར་དྲངས་པ་ལགས།
ད་ལྟ་གངས་རི་ཡར་ལྷ་ཤམ་པོ་དང་དེ་ཡི་གཞི་བདག་ཡར་ལྷ་ཤམ་པོ་སོ་སོར་འབྱེད་ཅིང་། གཞི་བདག་དེ་ནི་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་ཕྱག་གཡས་ན་མདའ་དར་དང་གཡོན་ན་བུམ་པ་འཛིན་པ་གཡག་དཀར་པོ་ལ་ཞོན་པ་སོགས་སུ་བློས་བསླངས་བྱ་སྲོལ་ཡོད་མོད། བློས་བསླངས་འདི་དུས་ནམ་ཙམ་དར་བ་བཤད་ཚོད་ཐིག་དཀའ་བར་འདུག
ཕྱིས་སྟོད་ལྷ་རབས་ཀྱི་སྒྲུང་ཡོ་ག་ལྷ་གྱེས་ཅན་བརྩམས་གྲུབ་པ་ནས་ཡར་ལྷ་ཤམ་པོ་དེ་རྗེ་གཉའ་ཁྲི་བཙན་པོའི་ཁུ་བོ་ལྟ་བུ་རུ་གྱུར་ཡོད་དེ། སྲིད་པའི་ལྷ་རབས་བཅུ་དྲུག་པ་ཡབ་ལྷ་བདལ་དྲུག་དང་ཕ་མ་གཅིག་པའི་གཅུང་ཐ་ཆུང་འོ་དེ་གུང་རྒྱལ་དེ་ཉིད་གནམ་ས་བར་སྣང་ཀུན་ཏུ་གཤེགས་ནས་མོ་སྨན་རྣམས་དང་བཤོས་ཏེ་སྲས་གྲངས་མེད་འཁྲུངས་པ་ལས་ཁུ་བཟའ་ཁུ་མ་དང་འདུས་པའི་སྲས་ཡར་ལྷ་ཤམ་པོ་ཡིན་པ་དང་། ཡབ་ལྷ་བདལ་དྲུག་ནི་གཉའ་ཁྲི་བཙན་པོའི་ཨ་མྱེས་དངོས་དེ་ཡིན་ཚུལ་སོགས་སྟོད་ལྷ་རབས་ཀྱི་སྒྲུང་དེ་ཉིད་ལས་གསལ་ཞིང་། ཚུལ་དེས་ཡར་ལྷ་ཤམ་པོ་ནི་གཉའ་ཁྲི་བཙན་པོའི་གདུང་རབས་ཕྱི་མ་དག་ལ་མཚོན་ན་ལྷག་པར་ཡང་གལ་ཇེ་ཆེ་རུ་གྱུར་པ་རེད།
དེ་བཞིན་ཏུན་ཧོང་གཏེར་ཡིག་ནང་གི་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ལས།
ཡུལ་ལྷ་ཐམས་ཅད་སྐུ་བླ་མིན་པ་ནི་གོང་དུ་དྲངས་པའི་མནའ་གཙིགས་ལས། གནམ་སའི་རིམ་པའི་ལྷ་འོ་ཅོག་དང་། བོད་ཡུལ་གྱི་སྐུ་ལྷ་དང་། ལྷ་དགུ་ཐམས་ཅད་དང་།ཞེས་གནམ་སའི་ལྷ་དང་། སྐུ་བླ་དང་། ལྷ་ཆེ་དགུ་རྣམས་སོ་སོར་སྨོས་འདུག་པས་གོ་བ་འདྲ། འོ་ན་རྒྱལ་ཕྲན་སོ་སོའི་ཡུལ་ལྷ་གཙོ་བོ་དེ་སོ་སོའི་སྐུ་བླ་རུ་བསྟེན་པ་ཨེ་ཡིན་ནམ།
འདི་ལས་འཕྲོས་ཏེ་བོད་ཀྱི་སྲིད་པའི་ལྷ་རབས་ལ་དཔྱད་པ་མང་པོ་བྱ་རྒྱུ་མཆིས་ཤིང་། དཔྱད་སྒོ་དེ་ལས་བོད་ཀྱི་གནའ་བོའི་སྲིད་པ་བོན་གྱི་དད་མོས་ཀྱི་སྲོལ་དང་། ཆོ་གའི་སྲོལ་སོགས་གསལ་ཙམ་ངེས་ཐུབ་ཅིང་། ངེས་ཤེས་དེར་བརྟེན་ནས་སྲིད་བོན་གྱིས་བོད་ཀྱི་ནང་ཆོས་དང་ནང་བོན་ལ་ཤུགས་རྐྱེན་གང་དག་ཐེབས་སྐོར་ཡང་ལམ་ཙམ་རྟོགས་ཐུབ།
སྐབས་འདིར་ནང་བོན་ཞེས་པ་ནི་ད་ལྟའི་གཡུང་དྲུང་བོན་དང་། དེར་ལྟོས་ཀྱི་ཕྱི་བོན་ནི་སྔོན་གྱི་སྲིད་པ་བོན་ལ་གོ་དགོས།
༤ སྐུ་བླ་རིང་རྫི་ནི་གང་ཞིག་ཡིན་པ།
ཡང་ཏུན་ཧོང་ཡིག་རྙིང་ནང་གི་ཁྲི་རལ་བ་ཅན་གྱི་རྒྱ་དྲུག་འཇང་གསུམ་འདུམ་པའི་སྨོན་ལམ་གྱི་གཙིགས་ཡིག་ལས། དེ་ལྟར་ཡབ་མྱེས་ལྷ་དང་སྟང་བས། ཡོང་ཡང་ཆབ་སྲིད་ཆེ། དབུ་རྨོག་བརྩན་བའི་སྟེང་དུ། འཕྲུལ་གྱྀ་ལྷ་བཚན་པོ་ཁྲི་གཙུག་ལྡེ་བརྩན་གྱི་ཞ་སྔ་ནས། སྐུ་ལ་དབྱིག་འཁྲུངས། ཐུགས་ལ་འཕྲུལ་མངའ་སྟེ། གཙུག་ལག་ཁང་ཐམས་ཆད་ཚུལ་བཞིན་མཛད་པའས་ནྀ། སྐུ་བླ་རྀང་རྫྀ་དང་། གནམ་སའྀ་ལྷ་ཀླུ། ཐམས་ཆད་ཀྱང་འགོ་ཞིང་དགྱེས།ཞེས་སྐུ་བླ་རིང་རྫི་ཞེས་པ་ཞིག་ཀྱང་གསལ།
ཡོ་ག་ལྷ་གྱེས་ཅན་ལས། རྗེ་གཉའ་ཁྲི་བཙན་པོ་བོད་རྗེར་བྱོན་པར་ཞལ་གྱིས་བཞེས་པ་ན། ཡབ་ཡུམ་ཞང་གསུམ་གྱིས་དཀོར་ཆས་མང་དུ་གནང་བ་ལས། ཡབ་ཀྱི་དཀོར་བྱིན་པ། སྐུ་ལྷ་རི་རྫི་མགོན་བུ། ལྷ་སྟག་གཡག་གསེར་གྱི་ལྷ་སྲས་དང་བཅས་པ། སྐུ་སྲུང་བློའུ་རིན་ཆེན་བདུན། ལྷེ་གླང་རུ་དཀར་དང་བཅས་པ་གནང་ངོ་། །ཞེས་གསལ་བས་ཡང་ན་བཙན་པོའི་སྐུ་བླ་ནི་ཡུལ་ལྷ་མ་ཡིན་པར་ཕ་མེས་ནས་བརྒྱུད་པའི་བླ་རྟེན་ལྟ་བུའི་རྟེན་རྫས་ཁྱད་པར་བ་ཞིག་ལ་ངོས་འཛིན་དགོས་པ་ཨེ་ཡིན་ནམ། ཡང་ན་དེ་ནི་སྐུ་བླ་གསོལ་བའི་རྟེན་རྫས་ཤིག་ཡིན་ཨེ་སྲིད་དམ།
དེ་བཞིན་ཡོ་ག་ལྷ་གྱེས་ཅན་ལས། བར་གྱི་བདུན་ཚིགས་དེ། ཡར་ཡབ་དང་གཅེན་ལ་གནོད། མར་ཡུམ་དང་གཅུང་ལ་གནོད་ནས། ཞང་ཞུང་ཡུལ་དུ་སོང་ཞིག་བཀའ་བསྒོ་སྟེ་འགྲོར་མ་ཉན་པ་ལ་དཀོར་གྱི་རྣམ་པ་མང་པོ་དང་། སྐུ་སྲུང་བློའུ་རིན་ཆེན་མཆེད་བདུན་དང་། སྐུ་ལྷ་ལྷ་ག་ཡ་དང་མུ་ཡ་དང་། ལྷེ་གླང་རུ་ཀར་དང་། དུང་འཕར་པོ་འཕར་ཆུང་དང་བཅས་བྱིན་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ཞང་པོ་རྨུ་རྗེ་བཙན་པོའི་ཡུལ་ངམ་འབྲང་ལྕང་འབྲང་དུ་གཤེགས་ཏེ་བཞུགས་སོ། །ཞེས་གཉའ་ཁྲི་བཙན་པོའི་ཡབ་ཁྲི་བར་བདུན་ཚིགས་དམུ་ཡུལ་དུ་ཡོང་སྐབས་དཀོར་ཆས་སྣ་ཚོགས་རྫོངས་སྐལ་དུ་བྱིན་པའི་གྲལ་དུ་ཡང་སྐུ་ལྷ་ལྷ་ག་ཡ་དང་མུ་ཡ་ཞེས་པ་ཞིག་ཡོད་པར་ཡང་གསལ་ལ། དེ་ཡང་རྟེན་རྫས་ཤིག་ཡིན་དགོས་པ་ལྟར་དུ་མངོན་པ་ནི་གོང་ལྟར་དཔྱད་སྒོ་གཞན་ཞིག་རེད།
བྲག་ཡབ་རི་མདའི་རྣམ་སྣང་གི་བཞེང་བྱང་བརྐོས་ཡིག་ལས། སྐུ་བླ་ཞེས་གསལ་བ་ནི་རྣམ་སྣང་གི་ལྷ་དེ་ག་རང་ལ་གོ་དགོས་པ་སྐབས་ཀྱིས་ཐོབ་པ་ལྟ་བུར་ཡང་འདུག་སྟེ། བརྐོས་བྱང་འདི་ནི་བྲག་ངོས་སུ་སངས་རྒྱས་རྣམ་པར་སྣང་མཛད་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་ཞིག་འབུར་དུ་བརྐོ་བཞེངས་བྱས་པ་དེའི་དཀར་ཆག་ཡིན་པས་དཔྱད་འཚལ།
ཡང་གཡུང་དྲུང་བོན་གྱི་ཡིག་ཚང་རྙིང་ཤོས། བསྒྲགས་པ་གླིང་གྲགས་ལས། ཁྱུང་པོ་གྱེར་ཟླ་མེད་ཀྱིས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིམ་ལ་སྐུ་བླ་མུ་ཏུར་གྱིས་ངར་བཏབ་སྟེ་དགྲ་སྲི་མནན་པའི་རིམ་གྲོ་མཛད་ཚུལ་དང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཞང་ཞུང་གི་གཤེན་ཤེལ་ལེ་མིག་དམར་གྱིས་ཞང་ཞུང་སྐུ་བླ་མུ་དུར་བདར་ཚུལ་སྐོར་ཟུར་ཙམ་གསལ།
དེ་བཞིན་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་གུང་ཐང་གི་དེབ་ཐེར་ལས། ནོར་བུ་ལྡེའི་གཅུང་ཁྲི་རྒྱལ་བསམ་གྲུབ་ལྡེ་ས་མོ་ཡོས་ཀྱི་ལོར་ཡབ་ཡུམ་རྣམས་དིང་རི་སྒང་དཀར་དུ་བཞུགས་པའི་དུས་སུ་སྐུ་བལྟམས། དེས་ན་དིང་རི་སྒང་དམར་སྐྱེ་ལྷ་རུ་མཆོད་པར་མཛད་ཟེར་ལ། སྤྱིར་ནི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རིགས་རྣམས་ལ་བཙན་རོལ་པ་རྐྱ་བདུན་འདི་ཆེས་འགོ་བའི་སྐུ་ལྷ་ཡིན་པར་བཤད་པ་བཞིན། སྒང་དམར་འདི་རོལ་པ་རྐྱ་བདུན་གྱི་གཙོ་བོ་དང་རྒྱུད་གཅིག་པས་དོན་གྱི་འབྲེལ་ཆགས་པའོ། །ཞེས་སྐྱེས་ལྷ་དང་ཡུལ་ལྷ་སྐུ་ལྷ་གསུམ་གཞི་མཐུན་པར་ཡང་བཤད་འདུག་ལ། བོད་སིལ་བུའི་དུས་གུང་ཐང་གི་རྒྱལ་རྒྱུད་རྣམས་ཀྱིས་བཙན་རོལ་པ་སྐྱ་བདུན་སྐུ་ལྷ་རུ་བསྟེན་སྲོལ་ཡང་བྱུང་ཡོད་འདུག །
༥ སྐུ་བླ་གསོལ་བའི་ཆོ་གའི་ཚུལ།
སྐུ་བླ་གནས་གང་དུ་གསོལ་བ། དུས་ནམ་གསོལ་བ། རྟེན་ཅི་ཞིག་ལ་གསོལ་བ་སོགས་ཇི་འདྲ་ཡིན་པ་ནི་ཞིབ་གསལ་ངེས་དཀའ་མོད། གསོལ་བའི་དགོས་དོན་ནི་གོང་དུ་གསལ་བར་བསྟན་ཟིན་ལ། གསོལ་བའི་ཡས་རྫས་རིགས་གང་ཞིག་དགོས་པ་ནི་ཏུན་ཧོང་ཡིག་རྙིང་ནང་གི་ཕྱྭ་ཡི་ཕོ་ཉ་དམུ་ཡུལ་དུ་ཐོན་པའི་གཏམ་རྒྱུད་ལོ་རྒྱུས་ལས། དམུ་རྗེས་བཀའ་སྩལ་པཱ། འོ་ན་ཕྱྭའི་ཕོ་ཉས་ངེད་ཀྱི་སྐུ་བླ་ལ་མཆོད་གསོལ་དུ་འོངས་ན། མཆོད་པའི་རྐྱེན་ཅི་ཡོད། འཇང་སྨྱུག་མཆོང་ལ། ཐང་ཀར་ཡུག་གྱིས་བསྒྲོན་བ་ལྷ་མདའ་ཡོད་དམ་མྱེད། ལྷ་མདའའི་རྐྱེན་རྒྱ་དར་རིས་ཕྲན་ཡུག་ཀྱིས་བཏགས་པ་ཡོད་དམ་མྱེད། གསེར་ཁ་མ་བླངས་པ་ཡོད་དམ་མྱེད། གཡུའི་སླག་ཅེན་ཡོད་དམ་མྱེད། སྔོན་མོ་འབྲུ་བདུན་ལ་ཁལ་དགུ་ཡོད་དམ་མྱེད། སྔོན་མོ་འདིང་དིང་འབྲས་ཀྱི་ཁུ་ཁལ་དགུ་ཡོན་དམ་མྱེད། མཐུད་གོང་གོང་མོ་ཙམ་མཆིས་སཾ་མ་མཆིས། མར་གི་སྲེག་ཤྭ་སྲེག་པ་ཙམ་མཆིས་སམ་མ་མཆིས། ཨོ་མའི་གདར་བྲེ་ཁ་ཙམ་མཆིས་སམ་མ་མཆིས། ལྷ་ལུག་ངོ་མར་མཆིས་སམ་མ་མཆིས། ལྷ་རྟ་སྙན་དཀར་མཆིས་སམ་མ་མཆིས། ལྷ་འབྲི་ཟལ་མོ་མཆིས་སམ་མ་མཆིས། ལྷ་གཡག་ཤམ་པོ་མཆིས་སམ་མ་མཆིས།ཞེས་སྨྱུག་མའི་མདའ་དར་དང་། གསེར་རྡོ། གཡུ་སླག། འབྲུ་སྣ་ཁལ་བདུན། འབྲས་ཁུ་ཁལ་དགུ། ཐུད་གོང་བྱ་གོང་མོ་ཙམ། ཤ་སྣུམ་སྲེག་བྱ་སྲེག་པ་ཙམ། འོ་མའི་གདར་བྲེ་ཙམ། ལུག་གདོང་དམར། རྟ་རྣ་དཀར། འབྲི་ཁྲ་བོ། གཡག་ཞོལ་པོ་རྣམས་དགོས་ཚུལ་གསལ་བ་དེ་ལས་རྫས་སྣ་གང་དགོས་པ་དང་རྫས་ཀྱི་ཚད་མང་ཉུང་དང་ཆེ་ཆུང་ཅི་ཙམ་དགོས་པ་རྣམས་གསལ་བར་བསྟན་འདུག །
དེ་ལས་དཔག་ན་ལྷ་མཆོད་གསོལ་གྱི་ཆོ་ག་གྲྭ་རྒྱས་པོ་ཞིག་ཡོད་པ་དཔག་ཐུབ་ལ། ཆོ་གའི་གཙོ་སྒྲུབ་པ་ནི་སྐུ་གཤེན་སོགས་བོན་པོ་རྣམས་ཡིན་པ་དང་། རྔ་བརྡུང་ཞིང་གཤང་འཁྲོལ་བཞིན་ཆོ་ག་སྒྲུབ་ཀྱིན་ཡོད་པའང་གཏམ་ཤུལ་དགའ་ཐང་གི་བོན་དཔེ་རྙིང་པ་ལས། གཤེན་རབ་མྱི་བོའི་གསེར་རྟ་དྲོ་བཞུར་ནྀ་སྒས་བསྟད་དེ། །དར་གྱི་རལ་ག་རྀང་གསོལ། །རྔ་དྀང་ཆེན་དྀང་དྲགས་རྒྱབ་ལ་ཁུར། །གཤང་ཁྲྀ་ལོ་སྐད་སྙན་མཆན་དུ་གསལ། ལྷ་བོ་དྲངས་ཡང་བྱེ་ལ་དྲོངས། འགམ་ཡང་བྱེ་ལ་འམ། བདུར་ཡང་བྱེ་ལ་བདུར། བརྒྱུགས་ཡང་བྱེ་ལ་བརྒྱུགས། །ཞེས་དང་། ཏུན་ཧོང་ཡིག་རྙིང་ནང་གི་བཤོས་ཀྱི་རབས་ཞེས་པ་ལས། ཕ་ཕ་སེ་གཤེགས་ན་གཤེན་རབས་མྱི་བོ་ཕ་སེ་གཤེགས། གཤང་དྲིལ་ཆེན་ན་ཕྱག་མ་གཡོན་ན་སྣམས། གཤོག་ཐེ་ར་ཐེར་བུ་ནྀ་ཕྱག་མ་གཡས་ན་སྣམས། ཤྀ་ནི་བདུར་རླག་ནི་ཚོལ། མྱྀ་གཤྀན་ནི་གཤེན་གྱིས་སདོ། །ཞེས་སོགས་ལས་ལམ་ཙམ་རྟོགས་ཐུབ། དེར་མ་ཟད་གོང་གི་ལུང་ཚན་པ་གཉིས་དེ་རུ་གཤེན་རབ་མི་བོའི་ཆ་ལུགས་དང་མཛད་སྤྱོད་ཀྱང་གསལ་པོར་བསྟན་འདུག
སྐུ་བླ་གསོལ་བའི་ཆོ་གའི་གོ་རིམ་ཅི་འདྲ་ཡིན་པ་དང་ཆོ་གའི་གྱེར་གཞུང་གང་འདྲ་ཡོད་པ་སོགས་ཀྱི་ཞིབ་ཆ་ནི་མིག་སྔར་ཡིག་ཚང་རྙིང་པའི་སྟེང་ནས་རྒྱུས་ལོན་བྱ་ཐབས་བྲལ་མོད། ད་ལྟ་གཡུང་དྲུང་བོན་དང་བན་དེའི་ཆོ་ག་ཁག་གི་ནང་དུ་བསང་གསོལ། མདོས་གླུད། གཡང་འགུགས། བླ་བླུ་སོགས་ཆོ་ག་ཧ་ཅང་མང་པོ་ཡོད་པ་དེ་ཚོ་དང་ཆ་མཐུན་པ་ཞིག་ནི་ཡིན་ངེས། དེ་དག་ཚང་མ་བསྟན་པ་ཕྱི་དར་སྐབས་གསར་དུ་བརྩམས་པ་ཡིན་པས་ལོ་རྒྱུས་རིག་པའི་རིགས་ལམ་ལྟར་ན་མཚན་གཞི་དངོས་ཀྱི་ཚབ་བྱེད་ནི་མི་ནུས་པ་ཡིན། ད་ལྟ་བན་བོན་གཉིས་ཀྱི་དད་མོས་དང་ཆོ་གའི་ནང་དུ་ཡང་སྐུ་བླ་གསོལ་བའི་ཆོ་གའི་རྗེས་ཤུལ་ཙམ་ནི་མཐོང་དུ་ཡོད་དེ། ཡུལ་དགོན་རེས་ཡུལ་ལྷ་གཙོ་བོ་རེ་གསོལ་མཆོད་བྱེད་པ་འདི་ག་ཡིན། འོན་ཏེ་ནང་པའི་ཆོས་ལུགས་ཀྱིས་རྒྱས་འདེབས་དྲག་པ་དང་མཆོད་པའི་ལུགས་སྲོལ་ལ་འགྱུར་བ་ཆེ་དྲག་པས་གནའ་བོའི་རང་བཞིན་དང་རྣམ་པ་ཇི་བཞིན་པ་ནི་མི་མངོན་ནོ། །
གནའ་རབས་ཀྱི་གྱེར་གཞུང་ཀུན་གཤེན་པོ་རྣམས་ཀྱིས་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་འཛིན་བྱེད་ཀྱི་ཡོད་པ་ལ། བོད་དུ་ཡིག་གཟུགས་དར་བ་ནས་གཤེན་པོ་རྣམ་པས་ཡིག་ཐོག་ལ་ཡང་ཅི་རིགས་བཀོད་ཡོད་ངེས་ཏེ། དཔེར་ན། ཏུན་ཧོང་ཡིག་ཚང་ཁྲོད་དུ་ཡོད་པའི་རྒྱལ་ཕྲན་སིམ་ལ་ཁག་གི་ལོ་རྒྱུས་དང་། རྗེ་གཉའ་ཁྲི་བཙན་པོའི་བྱུང་རབས། གྲི་གུམ་ཡབ་སྲས་ཀྱི་ལོ་རྒྱུས། སྟག་རི་གཉན་གཟིག་ཡབ་སྲས་ཀྱི་ལོ་རྒྱུས། གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་བཙན་པོའི་གདུང་རབས་སོགས་ནི་སྔར་ངག་ཐོག་ནས་བརྩམས་ཏེ་བློ་ཐོག་ནས་བརྒྱུད་འཛིན་བྱས་ཡོང་བ་གང་ཉིད་སྲོང་བཙན་གྱི་སྐུ་དུས་ནས་བཟུང་ཡིག་བློན་རྣམས་ཀྱིས་ཡིག་ཐོག་ལ་བཀོད་པ་ལྟ་བུ་རེད། ཡིད་ཕངས་པ་ཞིག་ལ་སྲིད་པ་བོན་གྱི་ཡིག་ཆ་དེ་དག་ཕལ་མོ་ཆེ་བསྟན་པ་སྔ་དར་དང་ཕྱི་དར་གྱི་སྐབས་བོན་བསྣུབས་དང་ནུབ་པ་ལས་འབྱུང་ཁམས་སུ་གཟིམས་ཟིན། ཡིན་ནའང་ཟར་ཟུར་ཙམ་རེ་བཙན་པོའི་དུས་ཀྱི་ཡིག་རྙིང་དག་གི་ནང་ནས་མཐོང་ཐུབ་པ་དེས། རྩོམ་ཡིག་འདིར་བཀོད་པ་ལྟར་ད་ལྟ་ང་ཚོས་སྲིད་པ་བོན་གྱི་ཆོ་གའི་རང་བཞིན་དང་རྣམ་པ་གསལ་ལ་མི་གསལ་ཙམ་ཞིག་དཔོག་ཐུབ་ཀྱི་ཡོད་ལ། ཞིབ་ཏུ་ཤེས་འདོད་ཀྱི་འདུན་པ་ཤུགས་ཆེ་རུ་འདྲེན་པ་ཞིག་ལགས།
ད་ལྟ་གཡུང་དྲུང་བོན་དང་ནང་ཆོས་ཀྱི་ལྷ་གསོལ་གཏོ་མདོས་སོགས་ཀྱི་ནང་དུ་སྨྲང་གྱེར་གྱི་འདོན་ཆ་ཅི་རིགས་འདུག་པ་འདི་དག་གནའ་བོའི་གྱེར་གཞུང་རིམ་འགྱུར་གྱིས་གསར་དུ་གྲུབ་པ་ཡིན་པས་ན་གནའ་བོའི་གྱེར་གཞུང་གིས་ཤན་ཤུགས་ངེས་ཅན་ཞིག་ནི་ཐེབས་ཡོད་ངེས། འོ་ན་ཡིག་ཆ་གསར་པ་འདི་དག་ལ་ཡང་རྒྱུས་ལོན་གནང་འཚལ། ངས་འདི་ནས་བཙན་པོའི་དུས་རབས་སུ་གྲུབ་པའི་ཡིག་ཆ་ལ་ཡིག་ཆ་རྙིང་པ་དང་། བསྟན་པ་ཕྱི་དར་ཚུན་དུ་གྲུབ་པའི་ཡིག་ཆ་ལ་ཡིག་ཆ་གསར་བ་ཞེས་བརྗོད་པ་ལགས།
༦ སྲོག་ཆགས་ཀྱི་དམར་མཆོད།
ཆོ་གའི་ཡས་རྫས་སམ་ཡས་གླུད་དུ་ཡོད་པའི་སྲོག་ཆགས་དེ་དག་ནི་དངོས་སུ་མཆོད་འབུལ་ལ་སྤྱོད་ཀྱི་ཡོད་པ་འདྲ་སྟེ། གྲི་གུམ་བཙན་པོའི་སྐུ་གླུད་དུ་མི་ཡི་བུ་མོ་དངོས་གཙང་པོའི་ནང་དུ་ཕུལ་བཞག་པ་ཡིན་ན། སྐུ་བླ་གསོལ་བའི་ཡས་རྫས་སུ་རྟ་ནོར་སོགས་དུད་འགྲོ་དངོས་འབུལ་བ་ནི་གོ་བ་མི་ལོན་པ་ཞིག་མ་རེད།
དེ་བཞིན་བཙན་པོའི་སྐབས་སུ་དུར་རྫོངས་སུ་ཡང་རྟ་མང་པོ་བསད་དེ་འབུལ་བ་ཏུན་ཧོང་ཡིག་རྙིང་ནང་གི་སྲོང་བཙན་དང་དབའ་དབྱི་ཚབ་བར་གྱི་མནའ་ཡིག་ལས་གསལ་ཏེ། དེ་ཉིད་ལས། བཙན་པོས་བཀའ་སྩལད་པ། དབྱྀ་ཚབ་གློ་བ་ཉེ་བས་བས། གུམ་ན་མཆད་པ་པྱག་དར་ཏེ་བརྩིག་པར་གནང་། རྟ་ནི་བརྒྱ་དགུམ་པར་གནང་། བུ་ཚ་གང་རུང་བ་གཆིག གསེར་གྱྀ་ཡི་གེ་མྀ་ཆད་པར་སྩལད་པར་བཀའ་སྩལ་ཏོ། །ཞེས་སོ། །ཟས་གཏད་ཀྱི་ལོ་རྒྱུས་ཞེས་པ་ལས་ཀྱང་། བོད་བཙན་པོའི་དུས་སུ་རྒྱལ་ཕྲན་གྱི་རྗེ་བོ་སོ་སོས་གསོན་གྱི་ལྷ་མཆོད་པ་དང་གཤིན་གྱི་འདད་གཏོང་བ་ལ་དམར་ཆོག་བྱེད་ཚུལ་གསལ་ཡོད།
གཏམ་ཤུལ་འབུམ་པ་དགའ་ཐང་གི་བོན་དཔེ་རྙིང་པ་ཞིག་ལས་ཀྱང་། གཤེན་རབ་མྱི་བོ་འིས། །སྐུ་ལ་བྱོལ་གཅིག་གཏང་བ་དང། ཐར་ལུག་ཡང་ངས་བཟུང། བདུད་ལ་ཡོར་མོའི་གོང་དུ། བྱོལ་ཆ་སྣ་རྒུ་དང་། །ཐར་ལུག་ཡ་གངས་ཀྱི་ཁོང་ནས་སྙིང་ཕྱུང་སྟེ། བདུད་དར་མཐིང་ནག་དུ་དྲིལ་དེ། །ཞེས་པ་ནས། རྗེ་ཡབ་བླ་བདལ་དྲུག་གྱི། མྱི་སྙིང་འཕར་བ་དང། །ལུག་སྙིང་དུ་བརྗེས་ཏེ་ཕན་ནོ། །ཞེས་གཤེན་རབ་མི་བོ་ཡིས་ཡབ་བླ་བདལ་དྲུག་གི་སྐུ་རིམ་དུ་ལུག་ཅིག་བཟུང་སྟེ་སྙིང་ཕྱུང་པ་དེ་དར་ནག་པོ་རུ་དྲིལ་ནས་བྱོལ་ཆ་སྣ་དགུ་དང་མཉམ་དུ་ཡས་གླུད་དུ་བསྔོས་པས་ཕན་པར་གྱུར་ཚུལ་གསལ་ཡོད། སྲིད་པ་བོན་གྱི་གཤེན་རབ་མི་བོ་དང་གཡུང་དྲུང་བོན་གྱི་གཤེན་རབ་མི་བོ་གཉིས་ནི་སྲིད་བོན་གྱི་རྨང་གཞིའི་སྟེང་ནས་གཡུང་དྲུང་བོན་དར་བའི་འཕེལ་འགྱུར་གྱི་གོ་རིམ་ལས་གདགས་གཞི་གཅིག་ལ་བཏགས་ཆོས་དབང་གིས་ཐ་དད་དུ་སོང་བ་སྟེ། སྔ་མ་ནི་དམར་མཆོད་པ་ཞིག་དང་ཕྱི་མ་ནི་དཀར་མཆོད་པ་ཞིག་ཡིན། དེ་ནི་དཔེར་མཚོན་ན་ཐེག་ཆུང་གི་སྟོན་པ་ཤཱཀྱ་ཐུབ་པ་དང་ཐེག་ཆེན་གྱི་སྟོན་པ་ཤཱཀྱ་ཐུབ་པ་གཉིས་ལྟ་བུ་ཡིན་ཏེ། དེ་གཉིས་ཀྱི་གདགས་གཞི་གཅིག་མོད་གྲུབ་མཐའ་གོང་འོག་གི་འདོད་ཚུལ་མི་འདྲ་བའི་བཏགས་ཆོས་དབང་གིས་སྔ་མ་ནི་ཐེག་ཆུང་གི་སྡེ་སྣོད་ཁོ་ན་གསུང་མཁན་ཞིག་དང་ཕྱི་མ་ནི་ཐེག་ཆེན་སྔགས་དང་བཅས་པ་གསུང་མཁན་ཞིག་ཡིན་པ་རེད།
ཚུལ་འདི་དག་རྣམ་པར་འབྱེད་པ་ལ་ཆོས་གཞུང་དང་བོན་གཞུང་ཕྱོགས་གཅིག་ཁོ་ན་ལ་མཁས་པས་རྔོ་མི་ཐོགས་ངེས་ཤིང་། དེང་རབས་ཀྱི་ལོ་རྒྱུས་རིག་པའི་རིགས་ལམ་ཆགས་པ་གཞིར་བྱས། ནང་ཆོས་ཀྱི་ལོ་རྒྱུས་འཕེལ་འགྱུར་དང་དེའི་ལུགས་ཀྱི་གཞུང་ལུགས་གྲུབ་རིམ། གཡུང་དྲུང་བོན་གྱི་ལོ་རྒྱུས་འཕེལ་འགྱུར་དང་དེའི་ལུགས་ཀྱི་གཞུང་ལུགས་གྲུབ་རིམ་སོགས་ལ་རང་རང་གིས་བཤད་ཚུལ་དང་གནས་ཚུལ་ལ་ཕྱོགས་ཡོང་ནས་མཐའ་རྒྱ་ཆོད་པ་ཞིག་དགོས་ངེས་པས་མུ་མཐུད་གཞུང་ལུགས་ཀུན་ལ་མཁས་པར་བསླབ་དགོས་པར་འདུག
མ་གཞི་ཡང་དམར་མཆོད་ཀྱི་ཚུལ་འདི་ལྟ་བུ་ནི་གནའ་བོའི་དུས་སུ་འཛམ་གླིང་གི་མི་རིགས་ཕལ་མོ་ཆེ་ལ་ཡོད་པའི་དད་མོས་དང་འབྲེལ་བའི་སྲོལ་ཞིག་ཡིན་ལ། གཡུང་དྲུང་བོན་གྱི་ཡིག་ཆ་རྙིང་ཤོས་ཁག་གི་ནང་དུ་ཡང་བདུད་བོན་དང་བཙན་བོན་སོགས་ལ་དམར་མཆོད་ཡོད་ཚུལ་གསལ་བར་མ་ཟད། དུས་ད་ལྟ་ཡང་བོད་ཀྱི་ཆོས་ལུགས་བྱེད་སྒོའི་ཁྲོད་ལྷ་བདུད་བཙན་སོགས་འཇིག་རྟེན་དྲེག་སྡེ་རྣམས་གསོལ་བ་ལ་སྙིང་དམར་པོ་མཆོད་འབུལ་དུ་སྤྱོད་པ་དངོས་སུ་མཐོང་དུ་ཡོད། ཡིན་ནའང་ནང་པའི་ཆོས་ཀྱི་ཤུགས་རྐྱེན་གྱིས་མཆོད་འབུལ་ཆེད་དུ་རྐང་བཙུགས་ནས་སྲོག་ཆགས་གསོད་པ་ནི་ནང་ཆོས་དང་ནང་བོན་ཇི་བཞིན་ཤེས་མཁན་ཚོས་ལག་བསྟར་བྱེད་མི་སྲིད་པའི་ཚོད་ཡིན་མོད། བསྟན་པ་ཕྱི་དར་གྱི་དུས་མགོར་བན་བོན་འཆོལ་སྤྱོད་པ་ཚོས་ལག་ལེན་བྱེད་ཀྱི་ཡོད་པ་ནི་ལྷ་བླ་མ་ཡེ་ཤེས་འོད་དང་འབྲེལ་བའི་ཡིག་ཆ་ཁག་གི་ནང་དུ་མངོན། དེ་བཞིན་ད་ལྟ་ནང་ཆོས་པ་དང་ནང་པའི་བོན་པོ་ཚོས་ལྷ་གསོལ་འདྲེ་བཀར་སོགས་ཀྱི་ཆོ་ག་ལ་མི་སོགས་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་བརྙན་སྤྱོད་པ་ནི་བཙན་པོ་ཁྲི་སྲོང་གི་སྐུ་དུས་ནས་སྲིད་བོན་བསྣུབས་མགོ་ཚུགས་ཏེ་དམར་མཆོད་དཀར་མཆོད་ལ་བསྒྱུར་ནས་འགྱུར་བའི་ལག་རྗེས་སུ་གྲུབ་ཡོང་བ་ཞིག་ཡིན་པ་ནི་གོང་གསལ་གྱི་དཔྱད་འབྲས་དེ་དག་ལས་ཀྱང་ཟུར་བལྟས་ལེབ་མཐོང་ཅུང་རེ་ཡོང་གི་འདུག གོང་དུ་གསལ་བའི་བྱོལ་ཞེས་པ་ནི་ཡས་རྫས་སྣ་ཚོགས་བསགས་པའི་མདོས་ལྟ་བུ་ལ་གོ་བ་སྟེ། སྐུ་ལ་བྱོལ་གཅིག་གཏང་བ་ཞེས་པས་སྐུ་རིམ་དུ་མདོས་ཤིག་གཏང་བ་ཞེས་པའི་དོན་དང་། བྱོལ་ཆ་སྣ་དགུ་ཞེས་པ་མདོས་ཆས་སྣ་དགུ་ཞེས་པའི་དོན་ཡིན་པ་གསལ་པོ་རེད་འདུག ཡང་བོན་གྱི་ཡིག་རྙིང་བྱོལ་རབས་ཞེས་པ་ལས། གཤེན་རབ་མྱི་བོ་འིས་ཕྱག་རྒྱ་འོལ་གྱིས་བཏབ། ཤུལ་གྱི་ཁྲི་མདོར་བྱོལ་དེ་བོར། གནའ་སུ་འི་བྱོལ་ན། རྗེ་ཡབ་བླ་བདལ་དྲུག་ཀྱི་བྱོལ།ཞེས་འབྱུང་ལ། དེའི་དོན་ནི་གཤེན་རབ་མི་བོས་ཡབ་བླ་བདག་དྲུག་གི་རྐྱེན་སེལ་ཆེད་དུ་བཅས་པའི་མདོས་དེ་ཉིད་ལམ་གྱི་མདོར་བོར་བའི་དོན་དུ་འདུག་པས་ད་ལྟའི་མདོས་ཆོག་གཏོང་ཚུལ་དང་ཚུལ་མཚུངས་པ་ཞིག་ཡིན་པར་སྙམ།
བཤོས་རབས་དང་བྱོལ་རབས་གཉིས་ཀྱི་མ་ཡིག་དངོས་ལག་སོན་མ་བྱུང་བས། གཞན་གྱིས་ལུང་དུ་དྲངས་པ་འདིར་ཤེས་བྱེད་དུ་བཀོད་པ་སྟེ། སླད་ནས་མ་ཡིག་དངོས་ལ་དཔྱད་ཞིབ་བྱ་འདོད་རབ་ཏུ་ཆེ་བས། དེའི་གོ་སྐབས་བྱུང་ན་རྩོམ་ཡིག་འདི་ཡང་སྔར་ལས་ཆ་ཚང་དུ་འགྲོ་བ་སྲིད། ཡིག་ཆ་འདི་དག་ནི་དུས་ཀྱི་ཆ་ནས་བསྟན་པ་སྔ་དར་ཡན་གྱི་ཡིག་ཚང་དང་ནང་དོན་ཆ་ནས་སྲིད་པ་བོན་གྱི་ཡིག་ཆ་ཡིན་པ་ཚིག་གི་སྦྱོར་བ་དང་ནང་གི་བསྟན་བྱའི་ཆ་ནས་གསལ་བ་ཞིག་རེད་འདུག་པས། སྲིད་པ་བོན་ལ་ཞིབ་དཔྱད་བྱེད་སྐབས་ཆེས་གལ་ཆེ་བའི་ཡིག་ཚང་རྙིང་པ་ཡིན་ནོ། །
༧ གཤེན་རབ་མི་བོའི་ལོ་ཚིགས།
གཤེན་རབ་མི་བོ་ནི་སྲིད་པ་བོན་དང་གཡུང་དྲུང་བོན་གཉིས་ཀའི་མི་སྣ་གཙོ་བོ་དེ་ཡིན་པས། ང་ཚོས་གསལ་ཞིབ་ཅིག་རྒྱུས་ལོན་བྱ་རྒྱུ་ནི་གལ་ཆེ་བ་ཞིག་རེད། དེ་ལྟ་ནའང་བཙན་པོའི་དུས་རབས་ཀྱི་ཡིག་ཆ་ལས་ཁོང་གི་སྐོར་ཟར་ཟུར་གསལ་བ་ཙམ་ལས་ཡིད་བརྟན་ཕེར་བའི་རྒྱུ་ཆ་ཧ་ཅང་དཀོན། ཁོང་གི་ཆ་ལུགས་དང་མཛད་སྤྱོད་ནི་གོང་དུ་ཡིག་ཚང་རྙིང་པ་དྲངས་ནས་ཁ་གསལ་ཏུ་བཏང་ཟིན་པ་ལ། འདིར་ལོ་ཚིགས་སྐོར་ནས་དཔྱད་ན། གཤེན་རབ་མི་བོས་རིམ་གྲོ་མཛད་སའི་ཡབ་བླ་བདལ་དྲུག་ནི་སྲིད་པའི་ལྷ་རབས་བཅུ་དྲུག་པ་དམུ་བཟའ་ཁབ་ཏུ་བཞེས་མཁན་རྗེ་གཉའ་ཁྲི་བཙན་པོའི་ཨ་མྱེ་དངོས་དེ་ཡིན་པ་དང་། དེའི་སྲས་ཁྲི་བར་བདུན་ཚིགས་དམུ་ཡུལ་དུ་བཞུགས་ནས་སྲས་འཁྲུངས་པ་ནི་གཉའ་ཁྲི་བཙན་པོ་ཡིན་ཚུལ་སོགས་ཡོ་ག་ལྷ་གྱེས་ཅན་ལས་གསལ་བར་མ་ཟད། རྐོང་དཀར་པོའི་གཙིགས་ཡིག་དང་། ཏུན་ཧོང་ཡིག་རྙིང་ནང་གི་གཉའ་ཁྲི་བཙན་པོ་བོད་ཀྱི་རྗེ་བོར་གྱུར་པའི་ལོ་རྒྱུས་དང་། ཏུན་ཧོང་ཡིག་རྙིང་ནང་གི་སྤུ་རྒྱལ་བཙན་པོའི་གདུང་རབས་ཀྱི་ཡིག་ཚང་དག་ལས་ཤིན་ཏུ་གསལ་བ་གོང་དུ་དྲངས་ཟིན།
ཡིག་ཆ་དེ་ཚོ་གཞིར་བྱས་ན་གཤེན་རབ་མི་བོ་ཡང་གཉའ་ཁྲི་བཙན་པོའི་ཨ་མྱེས་དང་དུས་མཉམ་པ་ཤེས་ཐུབ་ལ། ཕུག་རྩིས་ལྟར་ན་གཉའ་ཁྲི་ནི་སྤྱི་ལོའི་སྔོན་ལོ126ཙམ་ན་རྒྱལ་ཁྲིར་འཁོད་པ་ཡིན་ཞིང་། མི་རབས་ཀྱི་ལོ་རྩིས་སྤྱི་འགྲོས་སྟེང་ནས་དཔྱད་ན་དེ་ནི་ཧ་ལམ་ནོར་བ་ཆེར་མེད་པའི་ལོ་ཚིགས་ཤིག་སྟེ། སྲོང་བཙན་གྱི་འདས་ལོ་སྤྱི་ལོ650བར་དུ་གདུང་རབས་སོ་གསུམ་བྱོན་ཅིང་གདུང་རབས་རེར་སྙོམས་རྩིས་བྱས་ན་ལོ23.5རེ་ཐེམ། དེ་ལྟར་ན་གཉའ་ཁྲིའི་མེས་པོ་ནི་སྤྱི་ལོའི་སྔོན་ལོ175ཡར་མར་ན་བྱོན་པ་ཡིན་པས། འོ་ན་གཤེན་རབ་མི་བོ་ཡང་དེའི་ཡར་མར་ན་བྱོན་པར་ཆ་འཇོག་ཆོག་པར་འདུག་གོ །
དེ་ལྟར་སྐུ་བླ་གསོལ་བའི་ཆོ་ག་དང་། བྱོལ་བོར་བའི་ཆོ་ག་གཉིས་ནི་སྲིད་པ་བོན་ལ་རྒྱུ་བོན་རིགས་བཞི་རུ་དབྱེ་ཚུལ་ལྟར་ན་དང་པོ་ནི་སྣང་གཤེན་དང་། གཉིས་པ་ནི་ཕྱྭ་གཤེན་གྱི་ཁོངས་སུ་གཏོགས། སྲིད་བོན་བཞི་ནི་ཕྱྭ་གཤེན་དང་། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་བཞི་ཡིན་ལ། ནང་གསེས་དབྱེ་བ་མང་དུ་སྣང་།
བསྡུ་ན་དཔྱད་ཆོག་གཉིས་སུ་འདུ་བ་སྟེ། དང་པོ་ནི་རྣོ་མཐོང་མོ་ཡི་སྐོར་ཡིན་ལ། གཉིས་པ་ཆོ་ག་དེ་ལ་གསོན་གྱི་རིམ་གྲོ་སྒྲུབ་པའི་ཆོ་ག་དང་། གཤིན་གྱི་ཕན་པ་སྒྲུབ་པའི་ཆོ་ག་གཉིས་སུ་ཡོད་དོ། །སྲིད་པ་བོན་གྱི་ལྟ་གྲུབ་དང་ཆོ་ག་ནི་གཡུང་དྲུང་བོན་གྱི་གཞི་མ་ལྟ་བུ་ཡིན་པར་མ་ཟད། དེའི་ཆོ་གའི་སྐོར་ནི་བོད་ཀྱི་བན་དེའི་ཆོས་ལུགས་སུ་ཡང་ངོ་བོ་གཞན་འགྱུར་ཚུལ་གྱིས་སྤྱོད་སྒོ་ཆེ་བར་ཡོད་ལ། དེའི་ཕྱིར་ཐུབ་བཀན་པས། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་བློ་དང་མི་ལྡན་བདག་ལྟ་བུ། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུགས་གྱུར། །ཅེས་གསུངས་སོ། །
༨ བདག་གི་སེམས་འགྱུ།
རྩོམ་ཡིག་འདི་རུ་བཙན་པོའི་དུས་རབས་ཀྱི་ཡིག་རྙིང་ཁོ་ན་ལ་ཁུངས་གཏུགས་ནས་རང་ཉིད་ཀྱི་ལོ་རྒྱུས་ལྟ་ཚུལ་གསལ་བར་བྱས་ཡོད་དེ། ཕྱི་དར་སྐབས་ཀྱི་ཡིག་ཆ་འགའ་རེ་དྲངས་པ་ནི་གོ་དོན་གསལ་བྱེད་དུ་ཡིན་པ་ལས་སྒྲུབ་བྱེད་དུ་བཀོད་པ་མ་ཡིན། ལོ་རྒྱུས་རིག་གཞུང་ལ་མཚོན་ན། རྒྱུ་ཆ་ཚད་ལྡན་ལ་དཔྱད་ཞིབ་སྒོ་ནས་རྒྱུ་ཆ་ཚད་ལྡན་ལ་ཤེས་རྟོགས་དང་གང་ཤེས་རྟོགས་བྱུང་བའི་རྒྱུ་ཆ་རྣམས་ལེགས་སྒྲིག་བྱེད་ཐུབ་ན་ལོ་རྒྱུས་ཀྱི་ལྟ་བ་རང་ཤུགས་སུ་མངོན་ཡོང་བ་ལགས་ཏེ། ཚུལ་དེ་ནི་སིལ་བུར་འཐོར་བའི་རླངས་འཁོར་གྱི་ལྷུ་ལག་ལེགས་སྒྲིག་བྱས་ན་རླངས་འཁོར་རང་བཞིན་གྱིས་གྲུབ་ཡོང་བ་བཞིན་ཡིན།
རྩོམ་འདི་ཀློག་སྐབས་ཁྱེད་རང་གོང་གི་ལྟ་བར་མ་འཐད་ཀྱང་ཆོག་མོད་རྒྱུ་ཆ་ཚད་ལྡན་དེ་དག་ལ་དཔྱད་ཞིབ་ནན་ཏན་གྱིས་ཚུལ་ཇི་ལྟར་ལེགས་སྒྲིག་བྱེད་པར་བསམ་བློ་གཏོང་དགོས་ངེས་ལ། གལ་ཏེ་ལེགས་སྒྲིག་གཞན་པ་བྱུང་ན་ལྟ་ཚུལ་ཡང་གཞན་པ་ཡོང་ཆོག་པ་ནི་ཆོས་ཉིད་ཅིག་རེད།
ཆེས་གལ་ཆེ་བ་ནི་ལྟ་ཚུལ་གྱི་ཆེད་དུ་རྒྱུ་ཆ་བསྒྲིག་རྒྱུ་དེ་མ་ཡིན་པར། རྒྱུ་ཆ་བསྒྲིགས་ནས་ལོ་རྒྱུས་ཀྱི་གནས་ཚུལ་གང་ཞིག་མངོན་པ་དེ་ལ་ལྟ་དགོས། དེ་ནི་ལོ་རྒྱུས་རིག་པའི་རྩ་དོན་ལྟ་བུ་ཞིག་ཡིན་ནོ། །
ངས་གཞན་གྱིས་བྲིས་པའི་ལོ་རྒྱུས་རིག་གཞུང་གི་དཔྱད་རྩོམ་ཀློག་སྐབས་ཆེས་དོ་སྣང་བྱ་ས་དེ་རྩོམ་པ་པོས་འཆར་སྒོ་ཡངས་པོའི་ངང་ལྟ་ཚུལ་ཅི་ཞིག་བཏོན་ཡོད་པ་དེ་མ་ཡིན་པར། དཔྱད་ཡིག་གི་རྒྱུ་ཆ་གལ་ཆེན་གང་ཞིག་བཀོད་ཡོད་པ་དེར་གཟབ་བལྟས་བྱེད་ཀྱི་ཡོད་ལ། རྒྱུ་ཆ་གསར་པ་རེ་མཐོང་ན་དགའ་སྤྲོ་ཆེན་པོས་རྩོམ་པ་པོའི་བཀའ་དྲིན་ཚོར་བའི་སེམས་འགྱུ་ཡང་ཡོང་བ་ཞིག་རེད།
ང་ཚོ་བོད་ཀྱི་ལོ་རྒྱུས་རིག་གཞུང་གི་རྒྱུ་ཆ་ནི་རྒྱ་ཆེ་གྲངས་མང་སིལ་འཐོར་དུ་གནས་པས་བྱུང་བ་གལ་ཆེན་གསལ་བྱེད་ཀྱི་རྒྱུ་ཆ་ནི་རྙེད་སླ་བ་ཞིག་ལར་ནས་མ་ཡིན་ཏེ། ཧ་ལམ་རྒྱ་མཚོའི་ནང་ནས་གསེར་ཉ་བཙལ་བ་བཞིན་ཡིན་ཞེ་ནའང་འུད་བརྗོད་དུ་མི་འགྱུར་བའི་ཚོད་དུ་ཡོད། ལྷག་པར་བཙན་པོའི་དུས་རབས་ཀྱི་ཡིག་ཚང་རྙིང་པའི་ཐད་ནས་དེ་འདྲ་ཞིག་རེད་དེ། ཉེ་ལམ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚང་དཔེ་ཚོགས་ལས། ཀན་སུའི་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ལ་པོད༣༠དང་། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་རྙིང་ལ་པོད༡༤དང་། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་རྙིང་ལ་པོད༣༥དང་། ད་དུང་འཇར་པན་སོགས་སུ་ཉར་བ་ཡང་མང་དུ་ཡོད་དོ། །
༩ དཔེ་ཀློག་དང་ཟིན་བྲིས།
ཉེ་ལམ་ཆམ་པ་ཞིག་གི་རྐྱེན་གྱིས་སྡོད་བཅོས་སྨན་ཁང་དུ་གཟའ་འཁོར་གཅིག་ལུས་སོང་བས། སྐབས་དེར་འཇམ་དབྱང་ཤེས་རིག་དཔེ་ཚོགས་ནས་བསྡུ་བསྒྲིགས་གནང་བའི་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཡིག་རྙིང་གཅེས་བཏུས་སྐོར་ལས། དེབ་དང་པོ་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་པ། དེབ་གསུམ་པ་བསམ་ཡས་ཀྱི་བཀའ་གཙིགས་ཆེན་མོ། དེབ་བཞི་པ་སྲོང་བཙན་སྒམ་པོའི་བཀའ་ཆེམས། དེབ་དྲུག་པ་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། དེབ་བདུན་པ་རྒྱལ་རབས་ཆོས་འབྱུང་ཁག་དྲུག དེབ་བརྒྱད་པ་མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་རྒྱས་པའི་འགྲེལ་བཤད་བཅས་ལ་དཔེ་ཀློག་རེ་བགྱིས། མ་གཞི་དཔེ་ཆ་འདི་ཚོ་སྔར་ནས་མཐར་ཆགས་སུ་བཀླགས་ཟིན་མོད། རྒྱ་ཡི་རུའུ་ལུགས་ཀྱི་སློབ་དཔོན་ཆེན་མོ་ཁུང་ཙིས། རྙིང་པ་བསྐྱར་དུ་སྦྱངས་ན་གོ་བ་གསར་པ་ལོན་ཐུབ། གསུངས་པ་ལྟར་བཀླགས་ཟིན་བསྐྱར་ཀློག་བྱས་ན་བློ་སྐྱེད་གསར་པ་ཡོད་འདུག་ཅིང་། ཚེག་ཁྱིམ་བརྒྱད་སྟོང་ལ་ཉེ་བའི་མོལ་རྩོམ་རིང་མོ་འདི་ཡང་དཔེ་ཀློག་ཟིན་བྲིས་ཚུལ་དུ་བགྱིས་པ་ཡིན་ནོ། །
སྐུ་བླ་གསོལ་བ་ནི་བཙན་པོའི་རྒྱལ་སྲིད་ཀྱི་དོན་གལ་ཆེན་ཞིག་ཡིན་ལ། བྱེད་སྒོ་འདི་ནི་སྲིད་པ་བོན་གྱི་ཆོས་ལུགས་དང་འབྲེལ་ཞིང་གནའ་བོའི་བོད་ཀྱི་ལྷ་གསོལ་ཆོ་གའི་གཙོ་བོ་ཞིག་ཀྱང་ཡིན།
རྒྱུ་མཚན་དེར་བརྟེན་ནས་ནང་ཆོས་རྒྱ་ཆེར་སྤེལ་སྐབས་ཀྱི་ཐོག་མའི་ཆར་ཡང་བློན་པོ་རྣམས་ཀྱིས་ཆོས་གསར་པ་འདི་སྐུ་བླ་གསོལ་བའི་ཆོ་ག་དང་མི་མཐུན་པས་འདི་ཉིད་སྤྱད་ན་བཙན་པོ་སྐུ་ཚེ་ཐུང་བ། རྒྱལ་སྲིད་ཉམས་པ། མི་ཕྱུགས་ལ་ནད་ཡམས་ལྡང་བ། ཞིང་ལ་བཙའ་སད་ཕོག་པ་སོགས་ཀྱི་རྐྱེན་ངན་ཡོང་བར་དོགས་ནས་དགག་བྱ་ཅི་རིགས་བྱས་ཚུལ་ཁྲི་སྲོང་ལྡེ་བཙན་གྱི་བསམ་ཡས་མནའ་གཙིགས་ལས་གསལ་ཏེ། དེ་ཉིད་ལས། དེ་ནས་དགེ་བའི་བཤེས་གཉེན་གྱིས་བསྟངས་ཏེ་ཆོས་ཀྱང་གསན། ཡི་གེ་ཡང་སྤྱན་སྔར་བྲིམས་ནས། སངས་རྒྱས་ཀྱི་ཆོས་དཔེལ་ཞིང་མཛད་པར་སྒྲོམས་སོ། །དེ་ན་བོད་ཀྱི་ཆོས་རྙིང་བ་མ་ལགས་ལ། སྐུ་ལྷ་གསོལ་བ་དང་ཆོ་ག་མྱི་མཐུན་པས། ཀུན་ཀྱང་མ་ལེགས་སུ་དོགས་ཏེ། ལ་ལ་ནི་སྐུ་ལ་དམར་ཡང་དོགས། ལ་ལ་ནི་ཆབ་སྲིད་གོད་གིས་ཀྱང་དོགས། ལ་ལ་ནི་མི་ནད་ཕྱུགས་ནད་བྱུང་གིས་ཀྱང་དོགས། ལ་ལ་ནི་མུ་གེ་ལངས་བབ་ཀྱིས་ཀྱང་དོགས་སོ། །ཞེས་འཁོད།
གཙིགས་ཡིག་འདི་ནི་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེང་གྲུབ་པའི་རྗེས་ཐོག་ཏུ་བྲིས་པ་ཞིག་སྟེ། བཙན་པོའི་དུས་རབས་ཀྱི་ཡིག་ཚང་གལ་ཆེན་ཞིག་ཡིན་ལ། དེའི་བཤུས་ཡིག་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་དུ་ཆ་ཚང་ཇི་བཞིན་པ་བཀོད་ཡོད།
གོང་དུ་གསལ་བའི་རྣམ་པར་རྟོག་པ་དེ་ནི་ད་ལྟ་ང་ཚོས་ལྷ་ཆེ་གེ་མོ་ཞིག་བསྟེན་ཚར་དུས་ལྷ་ག་གེ་མོ་གཞན་ཞིག་བསྟེན་ན་འཁུ་ལྡོག་གི་གནོད་པ་ཆེན་པོ་འབྱུང་བར་རྟོག་པ་དང་ཆ་མཚུངས་སོ། །
དེ་བཞིན་ཁྲི་ལྡེ་སྲོང་བཙན་གྱིས་རྐོང་དཀར་པོར་གནང་བའི་གཙིགས་ཡིག་ལས། མཆེད་གཉིས་ཀྱི། སྐུ་བླ་གཉན་པོ་གསོལ་བ་དང་། སྐུ་བླ་དེ་མོ་དང་བཤོས་པ་ཡབ་ལྷ་བདག་བགྱྀད་ཀྱིས་ཀྱང་། ལྷ་སྲས་ཀྱྀ་སྐུ་རྀམ་གྲོ་ལ། བདགྀ་སྲོག་ལའ་བབ་པ་མན་ཆད་ཀྱྀ་ཆོ་གར་མཛད་པ། སྲོག་ཕོབས་མ་བགྱྀས་ཏེ། ལྷ་སྲས་ཀྱྀ་ཆབ་སྲྀད་འདི་ལྟར་མཐོ། དབུ་རྨོག་བརྩནད། ཞེས་གྲི་གུམ་སྐུ་སྲོག་ཤོར་ནས་སྤུ་རྒྱལ་བའི་རྒྱལ་སྲིད་ཆེར་ཉམས་པ་ན་སྲས་ཤ་ཁྲི་དང་ཉ་ཁྲི་མཆེད་གཉིས་ཀྱིས་སྲོག་ལ་ཐུག་པ་མན་གྱི་དཀའ་བའི་ཚེགས་དང་དཀོན་པའི་ཡོན་སྦྱར་ནས་སྐུ་བླ་གཉན་པོ་གསོལ་བ་སོགས་ཀྱི་རིམ་གྲོའི་ཆོ་ག་བགྱིས་པའི་མཐུས་བཙན་པོའི་རྒྱལ་སྲིད་བསྐྱར་དར་བྱུང་ཚུལ་བཤད་ཡོད།
གཙིགས་ཡིག་འདི་ནི་ཁྲི་ལྡེ་སྲོང་བཙན་གྱིས་སྤྱི་ལོ799-815བར་སྐབས་ནས་རྐོང་རྗེ་དཀར་པོ་ལ་གནང་བ་རྐོང་ཡུལ་གྱི་བྲག་ངོས་སུ་བརྐོས་པ་ད་ལྟའང་ཆ་ཚང་བལྟར་ཡོད་པ་ལགས།
གཙིགས་ཡིག་དེ་ལས། སྐུ་བླ་གཉན་པོ་གསོལ་བ་དང་།ཞེས་པ་ལྟར། སྐུ་བླ་འདི་ནི་མཆོད་པ་ཚུལ་བཞིན་བྱས་ན་ཁ་འཛིན་སྡོངས་གྲོགས་ཆེ་ཞིང་། གནོད་འགལ་བྱས་ན་འཁུ་ལྡོག་ཆག་ཆེན་ཡོང་བའི་ཡུལ་གཉན་པོར་བརྩི་བ་སྟེ། བྲག་ཡབ་རི་མདའི་རྣམ་སྣང་གི་བཞེང་བྱང་བརྐོས་ཡིག་ལས། སྐུ་བླ་དང་། དར་མ་གཉན་པ་འདི་ལ་ཕྱག་འཚལ་ཞྀང་མཆོད་པ་བྱས་ན་ཇྀ་སྨོན་ཏོ་ཅོག་འགྲུབ་ཅིང་། ཚེ་ཕྱི་མ་ལ་ཡང་ལྷ་ཡུལ་དུ་སྐྱེའོ། །ཁ་དན་ནམ་རྐྱལ་ཀ་བྱས་ན་འཕྲལ་དུ་ཡང་ནད་ལ་སྩོགས་པ་ཉེས་པ་སྣ་ཚོགས་འབྱུང་ལ།ཞེས་གསལ།
བཞེང་བྱང་འདི་ནི་ཁྲི་ལྡེ་སྲོང་བཙན་གྱི་ཁྲི་ལོ་ལྔ་པ་སྤྱི་ལོ804ལོར་བརྐོས་པ་ཏེ་ད་ལྟ་ཡང་གསལ་པོར་བལྟར་ཡོད།
སྤུ་རྒྱལ་བཙན་པོའི་གཙུག་ལྷ་ཡར་ལྷ་ཤམ་པོ།
ཡང་ཏུན་ཧོང་ཡིག་རྙིང་ནང་གི་ཁྲི་རལ་བ་ཅན་གྱི་རྒྱ་དྲུག་འཇང་གསུམ་འདུམ་པའི་སྨོན་ལམ་གྱི་གཙིགས་ཡིག་ལས་ཀྱང་། འོ་ལྡེ་སྤུ་རྒྱལ་གནམ་གྱྀ་ལྷ་ལས་མྱྀའྀ་རྗེར་གཤེགས་པ་ཡོང་གྀས་སྐུ་བླ་གཉན། ཆབ་སྲྀད་ཆེ། ཆོས་བཟང་། གཙུག་ལག་ཆེ་བས། ཡུལ་བྱུང་ས་དོད་ཚུན་ཅད་རྗེའི་གདུང་མ་གྱུརད་ཏེ། ཆབ་སྲྀད་གཡུང་དྲུང་དུ་བརྟན་ཞྀང་། ཆེ་བའྀ་བཀའ་དྲིན་ཆེན་པོས་ཕྱོགས་བརྒྱད་དུ་ཁྱབ་པར་ཁེབས་ཏེ། ཞེས་སྐུ་བླ་དེ་ཧ་ཅང་གཉེན་པོ་ཡིན་པར་བཀོད་དོ། །ཡུལ་གཉན་པོར་བརྩི་བས་ན་དམ་ཆོས་མི་གཞིག་པའི་མནའ་གཙིགས་ཀྱི་དཔང་པོའི་གྲལ་དུ་ཡང་བཞག་ཡོད་དེ། མནའ་གཙིགས་ལས། གནམ་སའི་རིམ་པའི་ལྷ་འོ་ཅོག་དང་། བོད་ཡུལ་གྱི་སྐུ་བླ་དང་། ལྷ་དགུ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་། མི་མ་ཡིན་པ་ཐམས་ཅད་དཔང་དུ་གསོལ་ཏེ།ཞེས་སོ། །
ཚུལ་དེ་དག་གིས་བཙན་པོའི་དུས་སྐབས་སུ་སྐུ་བླ་གསོལ་བའི་ཆོ་ག་ནི་ཆེས་གཙོ་གལ་ཆེ་བའི་བོན་པོའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་པ་ངེས་ཐུབ་བོ། །
སྐུ་ལྷ་དང་སྐུ་བླ་ཞེས་འབྲི་སྟངས་གཉིས་བྱུང་བ་ནི་དོན་གཅིག་ལགས་མོད། དེ་ལྟར་བྲིས་པའི་ཡིག་ཚང་ལ་དཔྱད་ན་འབྲི་སྲོལ་གསར་རྙིང་གི་ཁྱད་པར་ཏེ། སྐུ་བླ་ཞེས་པ་ནི་བཙན་པོའི་དུས་སྐབས་ཀྱི་འབྲི་ཚུལ་དང་། སྐུ་ལྷ་ཞེས་པ་ནི་བསྟན་པ་ཕྱི་དར་སྐབས་ཀྱི་འབྲི་ཚུལ་དུ་མངོན།
༢ སྐུ་བླ་ནི་གང་ལ་ངོས་འཛིན་པ།
འོ་ན་བཙན་པོའི་སྐུ་བླ་དེ་སུ་ཡིན་ནམ་ཞེ་ན། སྤྱིར་གནའ་དུས་ཀྱི་རྒྱལ་ཕྲན་རྗེ་བོ་སོ་སོ་ལ་སྐུ་བླ་རེ་ཡོད་པ་སྟེ། ཏུན་ཧོང་གཏེར་ཡིག་ནང་གི་རྒྱལ་ཕྲན་སིལ་མའི་ལོ་རྒྱུས་ནང་དུ། རྒྱལ་ཕྲན་བཅུ་གཅིག་གི་ལྷ་བཅུ་གཅིག་གསལ་བ་དེ་རྒྱལ་ཕྲན་སོ་སོའི་སྐུ་བླ་ཡིན་པ་འདྲ།
རྒྱལ་ཕྲན་བཅུ་གཅིག་ལས་རྐོང་རྗེ་དཀར་པོའི་ལྷ་ནི་རྐོང་ལྷ་དེས་ལེགས་ཡིན་པ་གོང་གི་ཡིག་ཆ་དེ་རང་ལ་གསལ་ཏེ། དེ་ཉིད་ལས། ལྷ་རྐོང་ལྷ་དེས་ལེགས། རྗེ་རྐོང་རྗེ་དཀར་པོ།ཞེས་སོ། །
རྐོང་དཀར་པོའི་གཙིགས་ཡིག་ལས། སྐུ་བླ་དེ་མོ་དང་བཤོས་པ། ཞེས་རྐོང་རྗེའི་སྐུ་བླ་ནི་དེ་མོ་ཡིན་པ་གསལ་བས། གལ་ཏེ་དེས་ལེགས་དང་དེ་མོ་གཉིས་གཅིག་པ་ཡིན་སྲིད་ན་རྒྱལ་ཕྲན་སོ་སོའི་ཡུལ་ལྷ་གཙོ་བོ་དེ་སྐུ་བླ་ཡིན་པའི་ངེས་པ་ལྷག་ཏུ་ཆེའོ། །
ཡོ་ག་ལྷ་གྱེས་ཅན་ལས། སྲིད་པའི་ལྷ་རབས་བཅུ་དྲུག་པ་ཡབ་ལྷ་བདལ་དྲུག་གི་གཅུང་པོ་འོ་དེ་གུང་རྒྱལ་རྐོང་ཡུལ་དུ་བྱོན་ནས་ཐང་ང་རྐོང་མོ་ཐར་དང་བཤོས་པའི་སྲས་རྐོང་ལྷ་དེ་ཡག་འཁྲུངས་པར་བཤད་པ་དེ་ཡང་རྐོང་ལྷ་དེས་ལེགས་དང་གཅིག་ཡིན་དགོས་སུ་སྣང་། དེ་ལྟར་ན་རྐོང་ལྷ་དེ་ཡག་གམ་དེས་ལེགས་སམ་དེ་མོ་ནི་ཕྱིས་སུ་གཉའ་ཁྲི་བཙན་པོའི་ཨ་ནེ་རུ་བཀུར་བ་ཡིན་པས། གཉའ་ཁྲིའི་མི་རབས་དགུ་པ་སྲས་མཆེད་གཉིས་ལ་ལྟོས་ན་གལ་ཆེ་བ་ཞིག་ཀྱང་རེད།
ཡོ་ག་ལྷ་གྱེས་ཅན་ནི་རྗེ་གཉའ་ཁྲི་བཙན་པོའི་གདུང་ཁུངས་ཞིབ་པར་སྨོས་པའི་བསྒྲགས་པ་བོན་ལུགས་ཀྱི་གནའ་བོའི་ལྷ་སྒྲུང་གཏམ་རྒྱུད་ཅིག་ཡིན་ལ། འདི་ཉིད་ཕལ་ཆེར་ཆ་ཚང་བ་ཞིག་ལྡེའུ་ཆོས་འབྱུང་ཆེ་བ་རུ་བཀོད་ཡོད།
དེ་བཞིན་སྒྲུང་དེ་ནི་ཏུན་ཧོང་གཏེར་ཡིག་ནང་གི་གཉའ་ཁྲི་བཙན་པོའི་གདུང་ཁུངས་སྨོས་པ་ལས། གཉའ་ཁྲི་བཙན་པོའི་ཡབ་ནི་ལྷ་ཀུ་སྤྱི་སེར་བཞིས་ཡིན་པ་དང་། གནོད་སྦྱིན་ཛ་ཡིན་པ་དང་། ཁྲི་བར་བདུན་ཚིགས་ཡིན་པའི་བཤད་ཚུལ་གསུམ་ལས་གསུམ་པ་དེ་རྒྱས་པར་བཀྲལ་བ་ཞིག་ཡིན་པ་གཞུང་དངོས་ལ་བལྟས་ན་ཧ་ཅང་གསལ་པོ་ཡིན་ལ། བཙན་པོའི་རྒྱལ་རབས་ཀྱི་ངོས་ནས་བཤད་ཚུལ་འདི་ཉིད་གཙོ་བོར་བཟུང་ཡོད་པ་ནི་རྐོང་དཀར་པོའི་གཙིགས་ཡིག་ལས། ཐོག་མར་ཕྱྭ་ཡབ་བླ་བརྡལ་དྲུག་གྀ་སྲས་ལས། ཉ་ཁྲྀ་བཙན་པོ་མྱི་ཡུལ་གྱྀ་རྗེར། ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད།ཅེས་དང་། ཏུན་ཧོང་ཡིག་རྙིང་ནང་གི་གཉའ་ཁྲི་བཙན་པོ་བོད་ཀྱི་རྗེ་བོར་གྱུར་པའི་ལོ་རྒྱུས་ལས། ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ། གནམ་ལྷབ་ཀྱི་བླ་ན་ཡབ་ལྷ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲིའི་བདུན་ཚིགས་དང་བདུན། ཁྲྀའི་བདུན་ཚིགས་ཀྱྀ་སྲས། ཁྲི་ཉག་ཁྲི་བཙན་པོའ།ཞེས་དང་། ཏུན་ཧོང་ཡིག་རྙིང་ནང་གི་སྤུ་རྒྱལ་བཙན་པོའི་གདུང་རབས་ཀྱི་ཡིག་ཚང་ལས། གནམ་ལྷབ་ཀྱྀ་བླ་ན་ཡབ་བླ་བདག་དྲུག་བཞུགས་པའྀ་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲིའི་བདུན་ཆྀགས་དང་བདུན། ཁྲིའི་བདུན་ཆྀགས་ཀྱི་སྲས། ལྡེ་ཉག་ཁྲི་བཙན་པོ། ཞེས་པ་དག་གིས་ཤིན་ཏུ་གསལ་ལོ། །
ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོང་ནས་སྤུར་ཟངས་སྒམ་དུ་བཅུག་ནས་ཡར་ཀླུང་གཙང་པོར་བསྐུར་བ་ན་མཐར་སྤུར་སྒམ་རྐོང་པོའི་ཁོག་ཏུ་ཡར་ཀླུང་གཙང་པོའི་འཁྱིལ་ཁུགས་ཞིག་ཏུ་ལོ་མང་པོར་ལུས་ཤིང་། དོན་དེ་ལ་ཏུན་ཧོང་ཡིག་རྙིང་གི་གྲི་གུམ་བཙན་པོའི་ལོ་རྒྱུས་སུ། བཙན་པོ་གྲི་གུམ་ཡང་དེ་རུ་བཀྲོངས་ནས། སྤུར་ཟངས་རྒྱ་ཁ་སྤྲོད་ཀྱི་ནང་དུ་བཅུག་སྟེ་གཙང་ཆུའྀ་གཞུང་ལ་བཏང་ངོ་། ཆབ་གཞུག་སེར་ཚངས་སུ་ཀླུ་འོ་དེ་བེད་དེ་རིང་མོའྀ་ལྟོར་གཤེགས་སོ། །ཞེས་བཀོད་ཡོད།
སླད་ནས་སྤུས་ཀྱི་བུ་ངར་ལས་སྐྱེས་དང་སྲས་མཆེད་གཉིས་བཅས་ཀྱིས་ཀླུ་འོ་དེ་བེད་དེ་རིང་མོ་ལ་བུ་མོ་ཞིག་པུར་གྱི་གླུད་དུ་ཕུལ་ནས་བཙན་པོའི་པུར་དེ་བླངས་ཏེ་གྱང་ཏོ་བླ་འབུབས་ཀྱི་མགུལ་དུ་བང་སོ་བརྩིགས་ཚུལ་ཏུན་ཧོང་ཡིག་རྙིང་གི་སྤུ་དེ་གུང་རྒྱལ་གྱི་ལོ་རྒྱུས་སུ་གསལ་ཏེ། འདི་སྐད་དུ། ཆོ་མྱྀ་བྱའྀ་བུ་མོ་ཁྲིད་དེ་སོང་ངོ་། །ཀླུ་འོ་དེ་རིང་མོའི་ལྟོར་སྤུར་གྱྀ་ཀླུད་དུ་བཅུག་སྟེ་བཏང་ངོ་། ཉ་ལྷ་གཉིས་ཀྱིས་བཙན་པོའི་སྤུར་བཟུང་ངོ་། །གྱང་ཏོ་བླ་འབུབས་ཀྱི་མགུར་དུ་བང་སོ་བརྩིག་སོ། །ཞེས་སོ། །འདི་ལས་སྐབས་དེར་དབང་སྒྱུར་གྲལ་རིམ་པ་རྣམས་ཀྱིས་ཡུལ་ལྷ་ལ་མི་ཡི་མཆོད་འབུལ་བྱེད་པའང་ཞོར་ལ་ཤེས་ཐུབ།
དེ་བཞིན་རྐོང་དཀར་པོའི་གཙིགས་ཡིག་ལས། སྐུ་བླ་དེ་མོ་དང་བཤོས་པ་ཡབ་ལྷ་བདག་བགྱྀད་ཀྱིས་ཀྱང་།ཞེས་པའི་ཡབ་ལྷ་ནི་སྲས་ཉ་ཁྲི་ཤ་ཁྲི་མཆེད་གཉིས་ཀྱི་ཡབ་ལྷ་བཙན་པོ་གྲི་གུམ་ཡིན་ལ། བཤོས་པ་ནི་མཉམ་དུ་འདུས་པའི་དོན་ཏེ། དེ་སྐུ་བླ་དེ་མོ་དང་བཤོས་པ་ནི་གྲི་གུམ་བཙན་པོའི་སྐུ་སྤུར་དེ་སྐུ་བླ་དེ་མོ་གནས་སའི་གཙང་པོའི་འཁྱིལ་ཁུགས་སེར་ཚངས་སུ་ལོ་མང་གནས་བཅས་པ་དེ་ལ་གོ་བ་དང་། བདག་བགྱྀད་ནི་ཕྱིས་སྲས་གཉིས་ཀྱིས་དེ་མོ་ལ་སྐུ་གླུད་བུ་མོ་ཞིག་ཕུལ་ནས་སྐུ་སྤུར་བདག་བགྱིས་པ་ལ་གོ་བའོ། །
གོང་གི་ས་ཁྲ་ལས་བྲེ་སྣ་གདོང་དེ་ཚོད་དཔག་ཙམ་ལས་གཞན་པ་ས་མིང་མ་འགྱུར་བར་གནས་པ་ཇི་བཞིན་ཡིན།
ད་ལྟ་ཉང་ཆུ་གཙང་ཆུ་འདྲེས་མདོའི་ཤར་གྱི་ཉེ་ཟུར་གཙང་པོའི་གཡོན་ཕྱོགས་རང་དུ་ཀོང་པོ་བོན་རི་ཞེས་པ་དེའི་ཆ་ཤས་ཀྱི་གྱང་ཐོ་རི་ཡོད་པ་དང་། དེ་ཉིད་གྲི་གུམ་གྱི་བང་སོ་གྱང་ཏོ་བླ་འབུབས་ཀྱི་མགུར་དུ་བརྩིག་པར་བཤད་པའི་གྱང་ཏོ་རུ་གྲགས་པ་དང་། གྱང་ཐོའི་རི་འདབས་སུ་གྲི་གུམ་གྱི་བང་སོ་ཡིན་པར་གྲགས་པའི་བང་སོ་ཆེ་ཙམ་ཞིག་ཡོད་པ། དེ་ནས་གཙང་པོའི་སྨད་རྒྱུད་དུ་མར་ལ་ཅུང་ཟད་སོང་ན་རྐོང་བྲེ་སྣ་གདོང་ཡོད་པ། བྲེ་སྣ་གདོང་འདི་ཀོང་བཙུན་དེ་མོའི་གནས་གཞི་ཡིན་པ་ནི་དེའི་གསོལ་ཁ་གཏེར་མ་ཞིག་ལས། ཡུལ་ནི་རྐོང་ཡུལ་ལྗོན་པའི་ཚལ། །གནས་ནི་གཡུ་གསུམ་བྲེ་སྣ་གདོང་། །སྨན་བཙུན་དགྱེས་པའི་བསྟི་གནས་ནས། །རྡོ་རྗེ་དེ་མོས་བོད་ཁམས་སྐྱོང་། །ཞེས་གསལ་བས་འོ་ན་བྲེ་སྣ་གདོང་གིས་གཙང་པོ་ཁེགས་སའི་འཁྱིལ་ཁུགས་དེ་ཆབ་གཞུག་སེར་ཚང་ཡིན་སྲིད་དམ། དེ་ནས་མར་ལ་ཅུང་ཙམ་སོང་ན་གཡུང་དྲུང་འཛིན་གྲོང་ཚོ་རུ་ཆེས་གནའ་དུས་སུ་བཞེངས་པའི་རྐོང་བཙུན་དེ་མོའི་ལྷ་ཁང་གི་ཤུལ་དང་། རྐོང་དཀར་པོའི་གཙིག་ཡིག་རྡོ་བརྐོས་མ་ཡོད་པ་སོགས་ས་མིང་དང་ངག་རྒྱུན་ཤུལ་རྫས་ཡིག་ཚང་སོགས་མཐོང་སྣེ་སྒོ་དུ་མ་ནས་དཔྱད་ན་གྲི་གུམ་བཙན་པོའི་སྤུར་ཆགས་ས་ཆབ་གཞུག་སེར་ཚང་ཞེས་པ་དང་། ཀླུ་འོ་དེ་བེད་དེ་རིང་མོ་ཞེས་པ་དང་། གྱང་ཏོ་བླ་འབུབས་ཞེས་པ་དང་། བང་སོ་བརྩིགས་པ་ཞེས་སོགས་དང་འབྲེལ་བའི་ལོ་རྒྱུས་ཀྱི་གལ་གནད་དོན་སྤྱི་ལྷག་པར་གསལ་བར་བྱེད་པ་ལྟར་དུ་འདུགལྡེའུ་ཆོས་འབྱུང་ཆེ་ཆུང་གཉིས་ལས། རྐོང་ཡུལ་སེ་མོ་ཕུག་ཏུ་བང་སོ་བརྩིགས་ནས་བོན་པོ་འཚེ་མི་དང་ཅོ་མི་ཟུང་གིས་གྲི་བཏུལ་བ་མ་ཐུལ་ཏེ། སྤུར་ཡར་ཀླུང་ང་ར་ཐང་དུ་གདན་དྲངས། བོན་པོ་ཟི་རྒྱལ་རྨང་པོས་གྲི་ཐུལ་ནས་སྤུར་དེ་འཕྱོང་པོ་དྲང་མོ་དྲང་ཆུང་གི་ཟོམ་ལ་སྦས་པ་དང་། དྲང་མོའི་གནམ་ལྷ་གསེར་ཐིག་ཏུ་མཚན་གསོལ་ཞིང་ཡུལ་དེའི་ཡུལ་ལྷ་རུ་བཀུར་བར་བཤད་པ་ལྟར་ཡིན་ཡང་ཐང་བ་སྟེ། ཏུན་ཧོང་ཡིག་རྙིང་ནང་གི་བཙན་པོའི་གདུང་རབས་མཐར་ཆགས་སུ་སྨོས་པ་ལས་ཀྱང་། བཤོས་ན་སྤུ་དེ་གུང་རྒྱལ། གྲོང་ན་གྲང་མོ་གནམ་གསེར་བརྩིག ཅེས་འབྱུང་བ་ཡང་། གྲི་གུམ་བཙན་པོ་དེ་ཉིད་ཡུམ་དང་བཤོས་པ་ན་སྲས་སྤུ་དེ་གུང་རྒྱལ་བྱོན་ཅིང་། སྐུ་འདས་པ་ན་ཡུལ་ལྷ་གྲང་མོ་གནམ་གསེར་བརྩིག་བྱུང་བ་ཞེས་པའི་དོན་ལྟར་སྣང་།
རྐོང་ཡུལ་གྱི་གྲི་གུམ་བཙན་པོའི་བང་སོ་ཡོད་སའི་ཕྱོགས་འདི་ལ་ཡུལ་དེའི་ངག་སྒྲོས་སུ་མུ་ཡུལ་སྐྱིད་མཐིང་ཞེས་སུ་བརྗོད་ཅིང་། འདི་ནི་ཡོ་ག་ལྷ་གྱེས་ཅན་ལས་གཉའ་ཁྲིའི་གཤེགས་རབ་ཉེར་བདུན་སྨོས་པ་ལས་དགུ་པ་ལ་མི་ཡུལ་གྱི་མཐིང་དུ་གཤེགས་ཞེས་པའི་ས་ཆ་དེ་ཡིན་ཚོད་ལ། ཡི་གེའི་དག་ཆ་དངོས་ནི་དམུ་ཡུལ་གྱི་མཐིལ་ལམ། དམུ་ཡུལ་སྐྱིད་མཐིང་ཞེས་པ་ཡིན་ཐང་།
གཤེགས་རབ་ཉེར་བདུན་ནི་གཉའ་ཁྲི་བཙན་པོ་དམུ་ཡུལ་ནས་ཡར་ཀླུང་དུ་བསྐྱོད་སྐབས་གནས་སྡོད་བྱེད་མྱོང་བའི་ས་ཆ་ཉེར་བདུན་ལ་གོ་དགོས་པ་ཡིན་ཞིང་། ཡོ་ག་ལྷ་གྱེས་ཅན་ལྟར་ན་དམུ་ཡུལ་ནི་གཉའ་ཁྲི་བཙན་པོའི་ཡབ་ཁྲི་བར་བདུན་ཚིགས་མི་ཡུལ་དུ་གཤེགས་ས་དང་། ཡབ་སྲས་གཉིས་ཀའི་ཞང་པོའི་ཡུལ་ཡིན་པ་རེད། ཏུན་ཧོང་ཡིག་རྙིང་གི་རྒྱལ་ཕྲན་སིལ་མའི་ལོ་རྒྱུས་ལས་ཀྱང་། ཡུལ་རྐོང་ཡུལ་བྲེ་སྣ་ན། ལྷ་རྐོང་ལྷ་དེས་ལེགས། རྗེ་རྐོང་རྗེ་དཀར་པོ། ཞེས་རྐོང་ཡུལ་བྲེ་སྣའི་ཕྱོགས་འདི་རྐོང་ལྷ་དེས་ལེགས་གནས་ས་དང་། རྐོང་རྗེ་དཀར་པོ་ཆགས་ས་ཡིན་པ་གསལ་བར་བསྟན་ཡོད། ཁྲིང་སྲོང་གིས་རྐོང་རྗེར་གནང་བའི་གཙིགས་ཡིག་གླང་དཀར་རྡོ་རིང་དང་། ཁྲི་ལྡེ་སྲོང་བཙན་གྱིས་རྐོང་རྗེར་གནང་བའི་གཙིགས་ཡིག་གཡུང་དྲུང་འཛིན་རྡོ་བརྐོས་གཉིས་གནས་འདིའི་གཙང་པོའི་ཕར་ཚུལ་དུ་ཡོད་པ་དེས་ཀྱང་རྐོང་རྗེ་རིམ་བྱོན་གྱི་རྒྱལ་སའང་ཕྱོགས་ཆ་འདི་ན་ཡིན་པར་ངེས་ཐུབ། དེས་ན་དམུ་ཡུལ་གྱི་མཐིལ་ཡིན་པས་ན་དེ་སྐད་དང་། ཡང་ན་དམུ་ཡུལ་གྱི་ཕྱོགས་ཆ་འདི་ནི་རང་བྱུང་ཁོར་ཡུག་ཆེས་ཉམས་དགའ་བའི་ལྗང་མདོག་གི་ཡུལ་ཡིན་པས་ན་དམུ་ཡུལ་སྐྱིད་མཐིང་ཞེས་སུ་བརྗོད་པ་ཡིན་སྲིད་དམ་སྙམ་པ་ནི་འཆར་སྒོ་ཡན་པ་ཞིག་གོ །
གཤེགས་རབ་ལྔ་པ་ལ་གྱང་ཐོག་ཐོག་ཡངས་སུ་གཤེགས།ཞེས་དང་། དྲུག་པ་ལ། དེ་ནས་བླ་འབྲུམ་གྱང་མདོར་གཤེགས།ཞེས་པའི་གྱང་ཐོག་དང་བླ་འབྲུམ་ཡང་གཏེར་ཡིག་ཏུ་གསལ་བའི་གྱང་ཏོ་བླ་འབུབས་དང་འབྲེལ་བ་ངེས་ཅན་ཞིག་གྲུབ་འདུག ལྷ་རི་གྱང་ཏོའམ། གྱང་མདོར། གྱང་དོར་འདི་ནི་གཉའ་ཁྲི་བཙན་པའི་གཤེགས་རབས་ཀྱི་གནས་གལ་ཆེན་ཞིག་ཡིན་པ་ནི། རྐོང་དཀར་པོའི་གཙིགས་ཡིག་ལས། ཐོག་མར་ཕྱྭ་ཡབ་བླ་བརྡལ་དྲུག་གྀ་སྲས་ལས། ཉ་ཁྲྀ་བཙན་པོ་མྱི་ཡུལ་གྱྀ་རྗེར། ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད།ཅེས་དང་། ཏུན་ཧོང་ཡིག་རྙིང་ནང་གི་གཉའ་ཁྲི་བཙན་པོ་བོད་ཀྱི་རྗེ་བོར་གྱུར་པའི་ལོ་རྒྱུས་ལས། ཁྲི་ཉག་ཁྲི་བཙན་པོའ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོ། །ལྷ་རྀ་གྱང་དོར་གཤེགས་ན། རྀ་རབ་ལྷུན་པོ་ཡང་དགུ་དུད་དུད།ཅེས་སོགས་ཀྱིས་ཤིན་ཏུ་གསལ་ལོ། །
དེ་བཞིན་ཡོ་ག་ལྷ་གྱེས་ཅན་ལས། གཤེགས་རབ་ཉེར་བདུན་གྱི་ཐོག་མར་རྗེ་གཉའ་ཁྲི་བཙན་པོས་རི་ཐང་ཡུལ་འབྲོག་ཆབ་ལྔ་ལ་གཟིགས་པ་ལས་རི་གཟིགས་པ་ནི་ལྷ་རི་གྱང་དོ་ཡིན་པར་ཡང་བསྟན་ཡོད།
འགའ་རེས་གྱང་ཏོ་ཡར་ཀླུང་དུ་ངོས་བཟུང་མོད། ཡོ་ག་ལྷ་གྱེས་ཅན་ལྟར་ན་གཤེགས་རབ་ཉེར་བདུན་ལས་བཅུ་དྲུག་པ་ནས་རྐོང་པོའི་ས་ཟད་དེ་གཟོད་དྭགས་ཡུལ་དུ་ཐོན་པ་དང་དེ་རྗེས་ཡར་ཀླུང་དུ་འབྱོར་བར་གསལ་ཏེ། དེ་ཉིད་ལས། དེ་ནས་ང་ལ་གཡའ་མ་གོང་དུ་གཤེགས། དེ་ནས་དྭགས་ཡུལ་ཤིང་ནགས་སུ་གཤེགས།ཞེས་སོགས་འབྱུང་། ང་ལ་གཡའ་མ་གོང་ནི་དེང་གི་དྭགས་རྐོང་ས་མཚམས་ཀྱི་རྐོང་པོ་ང་ལ་ཞེས་པ་དེ་ཡིན་སྲིད་པ་དུང་དཀར་བས་གསུངས་པ་བདེན་པར་སྣང་། དོན་དངོས་ཀྱི་ས་ཚིགས་འབྲེལ་ཚུལ་ཡང་རྐོང་པོའི་ཡར་ནང་དུ་དྭགས་པོ་དང་དེའི་ཡར་ནང་དུ་ཡར་ཀླུང་ཡོད་པ་རེད།
དེས་ན་གྲི་གུམ་བཙན་པོའི་སྤུར་འཁོར་སའི་ཀླུ་འོ་དེ་བེད་དེ་རིང་མོ་དང་རྐོང་ལྷ་དེས་ལེགས་དང་རྐོང་ལྷ་དེ་ཡག་རྐོང་བཙུན་དེ་མོ་རྣམས་ནི་དོན་གཅིག་པ་ལྟར་དུ་སྣང་བ་ལ། དེ་ཡང་ཀླུ་རིགས་མོ་ཞིག་ཡིན་པར་མངོན།
འོན་ཏེ་གྲི་གུམ་གྱི་རྒྱལ་སྲས་མཆེད་གཉིས་ཀྱི་སྐབས་དེར་དེང་དུས་བཞིན་རང་བྱུང་གི་རི་ཆུ་དང་དེ་ལ་གནས་བཅས་པའི་ཡུལ་ལྷ་གཉིས་སོ་སོར་ངོས་འཛིན་གྱི་ཡོད་དམ། ཡང་ན་རང་བྱུང་གི་རི་ཆུ་དེ་ཉིད་ཡུལ་ལྷ་རུ་ངོས་འཛིན་གྱི་ཡོད་ནི་དཔྱད་དཀའ་བའི་གནས་སོ། །
ད་ལྟ་ང་ཚོས་མཆོད་བཀུར་བྱེད་ཀྱིན་པ་སློབ་དཔོན་རིན་པོ་ཆེས་དམ་ལ་བཞག་པར་གྲགས་པའི་བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱི་ཡ་གྱལ་ཀོང་བཙུན་དེ་མོ་ཞེས་པ་དེའི་ཐོག་མའི་གདགས་གཞི་ཡང་ནི་སྐུ་བླ་དེ་མོ་ཞེས་པ་དེ་རང་ཡིན་ཤས་ཆེ་བ་ཞིག་སྟེ། ད་ལྟའི་ཀོང་བཙུན་དེ་མོ་ནི་རྐོང་ཡུལ་གྱི་གཞི་བདག་ཅིག་ཡིན་པ་ལ། མིང་ནི་རྡོ་རྗེ་ཀླུ་མོ་དཀར་མོ་དང་། རིགས་ནི་གནོད་སྦྱིན་ཡིན་པར་གསུངས་ཤིང་། རྣམ་པ་ནི་སྐུ་མདོག་སྨུག་ནག་དར་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་ན་མདའ་དར་དང་ཟ་མ་ཏོག་བསྣམས་ཏེ། སྤྲིན་གསེབ་ན་རླུང་གིས་བསྐྱོད་པའི་ཚུལ་ཅན་སོགས་སྣ་ཚོགས་འབྲི་བཞེངས་བྱེད་སྲོལ་ཡོད།
༣ བཙན་པོའི་གདུང་རབས་ཀྱི་སྐུ་བླ་སུ་ཡིན་པ།
བཙན་པོའི་གདུང་རབས་ཀྱི་སྐུ་བླ་ནི་ཡར་ལྷ་ཤམ་པོ་ཡིན་ལས་ཆེ་སྙམ་སྟེ། ཏུན་ཧོང་གཏེར་ཡིག་ནང་གི་གཉའ་ཁྲི་བཙན་པོའི་གདུང་ཁུངས་སྨོས་པ་ལས། ཡར་ལྷ་ཤམ་པོ་ནི་གཙུག་གྀ་ལྷའོ། །ཞེས་གསལ། ཡར་ལྷ་ཤམ་པོ་ནི་ཡར་ཀླུང་ཕྱོགས་ཀྱི་གངས་རི་བརྗིད་ཆགས་ཤོས་དེ་ཡིན་པ་དང་། རྗེ་གཉའ་ཁྲི་བཙན་པོའི་རྒྱལ་སའི་ལུང་ཕུ་ན་ཡོད་པས་ན་གཙུག་གི་ལྷ་རུ་བཀུར་བ་ཡིན་ངེས།
ཟས་གཏད་ཀྱི་ལོ་རྒྱུས་ཞེས་པ་ལས། བསྟེན་པའི་སྐུ་ལྷ་ནི་ཡར་ལྷ་ཤམ་པོ།ཞེས་དང་། ཡར་ལྷ་ཤམ་པོ་ནི་གཉན་ཞིང་མཐུ་ཆེ།ཞེས་སོགས་འབྱུང་།
ཡིག་ཆ་འདི་རུ་བཙན་པོ་མུ་ནེའི་སྐུ་དུས་སུ་ཁྲི་སྲོང་གི་འདད་གཏོང་ཚུལ་ཐད་བན་བོན་མི་མཐུན་པ་བྱུང་ཚུལ་དང་མཐར་འདད་ཆོག་བན་ཆོས་སུ་བཏང་ཚུལ་འཁོད་པ་ཞིག་རེད། ཡིག་ཆ་རང་ངོས་ནས་བསྟན་པ་ཕྱི་དར་སྐབས་སུ་བྱུང་བ་ཞིག་ཡིན་འདྲ་མོད། འདིར་དཔྱད་གཞིར་དྲངས་པ་ལགས།
ད་ལྟ་གངས་རི་ཡར་ལྷ་ཤམ་པོ་དང་དེ་ཡི་གཞི་བདག་ཡར་ལྷ་ཤམ་པོ་སོ་སོར་འབྱེད་ཅིང་། གཞི་བདག་དེ་ནི་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་ཕྱག་གཡས་ན་མདའ་དར་དང་གཡོན་ན་བུམ་པ་འཛིན་པ་གཡག་དཀར་པོ་ལ་ཞོན་པ་སོགས་སུ་བློས་བསླངས་བྱ་སྲོལ་ཡོད་མོད། བློས་བསླངས་འདི་དུས་ནམ་ཙམ་དར་བ་བཤད་ཚོད་ཐིག་དཀའ་བར་འདུག
ཕྱིས་སྟོད་ལྷ་རབས་ཀྱི་སྒྲུང་ཡོ་ག་ལྷ་གྱེས་ཅན་བརྩམས་གྲུབ་པ་ནས་ཡར་ལྷ་ཤམ་པོ་དེ་རྗེ་གཉའ་ཁྲི་བཙན་པོའི་ཁུ་བོ་ལྟ་བུ་རུ་གྱུར་ཡོད་དེ། སྲིད་པའི་ལྷ་རབས་བཅུ་དྲུག་པ་ཡབ་ལྷ་བདལ་དྲུག་དང་ཕ་མ་གཅིག་པའི་གཅུང་ཐ་ཆུང་འོ་དེ་གུང་རྒྱལ་དེ་ཉིད་གནམ་ས་བར་སྣང་ཀུན་ཏུ་གཤེགས་ནས་མོ་སྨན་རྣམས་དང་བཤོས་ཏེ་སྲས་གྲངས་མེད་འཁྲུངས་པ་ལས་ཁུ་བཟའ་ཁུ་མ་དང་འདུས་པའི་སྲས་ཡར་ལྷ་ཤམ་པོ་ཡིན་པ་དང་། ཡབ་ལྷ་བདལ་དྲུག་ནི་གཉའ་ཁྲི་བཙན་པོའི་ཨ་མྱེས་དངོས་དེ་ཡིན་ཚུལ་སོགས་སྟོད་ལྷ་རབས་ཀྱི་སྒྲུང་དེ་ཉིད་ལས་གསལ་ཞིང་། ཚུལ་དེས་ཡར་ལྷ་ཤམ་པོ་ནི་གཉའ་ཁྲི་བཙན་པོའི་གདུང་རབས་ཕྱི་མ་དག་ལ་མཚོན་ན་ལྷག་པར་ཡང་གལ་ཇེ་ཆེ་རུ་གྱུར་པ་རེད།
དེ་བཞིན་ཏུན་ཧོང་གཏེར་ཡིག་ནང་གི་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ལས།
ཐང་ལ་ནྀ་རྩེ་བཆད་ཅིང་།།
ཤམ་པོ་ནྀ་རྨང་དུ་བསྣན།།
ཡུ་སྣའྀ་ནི་མཁར་ཕབ་ཆྀང་།།
ཕྱི་བའྀ་ནི་སྣོན་དུ་བགྱིས།།
སྔ་ན་ནྀ་མཐོ་བ་ལ།།
ད་ཙམ་ནི་དགུང་ལ་རེག།
ཅེས་གནམ་རི་སྲོང་བཙན་གྱིས་ཟིང་པོ་རྗེ་སོགས་ཕབ་ནས་དགྱེས་སྐྱེམས་སྟོན་མོ་གསོལ་སྐབས་མྱང་མང་པོ་རྗེ་ཞང་སྣང་གི་གླུ་བླངས་པ་ན་ཡང་། ཟིང་པོའི་མཁར་ཕབ་སྟེ་སྤུ་རྒྱལ་བཙན་པོའི་དབང་དུ་བསྡུས་ནས་མངའ་ཐང་ཆེ་བར་གྱུར་པ་དེ་དཔེ་གཉན་ཆེན་ཐང་ལྷའི་རྩེ་མོ་བཅད་ནས་ཡར་ལྷ་ཤམ་པོའི་རྨང་དུ་བསྣན་པས་ཤམ་པོའི་དབུ་རྩེ་སྔར་ལས་མཐོ་བར་གྱུར་པ་དང་སྦྱར་འདུག །འདིས་ནི་ཡར་ལྷ་ཤམ་པོ་ནི་སྤུ་རྒྱལ་བཙན་པོའི་ཡུལ་ལྷ་གཙོ་བོ་དང་། ཐང་ལྷ་ནི་ཟིང་པོ་རྗེའི་ཡུལ་ལྷ་གཙོ་བོ་ཡིན་པར་བསྟན་ཡོད།ཤམ་པོ་ནྀ་རྨང་དུ་བསྣན།།
ཡུ་སྣའྀ་ནི་མཁར་ཕབ་ཆྀང་།།
ཕྱི་བའྀ་ནི་སྣོན་དུ་བགྱིས།།
སྔ་ན་ནྀ་མཐོ་བ་ལ།།
ད་ཙམ་ནི་དགུང་ལ་རེག།
ཡུལ་ལྷ་ཐམས་ཅད་སྐུ་བླ་མིན་པ་ནི་གོང་དུ་དྲངས་པའི་མནའ་གཙིགས་ལས། གནམ་སའི་རིམ་པའི་ལྷ་འོ་ཅོག་དང་། བོད་ཡུལ་གྱི་སྐུ་ལྷ་དང་། ལྷ་དགུ་ཐམས་ཅད་དང་།ཞེས་གནམ་སའི་ལྷ་དང་། སྐུ་བླ་དང་། ལྷ་ཆེ་དགུ་རྣམས་སོ་སོར་སྨོས་འདུག་པས་གོ་བ་འདྲ། འོ་ན་རྒྱལ་ཕྲན་སོ་སོའི་ཡུལ་ལྷ་གཙོ་བོ་དེ་སོ་སོའི་སྐུ་བླ་རུ་བསྟེན་པ་ཨེ་ཡིན་ནམ།
འདི་ལས་འཕྲོས་ཏེ་བོད་ཀྱི་སྲིད་པའི་ལྷ་རབས་ལ་དཔྱད་པ་མང་པོ་བྱ་རྒྱུ་མཆིས་ཤིང་། དཔྱད་སྒོ་དེ་ལས་བོད་ཀྱི་གནའ་བོའི་སྲིད་པ་བོན་གྱི་དད་མོས་ཀྱི་སྲོལ་དང་། ཆོ་གའི་སྲོལ་སོགས་གསལ་ཙམ་ངེས་ཐུབ་ཅིང་། ངེས་ཤེས་དེར་བརྟེན་ནས་སྲིད་བོན་གྱིས་བོད་ཀྱི་ནང་ཆོས་དང་ནང་བོན་ལ་ཤུགས་རྐྱེན་གང་དག་ཐེབས་སྐོར་ཡང་ལམ་ཙམ་རྟོགས་ཐུབ།
སྐབས་འདིར་ནང་བོན་ཞེས་པ་ནི་ད་ལྟའི་གཡུང་དྲུང་བོན་དང་། དེར་ལྟོས་ཀྱི་ཕྱི་བོན་ནི་སྔོན་གྱི་སྲིད་པ་བོན་ལ་གོ་དགོས།
༤ སྐུ་བླ་རིང་རྫི་ནི་གང་ཞིག་ཡིན་པ།
ཡང་ཏུན་ཧོང་ཡིག་རྙིང་ནང་གི་ཁྲི་རལ་བ་ཅན་གྱི་རྒྱ་དྲུག་འཇང་གསུམ་འདུམ་པའི་སྨོན་ལམ་གྱི་གཙིགས་ཡིག་ལས། དེ་ལྟར་ཡབ་མྱེས་ལྷ་དང་སྟང་བས། ཡོང་ཡང་ཆབ་སྲིད་ཆེ། དབུ་རྨོག་བརྩན་བའི་སྟེང་དུ། འཕྲུལ་གྱྀ་ལྷ་བཚན་པོ་ཁྲི་གཙུག་ལྡེ་བརྩན་གྱི་ཞ་སྔ་ནས། སྐུ་ལ་དབྱིག་འཁྲུངས། ཐུགས་ལ་འཕྲུལ་མངའ་སྟེ། གཙུག་ལག་ཁང་ཐམས་ཆད་ཚུལ་བཞིན་མཛད་པའས་ནྀ། སྐུ་བླ་རྀང་རྫྀ་དང་། གནམ་སའྀ་ལྷ་ཀླུ། ཐམས་ཆད་ཀྱང་འགོ་ཞིང་དགྱེས།ཞེས་སྐུ་བླ་རིང་རྫི་ཞེས་པ་ཞིག་ཀྱང་གསལ།
ཡོ་ག་ལྷ་གྱེས་ཅན་ལས། རྗེ་གཉའ་ཁྲི་བཙན་པོ་བོད་རྗེར་བྱོན་པར་ཞལ་གྱིས་བཞེས་པ་ན། ཡབ་ཡུམ་ཞང་གསུམ་གྱིས་དཀོར་ཆས་མང་དུ་གནང་བ་ལས། ཡབ་ཀྱི་དཀོར་བྱིན་པ། སྐུ་ལྷ་རི་རྫི་མགོན་བུ། ལྷ་སྟག་གཡག་གསེར་གྱི་ལྷ་སྲས་དང་བཅས་པ། སྐུ་སྲུང་བློའུ་རིན་ཆེན་བདུན། ལྷེ་གླང་རུ་དཀར་དང་བཅས་པ་གནང་ངོ་། །ཞེས་གསལ་བས་ཡང་ན་བཙན་པོའི་སྐུ་བླ་ནི་ཡུལ་ལྷ་མ་ཡིན་པར་ཕ་མེས་ནས་བརྒྱུད་པའི་བླ་རྟེན་ལྟ་བུའི་རྟེན་རྫས་ཁྱད་པར་བ་ཞིག་ལ་ངོས་འཛིན་དགོས་པ་ཨེ་ཡིན་ནམ། ཡང་ན་དེ་ནི་སྐུ་བླ་གསོལ་བའི་རྟེན་རྫས་ཤིག་ཡིན་ཨེ་སྲིད་དམ།
དེ་བཞིན་ཡོ་ག་ལྷ་གྱེས་ཅན་ལས། བར་གྱི་བདུན་ཚིགས་དེ། ཡར་ཡབ་དང་གཅེན་ལ་གནོད། མར་ཡུམ་དང་གཅུང་ལ་གནོད་ནས། ཞང་ཞུང་ཡུལ་དུ་སོང་ཞིག་བཀའ་བསྒོ་སྟེ་འགྲོར་མ་ཉན་པ་ལ་དཀོར་གྱི་རྣམ་པ་མང་པོ་དང་། སྐུ་སྲུང་བློའུ་རིན་ཆེན་མཆེད་བདུན་དང་། སྐུ་ལྷ་ལྷ་ག་ཡ་དང་མུ་ཡ་དང་། ལྷེ་གླང་རུ་ཀར་དང་། དུང་འཕར་པོ་འཕར་ཆུང་དང་བཅས་བྱིན་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ཞང་པོ་རྨུ་རྗེ་བཙན་པོའི་ཡུལ་ངམ་འབྲང་ལྕང་འབྲང་དུ་གཤེགས་ཏེ་བཞུགས་སོ། །ཞེས་གཉའ་ཁྲི་བཙན་པོའི་ཡབ་ཁྲི་བར་བདུན་ཚིགས་དམུ་ཡུལ་དུ་ཡོང་སྐབས་དཀོར་ཆས་སྣ་ཚོགས་རྫོངས་སྐལ་དུ་བྱིན་པའི་གྲལ་དུ་ཡང་སྐུ་ལྷ་ལྷ་ག་ཡ་དང་མུ་ཡ་ཞེས་པ་ཞིག་ཡོད་པར་ཡང་གསལ་ལ། དེ་ཡང་རྟེན་རྫས་ཤིག་ཡིན་དགོས་པ་ལྟར་དུ་མངོན་པ་ནི་གོང་ལྟར་དཔྱད་སྒོ་གཞན་ཞིག་རེད།
བྲག་ཡབ་རི་མདའི་རྣམ་སྣང་གི་བཞེང་བྱང་བརྐོས་ཡིག་ལས། སྐུ་བླ་ཞེས་གསལ་བ་ནི་རྣམ་སྣང་གི་ལྷ་དེ་ག་རང་ལ་གོ་དགོས་པ་སྐབས་ཀྱིས་ཐོབ་པ་ལྟ་བུར་ཡང་འདུག་སྟེ། བརྐོས་བྱང་འདི་ནི་བྲག་ངོས་སུ་སངས་རྒྱས་རྣམ་པར་སྣང་མཛད་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་ཞིག་འབུར་དུ་བརྐོ་བཞེངས་བྱས་པ་དེའི་དཀར་ཆག་ཡིན་པས་དཔྱད་འཚལ།
ཡང་གཡུང་དྲུང་བོན་གྱི་ཡིག་ཚང་རྙིང་ཤོས། བསྒྲགས་པ་གླིང་གྲགས་ལས། ཁྱུང་པོ་གྱེར་ཟླ་མེད་ཀྱིས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིམ་ལ་སྐུ་བླ་མུ་ཏུར་གྱིས་ངར་བཏབ་སྟེ་དགྲ་སྲི་མནན་པའི་རིམ་གྲོ་མཛད་ཚུལ་དང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཞང་ཞུང་གི་གཤེན་ཤེལ་ལེ་མིག་དམར་གྱིས་ཞང་ཞུང་སྐུ་བླ་མུ་དུར་བདར་ཚུལ་སྐོར་ཟུར་ཙམ་གསལ།
དེ་བཞིན་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་གུང་ཐང་གི་དེབ་ཐེར་ལས། ནོར་བུ་ལྡེའི་གཅུང་ཁྲི་རྒྱལ་བསམ་གྲུབ་ལྡེ་ས་མོ་ཡོས་ཀྱི་ལོར་ཡབ་ཡུམ་རྣམས་དིང་རི་སྒང་དཀར་དུ་བཞུགས་པའི་དུས་སུ་སྐུ་བལྟམས། དེས་ན་དིང་རི་སྒང་དམར་སྐྱེ་ལྷ་རུ་མཆོད་པར་མཛད་ཟེར་ལ། སྤྱིར་ནི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རིགས་རྣམས་ལ་བཙན་རོལ་པ་རྐྱ་བདུན་འདི་ཆེས་འགོ་བའི་སྐུ་ལྷ་ཡིན་པར་བཤད་པ་བཞིན། སྒང་དམར་འདི་རོལ་པ་རྐྱ་བདུན་གྱི་གཙོ་བོ་དང་རྒྱུད་གཅིག་པས་དོན་གྱི་འབྲེལ་ཆགས་པའོ། །ཞེས་སྐྱེས་ལྷ་དང་ཡུལ་ལྷ་སྐུ་ལྷ་གསུམ་གཞི་མཐུན་པར་ཡང་བཤད་འདུག་ལ། བོད་སིལ་བུའི་དུས་གུང་ཐང་གི་རྒྱལ་རྒྱུད་རྣམས་ཀྱིས་བཙན་རོལ་པ་སྐྱ་བདུན་སྐུ་ལྷ་རུ་བསྟེན་སྲོལ་ཡང་བྱུང་ཡོད་འདུག །
༥ སྐུ་བླ་གསོལ་བའི་ཆོ་གའི་ཚུལ།
སྐུ་བླ་གནས་གང་དུ་གསོལ་བ། དུས་ནམ་གསོལ་བ། རྟེན་ཅི་ཞིག་ལ་གསོལ་བ་སོགས་ཇི་འདྲ་ཡིན་པ་ནི་ཞིབ་གསལ་ངེས་དཀའ་མོད། གསོལ་བའི་དགོས་དོན་ནི་གོང་དུ་གསལ་བར་བསྟན་ཟིན་ལ། གསོལ་བའི་ཡས་རྫས་རིགས་གང་ཞིག་དགོས་པ་ནི་ཏུན་ཧོང་ཡིག་རྙིང་ནང་གི་ཕྱྭ་ཡི་ཕོ་ཉ་དམུ་ཡུལ་དུ་ཐོན་པའི་གཏམ་རྒྱུད་ལོ་རྒྱུས་ལས། དམུ་རྗེས་བཀའ་སྩལ་པཱ། འོ་ན་ཕྱྭའི་ཕོ་ཉས་ངེད་ཀྱི་སྐུ་བླ་ལ་མཆོད་གསོལ་དུ་འོངས་ན། མཆོད་པའི་རྐྱེན་ཅི་ཡོད། འཇང་སྨྱུག་མཆོང་ལ། ཐང་ཀར་ཡུག་གྱིས་བསྒྲོན་བ་ལྷ་མདའ་ཡོད་དམ་མྱེད། ལྷ་མདའའི་རྐྱེན་རྒྱ་དར་རིས་ཕྲན་ཡུག་ཀྱིས་བཏགས་པ་ཡོད་དམ་མྱེད། གསེར་ཁ་མ་བླངས་པ་ཡོད་དམ་མྱེད། གཡུའི་སླག་ཅེན་ཡོད་དམ་མྱེད། སྔོན་མོ་འབྲུ་བདུན་ལ་ཁལ་དགུ་ཡོད་དམ་མྱེད། སྔོན་མོ་འདིང་དིང་འབྲས་ཀྱི་ཁུ་ཁལ་དགུ་ཡོན་དམ་མྱེད། མཐུད་གོང་གོང་མོ་ཙམ་མཆིས་སཾ་མ་མཆིས། མར་གི་སྲེག་ཤྭ་སྲེག་པ་ཙམ་མཆིས་སམ་མ་མཆིས། ཨོ་མའི་གདར་བྲེ་ཁ་ཙམ་མཆིས་སམ་མ་མཆིས། ལྷ་ལུག་ངོ་མར་མཆིས་སམ་མ་མཆིས། ལྷ་རྟ་སྙན་དཀར་མཆིས་སམ་མ་མཆིས། ལྷ་འབྲི་ཟལ་མོ་མཆིས་སམ་མ་མཆིས། ལྷ་གཡག་ཤམ་པོ་མཆིས་སམ་མ་མཆིས།ཞེས་སྨྱུག་མའི་མདའ་དར་དང་། གསེར་རྡོ། གཡུ་སླག། འབྲུ་སྣ་ཁལ་བདུན། འབྲས་ཁུ་ཁལ་དགུ། ཐུད་གོང་བྱ་གོང་མོ་ཙམ། ཤ་སྣུམ་སྲེག་བྱ་སྲེག་པ་ཙམ། འོ་མའི་གདར་བྲེ་ཙམ། ལུག་གདོང་དམར། རྟ་རྣ་དཀར། འབྲི་ཁྲ་བོ། གཡག་ཞོལ་པོ་རྣམས་དགོས་ཚུལ་གསལ་བ་དེ་ལས་རྫས་སྣ་གང་དགོས་པ་དང་རྫས་ཀྱི་ཚད་མང་ཉུང་དང་ཆེ་ཆུང་ཅི་ཙམ་དགོས་པ་རྣམས་གསལ་བར་བསྟན་འདུག །
དེ་ལས་དཔག་ན་ལྷ་མཆོད་གསོལ་གྱི་ཆོ་ག་གྲྭ་རྒྱས་པོ་ཞིག་ཡོད་པ་དཔག་ཐུབ་ལ། ཆོ་གའི་གཙོ་སྒྲུབ་པ་ནི་སྐུ་གཤེན་སོགས་བོན་པོ་རྣམས་ཡིན་པ་དང་། རྔ་བརྡུང་ཞིང་གཤང་འཁྲོལ་བཞིན་ཆོ་ག་སྒྲུབ་ཀྱིན་ཡོད་པའང་གཏམ་ཤུལ་དགའ་ཐང་གི་བོན་དཔེ་རྙིང་པ་ལས། གཤེན་རབ་མྱི་བོའི་གསེར་རྟ་དྲོ་བཞུར་ནྀ་སྒས་བསྟད་དེ། །དར་གྱི་རལ་ག་རྀང་གསོལ། །རྔ་དྀང་ཆེན་དྀང་དྲགས་རྒྱབ་ལ་ཁུར། །གཤང་ཁྲྀ་ལོ་སྐད་སྙན་མཆན་དུ་གསལ། ལྷ་བོ་དྲངས་ཡང་བྱེ་ལ་དྲོངས། འགམ་ཡང་བྱེ་ལ་འམ། བདུར་ཡང་བྱེ་ལ་བདུར། བརྒྱུགས་ཡང་བྱེ་ལ་བརྒྱུགས། །ཞེས་དང་། ཏུན་ཧོང་ཡིག་རྙིང་ནང་གི་བཤོས་ཀྱི་རབས་ཞེས་པ་ལས། ཕ་ཕ་སེ་གཤེགས་ན་གཤེན་རབས་མྱི་བོ་ཕ་སེ་གཤེགས། གཤང་དྲིལ་ཆེན་ན་ཕྱག་མ་གཡོན་ན་སྣམས། གཤོག་ཐེ་ར་ཐེར་བུ་ནྀ་ཕྱག་མ་གཡས་ན་སྣམས། ཤྀ་ནི་བདུར་རླག་ནི་ཚོལ། མྱྀ་གཤྀན་ནི་གཤེན་གྱིས་སདོ། །ཞེས་སོགས་ལས་ལམ་ཙམ་རྟོགས་ཐུབ། དེར་མ་ཟད་གོང་གི་ལུང་ཚན་པ་གཉིས་དེ་རུ་གཤེན་རབ་མི་བོའི་ཆ་ལུགས་དང་མཛད་སྤྱོད་ཀྱང་གསལ་པོར་བསྟན་འདུག
སྐུ་བླ་གསོལ་བའི་ཆོ་གའི་གོ་རིམ་ཅི་འདྲ་ཡིན་པ་དང་ཆོ་གའི་གྱེར་གཞུང་གང་འདྲ་ཡོད་པ་སོགས་ཀྱི་ཞིབ་ཆ་ནི་མིག་སྔར་ཡིག་ཚང་རྙིང་པའི་སྟེང་ནས་རྒྱུས་ལོན་བྱ་ཐབས་བྲལ་མོད། ད་ལྟ་གཡུང་དྲུང་བོན་དང་བན་དེའི་ཆོ་ག་ཁག་གི་ནང་དུ་བསང་གསོལ། མདོས་གླུད། གཡང་འགུགས། བླ་བླུ་སོགས་ཆོ་ག་ཧ་ཅང་མང་པོ་ཡོད་པ་དེ་ཚོ་དང་ཆ་མཐུན་པ་ཞིག་ནི་ཡིན་ངེས། དེ་དག་ཚང་མ་བསྟན་པ་ཕྱི་དར་སྐབས་གསར་དུ་བརྩམས་པ་ཡིན་པས་ལོ་རྒྱུས་རིག་པའི་རིགས་ལམ་ལྟར་ན་མཚན་གཞི་དངོས་ཀྱི་ཚབ་བྱེད་ནི་མི་ནུས་པ་ཡིན། ད་ལྟ་བན་བོན་གཉིས་ཀྱི་དད་མོས་དང་ཆོ་གའི་ནང་དུ་ཡང་སྐུ་བླ་གསོལ་བའི་ཆོ་གའི་རྗེས་ཤུལ་ཙམ་ནི་མཐོང་དུ་ཡོད་དེ། ཡུལ་དགོན་རེས་ཡུལ་ལྷ་གཙོ་བོ་རེ་གསོལ་མཆོད་བྱེད་པ་འདི་ག་ཡིན། འོན་ཏེ་ནང་པའི་ཆོས་ལུགས་ཀྱིས་རྒྱས་འདེབས་དྲག་པ་དང་མཆོད་པའི་ལུགས་སྲོལ་ལ་འགྱུར་བ་ཆེ་དྲག་པས་གནའ་བོའི་རང་བཞིན་དང་རྣམ་པ་ཇི་བཞིན་པ་ནི་མི་མངོན་ནོ། །
གནའ་རབས་ཀྱི་གྱེར་གཞུང་ཀུན་གཤེན་པོ་རྣམས་ཀྱིས་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་འཛིན་བྱེད་ཀྱི་ཡོད་པ་ལ། བོད་དུ་ཡིག་གཟུགས་དར་བ་ནས་གཤེན་པོ་རྣམ་པས་ཡིག་ཐོག་ལ་ཡང་ཅི་རིགས་བཀོད་ཡོད་ངེས་ཏེ། དཔེར་ན། ཏུན་ཧོང་ཡིག་ཚང་ཁྲོད་དུ་ཡོད་པའི་རྒྱལ་ཕྲན་སིམ་ལ་ཁག་གི་ལོ་རྒྱུས་དང་། རྗེ་གཉའ་ཁྲི་བཙན་པོའི་བྱུང་རབས། གྲི་གུམ་ཡབ་སྲས་ཀྱི་ལོ་རྒྱུས། སྟག་རི་གཉན་གཟིག་ཡབ་སྲས་ཀྱི་ལོ་རྒྱུས། གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་བཙན་པོའི་གདུང་རབས་སོགས་ནི་སྔར་ངག་ཐོག་ནས་བརྩམས་ཏེ་བློ་ཐོག་ནས་བརྒྱུད་འཛིན་བྱས་ཡོང་བ་གང་ཉིད་སྲོང་བཙན་གྱི་སྐུ་དུས་ནས་བཟུང་ཡིག་བློན་རྣམས་ཀྱིས་ཡིག་ཐོག་ལ་བཀོད་པ་ལྟ་བུ་རེད། ཡིད་ཕངས་པ་ཞིག་ལ་སྲིད་པ་བོན་གྱི་ཡིག་ཆ་དེ་དག་ཕལ་མོ་ཆེ་བསྟན་པ་སྔ་དར་དང་ཕྱི་དར་གྱི་སྐབས་བོན་བསྣུབས་དང་ནུབ་པ་ལས་འབྱུང་ཁམས་སུ་གཟིམས་ཟིན། ཡིན་ནའང་ཟར་ཟུར་ཙམ་རེ་བཙན་པོའི་དུས་ཀྱི་ཡིག་རྙིང་དག་གི་ནང་ནས་མཐོང་ཐུབ་པ་དེས། རྩོམ་ཡིག་འདིར་བཀོད་པ་ལྟར་ད་ལྟ་ང་ཚོས་སྲིད་པ་བོན་གྱི་ཆོ་གའི་རང་བཞིན་དང་རྣམ་པ་གསལ་ལ་མི་གསལ་ཙམ་ཞིག་དཔོག་ཐུབ་ཀྱི་ཡོད་ལ། ཞིབ་ཏུ་ཤེས་འདོད་ཀྱི་འདུན་པ་ཤུགས་ཆེ་རུ་འདྲེན་པ་ཞིག་ལགས།
ད་ལྟ་གཡུང་དྲུང་བོན་དང་ནང་ཆོས་ཀྱི་ལྷ་གསོལ་གཏོ་མདོས་སོགས་ཀྱི་ནང་དུ་སྨྲང་གྱེར་གྱི་འདོན་ཆ་ཅི་རིགས་འདུག་པ་འདི་དག་གནའ་བོའི་གྱེར་གཞུང་རིམ་འགྱུར་གྱིས་གསར་དུ་གྲུབ་པ་ཡིན་པས་ན་གནའ་བོའི་གྱེར་གཞུང་གིས་ཤན་ཤུགས་ངེས་ཅན་ཞིག་ནི་ཐེབས་ཡོད་ངེས། འོ་ན་ཡིག་ཆ་གསར་པ་འདི་དག་ལ་ཡང་རྒྱུས་ལོན་གནང་འཚལ། ངས་འདི་ནས་བཙན་པོའི་དུས་རབས་སུ་གྲུབ་པའི་ཡིག་ཆ་ལ་ཡིག་ཆ་རྙིང་པ་དང་། བསྟན་པ་ཕྱི་དར་ཚུན་དུ་གྲུབ་པའི་ཡིག་ཆ་ལ་ཡིག་ཆ་གསར་བ་ཞེས་བརྗོད་པ་ལགས།
༦ སྲོག་ཆགས་ཀྱི་དམར་མཆོད།
ཆོ་གའི་ཡས་རྫས་སམ་ཡས་གླུད་དུ་ཡོད་པའི་སྲོག་ཆགས་དེ་དག་ནི་དངོས་སུ་མཆོད་འབུལ་ལ་སྤྱོད་ཀྱི་ཡོད་པ་འདྲ་སྟེ། གྲི་གུམ་བཙན་པོའི་སྐུ་གླུད་དུ་མི་ཡི་བུ་མོ་དངོས་གཙང་པོའི་ནང་དུ་ཕུལ་བཞག་པ་ཡིན་ན། སྐུ་བླ་གསོལ་བའི་ཡས་རྫས་སུ་རྟ་ནོར་སོགས་དུད་འགྲོ་དངོས་འབུལ་བ་ནི་གོ་བ་མི་ལོན་པ་ཞིག་མ་རེད།
དེ་བཞིན་བཙན་པོའི་སྐབས་སུ་དུར་རྫོངས་སུ་ཡང་རྟ་མང་པོ་བསད་དེ་འབུལ་བ་ཏུན་ཧོང་ཡིག་རྙིང་ནང་གི་སྲོང་བཙན་དང་དབའ་དབྱི་ཚབ་བར་གྱི་མནའ་ཡིག་ལས་གསལ་ཏེ། དེ་ཉིད་ལས། བཙན་པོས་བཀའ་སྩལད་པ། དབྱྀ་ཚབ་གློ་བ་ཉེ་བས་བས། གུམ་ན་མཆད་པ་པྱག་དར་ཏེ་བརྩིག་པར་གནང་། རྟ་ནི་བརྒྱ་དགུམ་པར་གནང་། བུ་ཚ་གང་རུང་བ་གཆིག གསེར་གྱྀ་ཡི་གེ་མྀ་ཆད་པར་སྩལད་པར་བཀའ་སྩལ་ཏོ། །ཞེས་སོ། །ཟས་གཏད་ཀྱི་ལོ་རྒྱུས་ཞེས་པ་ལས་ཀྱང་། བོད་བཙན་པོའི་དུས་སུ་རྒྱལ་ཕྲན་གྱི་རྗེ་བོ་སོ་སོས་གསོན་གྱི་ལྷ་མཆོད་པ་དང་གཤིན་གྱི་འདད་གཏོང་བ་ལ་དམར་ཆོག་བྱེད་ཚུལ་གསལ་ཡོད།
གཏམ་ཤུལ་འབུམ་པ་དགའ་ཐང་གི་བོན་དཔེ་རྙིང་པ་ཞིག་ལས་ཀྱང་། གཤེན་རབ་མྱི་བོ་འིས། །སྐུ་ལ་བྱོལ་གཅིག་གཏང་བ་དང། ཐར་ལུག་ཡང་ངས་བཟུང། བདུད་ལ་ཡོར་མོའི་གོང་དུ། བྱོལ་ཆ་སྣ་རྒུ་དང་། །ཐར་ལུག་ཡ་གངས་ཀྱི་ཁོང་ནས་སྙིང་ཕྱུང་སྟེ། བདུད་དར་མཐིང་ནག་དུ་དྲིལ་དེ། །ཞེས་པ་ནས། རྗེ་ཡབ་བླ་བདལ་དྲུག་གྱི། མྱི་སྙིང་འཕར་བ་དང། །ལུག་སྙིང་དུ་བརྗེས་ཏེ་ཕན་ནོ། །ཞེས་གཤེན་རབ་མི་བོ་ཡིས་ཡབ་བླ་བདལ་དྲུག་གི་སྐུ་རིམ་དུ་ལུག་ཅིག་བཟུང་སྟེ་སྙིང་ཕྱུང་པ་དེ་དར་ནག་པོ་རུ་དྲིལ་ནས་བྱོལ་ཆ་སྣ་དགུ་དང་མཉམ་དུ་ཡས་གླུད་དུ་བསྔོས་པས་ཕན་པར་གྱུར་ཚུལ་གསལ་ཡོད། སྲིད་པ་བོན་གྱི་གཤེན་རབ་མི་བོ་དང་གཡུང་དྲུང་བོན་གྱི་གཤེན་རབ་མི་བོ་གཉིས་ནི་སྲིད་བོན་གྱི་རྨང་གཞིའི་སྟེང་ནས་གཡུང་དྲུང་བོན་དར་བའི་འཕེལ་འགྱུར་གྱི་གོ་རིམ་ལས་གདགས་གཞི་གཅིག་ལ་བཏགས་ཆོས་དབང་གིས་ཐ་དད་དུ་སོང་བ་སྟེ། སྔ་མ་ནི་དམར་མཆོད་པ་ཞིག་དང་ཕྱི་མ་ནི་དཀར་མཆོད་པ་ཞིག་ཡིན། དེ་ནི་དཔེར་མཚོན་ན་ཐེག་ཆུང་གི་སྟོན་པ་ཤཱཀྱ་ཐུབ་པ་དང་ཐེག་ཆེན་གྱི་སྟོན་པ་ཤཱཀྱ་ཐུབ་པ་གཉིས་ལྟ་བུ་ཡིན་ཏེ། དེ་གཉིས་ཀྱི་གདགས་གཞི་གཅིག་མོད་གྲུབ་མཐའ་གོང་འོག་གི་འདོད་ཚུལ་མི་འདྲ་བའི་བཏགས་ཆོས་དབང་གིས་སྔ་མ་ནི་ཐེག་ཆུང་གི་སྡེ་སྣོད་ཁོ་ན་གསུང་མཁན་ཞིག་དང་ཕྱི་མ་ནི་ཐེག་ཆེན་སྔགས་དང་བཅས་པ་གསུང་མཁན་ཞིག་ཡིན་པ་རེད།
ཚུལ་འདི་དག་རྣམ་པར་འབྱེད་པ་ལ་ཆོས་གཞུང་དང་བོན་གཞུང་ཕྱོགས་གཅིག་ཁོ་ན་ལ་མཁས་པས་རྔོ་མི་ཐོགས་ངེས་ཤིང་། དེང་རབས་ཀྱི་ལོ་རྒྱུས་རིག་པའི་རིགས་ལམ་ཆགས་པ་གཞིར་བྱས། ནང་ཆོས་ཀྱི་ལོ་རྒྱུས་འཕེལ་འགྱུར་དང་དེའི་ལུགས་ཀྱི་གཞུང་ལུགས་གྲུབ་རིམ། གཡུང་དྲུང་བོན་གྱི་ལོ་རྒྱུས་འཕེལ་འགྱུར་དང་དེའི་ལུགས་ཀྱི་གཞུང་ལུགས་གྲུབ་རིམ་སོགས་ལ་རང་རང་གིས་བཤད་ཚུལ་དང་གནས་ཚུལ་ལ་ཕྱོགས་ཡོང་ནས་མཐའ་རྒྱ་ཆོད་པ་ཞིག་དགོས་ངེས་པས་མུ་མཐུད་གཞུང་ལུགས་ཀུན་ལ་མཁས་པར་བསླབ་དགོས་པར་འདུག
མ་གཞི་ཡང་དམར་མཆོད་ཀྱི་ཚུལ་འདི་ལྟ་བུ་ནི་གནའ་བོའི་དུས་སུ་འཛམ་གླིང་གི་མི་རིགས་ཕལ་མོ་ཆེ་ལ་ཡོད་པའི་དད་མོས་དང་འབྲེལ་བའི་སྲོལ་ཞིག་ཡིན་ལ། གཡུང་དྲུང་བོན་གྱི་ཡིག་ཆ་རྙིང་ཤོས་ཁག་གི་ནང་དུ་ཡང་བདུད་བོན་དང་བཙན་བོན་སོགས་ལ་དམར་མཆོད་ཡོད་ཚུལ་གསལ་བར་མ་ཟད། དུས་ད་ལྟ་ཡང་བོད་ཀྱི་ཆོས་ལུགས་བྱེད་སྒོའི་ཁྲོད་ལྷ་བདུད་བཙན་སོགས་འཇིག་རྟེན་དྲེག་སྡེ་རྣམས་གསོལ་བ་ལ་སྙིང་དམར་པོ་མཆོད་འབུལ་དུ་སྤྱོད་པ་དངོས་སུ་མཐོང་དུ་ཡོད། ཡིན་ནའང་ནང་པའི་ཆོས་ཀྱི་ཤུགས་རྐྱེན་གྱིས་མཆོད་འབུལ་ཆེད་དུ་རྐང་བཙུགས་ནས་སྲོག་ཆགས་གསོད་པ་ནི་ནང་ཆོས་དང་ནང་བོན་ཇི་བཞིན་ཤེས་མཁན་ཚོས་ལག་བསྟར་བྱེད་མི་སྲིད་པའི་ཚོད་ཡིན་མོད། བསྟན་པ་ཕྱི་དར་གྱི་དུས་མགོར་བན་བོན་འཆོལ་སྤྱོད་པ་ཚོས་ལག་ལེན་བྱེད་ཀྱི་ཡོད་པ་ནི་ལྷ་བླ་མ་ཡེ་ཤེས་འོད་དང་འབྲེལ་བའི་ཡིག་ཆ་ཁག་གི་ནང་དུ་མངོན། དེ་བཞིན་ད་ལྟ་ནང་ཆོས་པ་དང་ནང་པའི་བོན་པོ་ཚོས་ལྷ་གསོལ་འདྲེ་བཀར་སོགས་ཀྱི་ཆོ་ག་ལ་མི་སོགས་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་བརྙན་སྤྱོད་པ་ནི་བཙན་པོ་ཁྲི་སྲོང་གི་སྐུ་དུས་ནས་སྲིད་བོན་བསྣུབས་མགོ་ཚུགས་ཏེ་དམར་མཆོད་དཀར་མཆོད་ལ་བསྒྱུར་ནས་འགྱུར་བའི་ལག་རྗེས་སུ་གྲུབ་ཡོང་བ་ཞིག་ཡིན་པ་ནི་གོང་གསལ་གྱི་དཔྱད་འབྲས་དེ་དག་ལས་ཀྱང་ཟུར་བལྟས་ལེབ་མཐོང་ཅུང་རེ་ཡོང་གི་འདུག གོང་དུ་གསལ་བའི་བྱོལ་ཞེས་པ་ནི་ཡས་རྫས་སྣ་ཚོགས་བསགས་པའི་མདོས་ལྟ་བུ་ལ་གོ་བ་སྟེ། སྐུ་ལ་བྱོལ་གཅིག་གཏང་བ་ཞེས་པས་སྐུ་རིམ་དུ་མདོས་ཤིག་གཏང་བ་ཞེས་པའི་དོན་དང་། བྱོལ་ཆ་སྣ་དགུ་ཞེས་པ་མདོས་ཆས་སྣ་དགུ་ཞེས་པའི་དོན་ཡིན་པ་གསལ་པོ་རེད་འདུག ཡང་བོན་གྱི་ཡིག་རྙིང་བྱོལ་རབས་ཞེས་པ་ལས། གཤེན་རབ་མྱི་བོ་འིས་ཕྱག་རྒྱ་འོལ་གྱིས་བཏབ། ཤུལ་གྱི་ཁྲི་མདོར་བྱོལ་དེ་བོར། གནའ་སུ་འི་བྱོལ་ན། རྗེ་ཡབ་བླ་བདལ་དྲུག་ཀྱི་བྱོལ།ཞེས་འབྱུང་ལ། དེའི་དོན་ནི་གཤེན་རབ་མི་བོས་ཡབ་བླ་བདག་དྲུག་གི་རྐྱེན་སེལ་ཆེད་དུ་བཅས་པའི་མདོས་དེ་ཉིད་ལམ་གྱི་མདོར་བོར་བའི་དོན་དུ་འདུག་པས་ད་ལྟའི་མདོས་ཆོག་གཏོང་ཚུལ་དང་ཚུལ་མཚུངས་པ་ཞིག་ཡིན་པར་སྙམ།
བཤོས་རབས་དང་བྱོལ་རབས་གཉིས་ཀྱི་མ་ཡིག་དངོས་ལག་སོན་མ་བྱུང་བས། གཞན་གྱིས་ལུང་དུ་དྲངས་པ་འདིར་ཤེས་བྱེད་དུ་བཀོད་པ་སྟེ། སླད་ནས་མ་ཡིག་དངོས་ལ་དཔྱད་ཞིབ་བྱ་འདོད་རབ་ཏུ་ཆེ་བས། དེའི་གོ་སྐབས་བྱུང་ན་རྩོམ་ཡིག་འདི་ཡང་སྔར་ལས་ཆ་ཚང་དུ་འགྲོ་བ་སྲིད། ཡིག་ཆ་འདི་དག་ནི་དུས་ཀྱི་ཆ་ནས་བསྟན་པ་སྔ་དར་ཡན་གྱི་ཡིག་ཚང་དང་ནང་དོན་ཆ་ནས་སྲིད་པ་བོན་གྱི་ཡིག་ཆ་ཡིན་པ་ཚིག་གི་སྦྱོར་བ་དང་ནང་གི་བསྟན་བྱའི་ཆ་ནས་གསལ་བ་ཞིག་རེད་འདུག་པས། སྲིད་པ་བོན་ལ་ཞིབ་དཔྱད་བྱེད་སྐབས་ཆེས་གལ་ཆེ་བའི་ཡིག་ཚང་རྙིང་པ་ཡིན་ནོ། །
༧ གཤེན་རབ་མི་བོའི་ལོ་ཚིགས།
གཤེན་རབ་མི་བོ་ནི་སྲིད་པ་བོན་དང་གཡུང་དྲུང་བོན་གཉིས་ཀའི་མི་སྣ་གཙོ་བོ་དེ་ཡིན་པས། ང་ཚོས་གསལ་ཞིབ་ཅིག་རྒྱུས་ལོན་བྱ་རྒྱུ་ནི་གལ་ཆེ་བ་ཞིག་རེད། དེ་ལྟ་ནའང་བཙན་པོའི་དུས་རབས་ཀྱི་ཡིག་ཆ་ལས་ཁོང་གི་སྐོར་ཟར་ཟུར་གསལ་བ་ཙམ་ལས་ཡིད་བརྟན་ཕེར་བའི་རྒྱུ་ཆ་ཧ་ཅང་དཀོན། ཁོང་གི་ཆ་ལུགས་དང་མཛད་སྤྱོད་ནི་གོང་དུ་ཡིག་ཚང་རྙིང་པ་དྲངས་ནས་ཁ་གསལ་ཏུ་བཏང་ཟིན་པ་ལ། འདིར་ལོ་ཚིགས་སྐོར་ནས་དཔྱད་ན། གཤེན་རབ་མི་བོས་རིམ་གྲོ་མཛད་སའི་ཡབ་བླ་བདལ་དྲུག་ནི་སྲིད་པའི་ལྷ་རབས་བཅུ་དྲུག་པ་དམུ་བཟའ་ཁབ་ཏུ་བཞེས་མཁན་རྗེ་གཉའ་ཁྲི་བཙན་པོའི་ཨ་མྱེ་དངོས་དེ་ཡིན་པ་དང་། དེའི་སྲས་ཁྲི་བར་བདུན་ཚིགས་དམུ་ཡུལ་དུ་བཞུགས་ནས་སྲས་འཁྲུངས་པ་ནི་གཉའ་ཁྲི་བཙན་པོ་ཡིན་ཚུལ་སོགས་ཡོ་ག་ལྷ་གྱེས་ཅན་ལས་གསལ་བར་མ་ཟད། རྐོང་དཀར་པོའི་གཙིགས་ཡིག་དང་། ཏུན་ཧོང་ཡིག་རྙིང་ནང་གི་གཉའ་ཁྲི་བཙན་པོ་བོད་ཀྱི་རྗེ་བོར་གྱུར་པའི་ལོ་རྒྱུས་དང་། ཏུན་ཧོང་ཡིག་རྙིང་ནང་གི་སྤུ་རྒྱལ་བཙན་པོའི་གདུང་རབས་ཀྱི་ཡིག་ཚང་དག་ལས་ཤིན་ཏུ་གསལ་བ་གོང་དུ་དྲངས་ཟིན།
ཡིག་ཆ་དེ་ཚོ་གཞིར་བྱས་ན་གཤེན་རབ་མི་བོ་ཡང་གཉའ་ཁྲི་བཙན་པོའི་ཨ་མྱེས་དང་དུས་མཉམ་པ་ཤེས་ཐུབ་ལ། ཕུག་རྩིས་ལྟར་ན་གཉའ་ཁྲི་ནི་སྤྱི་ལོའི་སྔོན་ལོ126ཙམ་ན་རྒྱལ་ཁྲིར་འཁོད་པ་ཡིན་ཞིང་། མི་རབས་ཀྱི་ལོ་རྩིས་སྤྱི་འགྲོས་སྟེང་ནས་དཔྱད་ན་དེ་ནི་ཧ་ལམ་ནོར་བ་ཆེར་མེད་པའི་ལོ་ཚིགས་ཤིག་སྟེ། སྲོང་བཙན་གྱི་འདས་ལོ་སྤྱི་ལོ650བར་དུ་གདུང་རབས་སོ་གསུམ་བྱོན་ཅིང་གདུང་རབས་རེར་སྙོམས་རྩིས་བྱས་ན་ལོ23.5རེ་ཐེམ། དེ་ལྟར་ན་གཉའ་ཁྲིའི་མེས་པོ་ནི་སྤྱི་ལོའི་སྔོན་ལོ175ཡར་མར་ན་བྱོན་པ་ཡིན་པས། འོ་ན་གཤེན་རབ་མི་བོ་ཡང་དེའི་ཡར་མར་ན་བྱོན་པར་ཆ་འཇོག་ཆོག་པར་འདུག་གོ །
དེ་ལྟར་སྐུ་བླ་གསོལ་བའི་ཆོ་ག་དང་། བྱོལ་བོར་བའི་ཆོ་ག་གཉིས་ནི་སྲིད་པ་བོན་ལ་རྒྱུ་བོན་རིགས་བཞི་རུ་དབྱེ་ཚུལ་ལྟར་ན་དང་པོ་ནི་སྣང་གཤེན་དང་། གཉིས་པ་ནི་ཕྱྭ་གཤེན་གྱི་ཁོངས་སུ་གཏོགས། སྲིད་བོན་བཞི་ནི་ཕྱྭ་གཤེན་དང་། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་བཞི་ཡིན་ལ། ནང་གསེས་དབྱེ་བ་མང་དུ་སྣང་།
བསྡུ་ན་དཔྱད་ཆོག་གཉིས་སུ་འདུ་བ་སྟེ། དང་པོ་ནི་རྣོ་མཐོང་མོ་ཡི་སྐོར་ཡིན་ལ། གཉིས་པ་ཆོ་ག་དེ་ལ་གསོན་གྱི་རིམ་གྲོ་སྒྲུབ་པའི་ཆོ་ག་དང་། གཤིན་གྱི་ཕན་པ་སྒྲུབ་པའི་ཆོ་ག་གཉིས་སུ་ཡོད་དོ། །སྲིད་པ་བོན་གྱི་ལྟ་གྲུབ་དང་ཆོ་ག་ནི་གཡུང་དྲུང་བོན་གྱི་གཞི་མ་ལྟ་བུ་ཡིན་པར་མ་ཟད། དེའི་ཆོ་གའི་སྐོར་ནི་བོད་ཀྱི་བན་དེའི་ཆོས་ལུགས་སུ་ཡང་ངོ་བོ་གཞན་འགྱུར་ཚུལ་གྱིས་སྤྱོད་སྒོ་ཆེ་བར་ཡོད་ལ། དེའི་ཕྱིར་ཐུབ་བཀན་པས། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་བློ་དང་མི་ལྡན་བདག་ལྟ་བུ། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུགས་གྱུར། །ཅེས་གསུངས་སོ། །
༨ བདག་གི་སེམས་འགྱུ།
རྩོམ་ཡིག་འདི་རུ་བཙན་པོའི་དུས་རབས་ཀྱི་ཡིག་རྙིང་ཁོ་ན་ལ་ཁུངས་གཏུགས་ནས་རང་ཉིད་ཀྱི་ལོ་རྒྱུས་ལྟ་ཚུལ་གསལ་བར་བྱས་ཡོད་དེ། ཕྱི་དར་སྐབས་ཀྱི་ཡིག་ཆ་འགའ་རེ་དྲངས་པ་ནི་གོ་དོན་གསལ་བྱེད་དུ་ཡིན་པ་ལས་སྒྲུབ་བྱེད་དུ་བཀོད་པ་མ་ཡིན། ལོ་རྒྱུས་རིག་གཞུང་ལ་མཚོན་ན། རྒྱུ་ཆ་ཚད་ལྡན་ལ་དཔྱད་ཞིབ་སྒོ་ནས་རྒྱུ་ཆ་ཚད་ལྡན་ལ་ཤེས་རྟོགས་དང་གང་ཤེས་རྟོགས་བྱུང་བའི་རྒྱུ་ཆ་རྣམས་ལེགས་སྒྲིག་བྱེད་ཐུབ་ན་ལོ་རྒྱུས་ཀྱི་ལྟ་བ་རང་ཤུགས་སུ་མངོན་ཡོང་བ་ལགས་ཏེ། ཚུལ་དེ་ནི་སིལ་བུར་འཐོར་བའི་རླངས་འཁོར་གྱི་ལྷུ་ལག་ལེགས་སྒྲིག་བྱས་ན་རླངས་འཁོར་རང་བཞིན་གྱིས་གྲུབ་ཡོང་བ་བཞིན་ཡིན།
རྩོམ་འདི་ཀློག་སྐབས་ཁྱེད་རང་གོང་གི་ལྟ་བར་མ་འཐད་ཀྱང་ཆོག་མོད་རྒྱུ་ཆ་ཚད་ལྡན་དེ་དག་ལ་དཔྱད་ཞིབ་ནན་ཏན་གྱིས་ཚུལ་ཇི་ལྟར་ལེགས་སྒྲིག་བྱེད་པར་བསམ་བློ་གཏོང་དགོས་ངེས་ལ། གལ་ཏེ་ལེགས་སྒྲིག་གཞན་པ་བྱུང་ན་ལྟ་ཚུལ་ཡང་གཞན་པ་ཡོང་ཆོག་པ་ནི་ཆོས་ཉིད་ཅིག་རེད།
ཆེས་གལ་ཆེ་བ་ནི་ལྟ་ཚུལ་གྱི་ཆེད་དུ་རྒྱུ་ཆ་བསྒྲིག་རྒྱུ་དེ་མ་ཡིན་པར། རྒྱུ་ཆ་བསྒྲིགས་ནས་ལོ་རྒྱུས་ཀྱི་གནས་ཚུལ་གང་ཞིག་མངོན་པ་དེ་ལ་ལྟ་དགོས། དེ་ནི་ལོ་རྒྱུས་རིག་པའི་རྩ་དོན་ལྟ་བུ་ཞིག་ཡིན་ནོ། །
ངས་གཞན་གྱིས་བྲིས་པའི་ལོ་རྒྱུས་རིག་གཞུང་གི་དཔྱད་རྩོམ་ཀློག་སྐབས་ཆེས་དོ་སྣང་བྱ་ས་དེ་རྩོམ་པ་པོས་འཆར་སྒོ་ཡངས་པོའི་ངང་ལྟ་ཚུལ་ཅི་ཞིག་བཏོན་ཡོད་པ་དེ་མ་ཡིན་པར། དཔྱད་ཡིག་གི་རྒྱུ་ཆ་གལ་ཆེན་གང་ཞིག་བཀོད་ཡོད་པ་དེར་གཟབ་བལྟས་བྱེད་ཀྱི་ཡོད་ལ། རྒྱུ་ཆ་གསར་པ་རེ་མཐོང་ན་དགའ་སྤྲོ་ཆེན་པོས་རྩོམ་པ་པོའི་བཀའ་དྲིན་ཚོར་བའི་སེམས་འགྱུ་ཡང་ཡོང་བ་ཞིག་རེད།
ང་ཚོ་བོད་ཀྱི་ལོ་རྒྱུས་རིག་གཞུང་གི་རྒྱུ་ཆ་ནི་རྒྱ་ཆེ་གྲངས་མང་སིལ་འཐོར་དུ་གནས་པས་བྱུང་བ་གལ་ཆེན་གསལ་བྱེད་ཀྱི་རྒྱུ་ཆ་ནི་རྙེད་སླ་བ་ཞིག་ལར་ནས་མ་ཡིན་ཏེ། ཧ་ལམ་རྒྱ་མཚོའི་ནང་ནས་གསེར་ཉ་བཙལ་བ་བཞིན་ཡིན་ཞེ་ནའང་འུད་བརྗོད་དུ་མི་འགྱུར་བའི་ཚོད་དུ་ཡོད། ལྷག་པར་བཙན་པོའི་དུས་རབས་ཀྱི་ཡིག་ཚང་རྙིང་པའི་ཐད་ནས་དེ་འདྲ་ཞིག་རེད་དེ། ཉེ་ལམ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚང་དཔེ་ཚོགས་ལས། ཀན་སུའི་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ལ་པོད༣༠དང་། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་རྙིང་ལ་པོད༡༤དང་། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་རྙིང་ལ་པོད༣༥དང་། ད་དུང་འཇར་པན་སོགས་སུ་ཉར་བ་ཡང་མང་དུ་ཡོད་དོ། །
༩ དཔེ་ཀློག་དང་ཟིན་བྲིས།
ཉེ་ལམ་ཆམ་པ་ཞིག་གི་རྐྱེན་གྱིས་སྡོད་བཅོས་སྨན་ཁང་དུ་གཟའ་འཁོར་གཅིག་ལུས་སོང་བས། སྐབས་དེར་འཇམ་དབྱང་ཤེས་རིག་དཔེ་ཚོགས་ནས་བསྡུ་བསྒྲིགས་གནང་བའི་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཡིག་རྙིང་གཅེས་བཏུས་སྐོར་ལས། དེབ་དང་པོ་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་པ། དེབ་གསུམ་པ་བསམ་ཡས་ཀྱི་བཀའ་གཙིགས་ཆེན་མོ། དེབ་བཞི་པ་སྲོང་བཙན་སྒམ་པོའི་བཀའ་ཆེམས། དེབ་དྲུག་པ་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། དེབ་བདུན་པ་རྒྱལ་རབས་ཆོས་འབྱུང་ཁག་དྲུག དེབ་བརྒྱད་པ་མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་རྒྱས་པའི་འགྲེལ་བཤད་བཅས་ལ་དཔེ་ཀློག་རེ་བགྱིས། མ་གཞི་དཔེ་ཆ་འདི་ཚོ་སྔར་ནས་མཐར་ཆགས་སུ་བཀླགས་ཟིན་མོད། རྒྱ་ཡི་རུའུ་ལུགས་ཀྱི་སློབ་དཔོན་ཆེན་མོ་ཁུང་ཙིས། རྙིང་པ་བསྐྱར་དུ་སྦྱངས་ན་གོ་བ་གསར་པ་ལོན་ཐུབ། གསུངས་པ་ལྟར་བཀླགས་ཟིན་བསྐྱར་ཀློག་བྱས་ན་བློ་སྐྱེད་གསར་པ་ཡོད་འདུག་ཅིང་། ཚེག་ཁྱིམ་བརྒྱད་སྟོང་ལ་ཉེ་བའི་མོལ་རྩོམ་རིང་མོ་འདི་ཡང་དཔེ་ཀློག་ཟིན་བྲིས་ཚུལ་དུ་བགྱིས་པ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།