༄༅། །བསམ་ཡས་གཙུག་ལག་ཁང་གི་བཀའ་གཙིགས་སྐོར།
རྩོམ་པ་པོ།:ལྷག་པ་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-04-09
ཀློག་གྲངས།:
༄༅། །བསམ་ཡས་གཙུག་ལག་ཁང་གི་བཀའ་གཙིགས་སྐོར་རགས་ཙམ་གླེང་བ།
ལྷག་པ་བཀྲ་ཤིས།
ནང་དོན་གནད་བསྡུས། བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སུ་ཡབ་མེས་གོང་མའི་ལུགས་བཞིན་སངས་རྒྱས་ཆོས་ལུགས་སྤེལ་ཕྱིར་ཆོས་ཀྱི་རྟེན་གཞི་གཙུག་ལག་ཁང་དང་བན་དེར་ཡོ་བྱད་དང་དབང་རིས་བདག་དབང་གཏན་འཇགས་སུ་བསྩལ་བའི་སྲོལ་རིམ་བཞིན་དར་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་གནང་བའི་བསམ་ཡས་ཆོས་གཙིགས་དེ་ནི་རང་རེའི་བོད་ཀྱི་ལོ་རྒྱུས་ཐོག་སངས་རྒྱས་ཆོས་ལུགས་སྤེལ་ཕྱིར་གནང་བའི་བཀའ་གཙིགས་ཐོག་མ་དེ་ཡིན་པ་དང་། གང་དེའི་མདོ་དོན་སྙིང་པོ་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ངོས་སུ་བརྐོས་པ་དང་། ཆོས་གཙིགས་ཀྱི་ནང་དོན་རྒྱས་པ་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་དུ་དྲངས་པའི་བཀའ་གཙིགས་རྣམ་གཉིས་ཡིན་ཞིང་། བསམ་ཡས་བཀའ་གཙིགས་རྡོ་རིང་གི་ཡི་གེའི་ནང་དོན་དང་བཀའ་གཙིགས་དང་པོའི་ནང་དོན་གཅིག་འདྲར་སྣང་བ་དང་། བཀའ་གཙིགས་དང་པོའི་རྒྱབ་སྣོན་ལྟ་བུར་བཀའ་གཙིགས་གཉིས་པ་གནང་ཞིང་། དེའི་ནང་སངས་རྒྱས་ཆོས་ལུགས་ཀྱི་ལས་འབྲས་བསླུ་བ་མེད་པའི་དགོངས་དོན་ནན་བཤད་དང་དེ་ཉིད་གོང་དུ་སྤེལ་དགོས་པ་བཅས་བསྟན་ཡོད། རྩོམ་ཡིག་འདིར་ཡིག་ཚང་རིག་པ་དང་། ལོ་རྒྱུས་རིག་པ། མིའི་རིགས་རིག་པ་སོགས་ཀྱི་ཐོག་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་གཏན་ལ་ཕབ་པའི་བསམ་ཡས་གཙུག་ལག་ཁང་གི་བཀའ་གཙིགས་ཀྱི་གཞི་རྩའི་གནས་ཚུལ་དང་། ལོ་རྒྱུས་རྒྱབ་ལྗོངས། བཀའ་གཙིགས་གནང་བའི་ཡུལ་དུས་དང་ཁོངས་མི། ནང་དོན་གཙོ་བོ། དེ་བཞིན་བཀའ་གཙིགས་ཡི་གེའི་ངོ་བོ་དང་ཁྱད་ཆོས་སོགས་གླེང་འདུགབརྡ་ཆད་གཙོ་བོ། ཁྲི་སྲོང་ལྡེ་བཙན། བསམ་ཡས་གཙུག་ལག་ཁང་། བཀའ་གཙིགས།
སྤུ་རྒྱལ་བཙན་པོའི་དུས་ཀྱི་བཀའ་གཙིགས་ཡི་གེར་སྤྱིར་བློན་པོ་སོགས་ལ་གཟིགས་གཟོས་བདག་རྐྱེན་ཚུལ་དུ་ཁོལ་ཡུལ་བྲན་འབངས་སོགས་གཏན་འཇགས་སུ་བསྩལ་བའི་བཀའ་གཙིགས་དང་། སངས་རྒྱས་ཆོས་ལུགས་གོང་དུ་སྤེལ་བར་གནང་བའི་བཀའ་གཙིགས་བཅས་རིགས་ཆེ་བ་གཉིས་ཡོད་ཅིང་། འདིར་བཙན་པོས་སངས་རྒྱས་ཆོས་ལུགས་སྤེལ་ཕྱིར་ཆོས་གཙིགས་གནང་བའི་ནང་གསེས་བསམ་ཡས་བཀའ་གཙིགས་སྐོར་མདོ་ཙམ་ངོ་སྤྲོད་ཞུ་བ་ལ།
ཀ བཀའ་གཙིགས་ཡི་གེའི་ངོ་སྤྲོད་མདོར་བསྡུས།
བསམ་ཡས་གཙུག་ལག་ཁང་གི་བཀའ་གཙིགས་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་རྗེས་རྡོ་རིང་གི་ངོས་སུ་བརྐོས་པ་ཞིག་ཡིན་པ་དང་། བསམ་ཡས་གཙུག་ལག་ཁང་བཞེངས་དུས་ཀྱི་ཞིབ་ཕྲའི་ལོ་ཚིགས་ཐད་བོད་ཀྱི་རྒྱལ་རབས་དེབ་ཐེར་དང་ཆོས་འབྱུང་རྣམས་སུ་བཞེད་ཚུལ་མི་མཐུན་པ་མང་ཡང་འདིར་དེང་དུས་ཀྱི་ཞིབ་འཇུག་པ་རྣམས་ཀྱི་ཁྲོད་དུ་ཡོངས་གྲགས་ལྟར་ཤིང་ཡོས་ལོ་སྟེ་སྤྱི་ལོ༧༧༥ལོར་བཞེངས་མགོ་ཚུགས་ཏེ་ས་ལུག་སྟེ་སྤྱི་ལོ༧༧༩ལོར་རྫོགས་པར་གྲུབ་པ་དང་། བཀའ་གཙིགས་རྡོ་རིང་དེ་ཡང་བསམ་ཡས་གཙུག་ལག་ཁང་དེ་ཉིད་བཞེངས་གྲུབ་པའི་ལོ་སྟེ་སྤྱི་ལོ༧༧༩ལོར་བཙུགས་པར་སྣང་། སྐབས་དེར་ཀློང་ཆེན་ཆོས་འབྱུང་ནང་ཕྱོགས་བཞིར་མགོན་ཁང་བཞི། སྒོ་བཞིའི་གདོང་ན་རྡོ་རིང་བཞི། རྡོ་རིང་གི་སྟེང་ན་ཟངས་ཀྱི་ཁྱི་མོ་བཞི་དང་བཅས་པ་བཞེངས་སོ[1]ཞེས་བསམ་ཡས་གཙུག་ལག་ཁང་གི་སྒོ་བཞིར་རྡོ་རིང་བཞི་བཙུགས་ཚུལ་འཁོད་ཀྱང་ད་ལྟ་གཙུག་ལག་ཁང་གི་དབུ་རྩེའི་མདུན་གྱི་རྡོ་རིང་དེ་ལས་གཞན་རྣམས་མིང་གི་ལྷག་མར་གྱུར་ཟིན་པ་དང་། བཀའ་གཙིགས་དེ་ཉིད་བསྩལ་བའི་ཞིབ་ཕྲའི་ལོ་ཚིགས་གཤམ་གྱི་ལེ་ཚན་གསུམ་པོར་ཞུ་རྒྱུ་ཡིན། བསམ་ཡས་གཙུག་ལག་ཁང་གི་བཀའ་གཙིགས་རྡོ་རིང་དེའི་མཐོ་ཚད་ལ་རྨིད༤.༨ཙམ་ཡོད་ལ། རྡོ་རིང་གི་མདུན་ངོས་སུ་བོད་ཡིག་ཡིག་ཕྲེང༢༡ཡོད་པ་ལས་གཡས་གཡོན་དང་རྒྱབ་ངོས་བཅས་ལ་ཡི་གེ་འཁོད་མེད། རྡོ་རིང་དེ་ཡང་པད་འདབ་ཀྱི་དབྱིབས་འདྲ་བའི་རྡོའི་སྟེགས་བུའི་ཐོག་ཏུ་བཙུགས་ཐོག་རྩེ་མོར་རྡོའི་ཁེབས་ཏོག་གིས་བརྒྱན་པ་ཞིག་ཡིན་པས་གནའ་ཉམས་དང་ལྡན་པ་ཞིག་ཡོད།
རྡོ་རིང་དེའི་སྐོར་སྤྱི་ལོ༡༢༦༡ལོར་བརྩམས་པའི་ལྡེའུ་ཆོས་འབྱུང་རྒྱས་པ་དང་། སྤྱི་ལོ༡༣༨༨ལོར་བརྩམས་པའི་རྒྱལ་རབས་གསལ་བའི་མེ་ལོང་དང་། གཞན་སྦ་བཞེད་སོགས་ཀྱི་ནང་འཁོད་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ནང་བསམ་ཡས་རྡོ་རིང་གི་ཡི་གེ་དང་དེའི་ནང་དོན་རྒྱས་པ་སྟེ་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་སྔ་ཕྱི་དྲངས་ཡོད། ཉེ་རབས་ལོ་རྒྱུས་ཐོག་དབྱིན་ཇི་བ་ཆའར་སེ་སྤེལ(Charles.Bll)གྱིས༡༩༢༡ལོ་དང༡༩༣༥ལོར་སྔ་ཕྱིར་ཐེངས་གཉིས་རྡོ་ཡིག་དེ་ཕབ་བཤུས་དང་པར་ལེན་བྱས་པ་དང་། དབྱིན་ཇི་བ་རི་ཅར་སན(H.E.Richardson)གྱིས་ཕབ་བཤུས་པར་ལེན་ཐོག་དེ་འབྲེལ་གྱི་རྩོམ་ཞིག༡༩༤༩ལོར་དབྱིན་ཇིའི་དུས་དེབ(JRAS)ཞེས་པའི་ཐོག་སྤེལ་ཡོད། དེ་མིན་དབྱི་ཊ་ལིའི་བོད་རིག་པའི་ཞིབ་འཇུག་པ་ཐུའུ་ཇི(G.Tucci)ཡིས་དེའི་པར་རིས་དང་འབྲེལ་བའི་རྩོམ་ཡིག་ཀྱང་སྤེལ་ཡོད། དེ་རྗེས་དབང་རྒྱལ(王尧)དང་། བསོད་ནམས་སྐྱིད(陈践)ལིའི་ཧྥང་ཀུད(李方桂) གཉའ་གོང་དཀོན་མཆོག་ཚེ་བརྟན། གོ་ཤུལ་གྲགས་པ་འབྱུང་གནས། པ་སངས་དབང་འདུས། ཆབ་འགག་རྟ་མགྲིན་སོགས་ཀྱི་ཆེད་རྩོམ་ནང་ཞིབ་འཇུག་གི་ཐབས་ལམ་མི་འདྲ་བའི་ཐོག་ནས་དེ་སྐོར་ལ་དཔྱད་གླེང་གནང་ཡོད།
འབྲེལ་ཡོད་དཔྱད་རྩོམ་སྐོར་ལ། ༡ དཀོན་མཆོག་ཚེ་བརྟན་གྱིས་བསམ་ཡས་བཀའ་གཙིགས་རྡོ་རིང་ཡི་གེ་དང་དེའི་མཆན་འགྲེལ།[2]ཞེས་པའི་ནང་བསམ་ཡས་བཀའ་གཙིགས་རྡོ་རིང་གི་མ་ཡིག་ངོ་བཤུས་དང་དེར་མཆན་འགྲེལ་མཛད་པ་མ་ཟད། ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་སྔ་ཕྱི་གཉིས་ཀྱི་མ་ཡིག་དཔྱད་གཞིར་བཀོད་ཡོད། ༢ འཇམ་དབྱངས་ཀྱིས་བསམ་ཡས་ཀྱི་རྡོ་རིང་དང་དྲིལ་བུའི་སྐོར་གླེང་བ(བོད་ལྗོངས་ཞིབ་འཇུག༡༩༨༤.༤)ཞེས་པའི་ནང་བསམ་ཡས་བཀའ་གཙིགས་ཡི་གེའི་འབྲུ་འགྲེལ་དང་། བཞེངས་པའི་དུས་ཚོད། རྡོ་རིང་དང་ཡི་གེའི་ཁྱད་ཆོས་སོགས་གླེང་ཡོད། ༣ བུ་ཆུང་གི་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་གི་ཡི་གེའི་སྐོར་ལ་དཔྱད་པ(བོད་ལྗོངས་སློབ་ཆེན༢༠༡༦ལོའི་ཤེས་རམས་ཞིབ་འཇུག་སློབ་མའི་དཔྱད་རྩོམ)ཞེས་པའི་ནང་རྡོ་རིང་མཚམས་སྦྱོར་དང་། རྡོ་རིང་ཡི་གེ་བྱུང་བའི་རྒྱུ་རྐྱེན་དང་ཤུགས་རྐྱེན་དེ་བཞིན་བརྡ་སྤྲོད་ཀྱི་ཁྱད་ཆོས་སོགས་ལ་དཔྱད་གླེང་གནང་ཡོད།
ཁ། བཀའ་གཙིགས་གནང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།
བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་ན་གཞོན་པའི་དུས་སུ་བློན་པོ་མ་ཞང་གྲོམ་པ་སྐྱེས་སོགས་ཀྱིས་དབང་ཆ་བཟུང་སྟེ་བོན་ལུགས་མ་གཏོགས་སངས་རྒྱས་ཆོས་ལུགས་སྤེལ་མི་ཆོག་པའི་ཁྲིམས་བུ་ཆུང་བཅས་པ་དང་། ཇོ་བོ་ཤཱཀྱ་མུ་ནེ་བྱེ་ཐེམ་དུ་སྦས་པ། མཁར་བྲག་དང་མགྲིན་བཟང་གི་ལྷ་ཁང་སོགས་བཤིག་པའི་ལས་ཀྱི་སྦྱོར་བ་བརྩམས། དེ་རྗེས་རྒྱལ་པོ་ནར་སོན་རྗེས་མགོས་ཁྲི་བཟང་དང་ཞང་ཉ་བཟང་སོགས་ཆོས་ལ་དགའ་བའི་བློན་པོ་རྣམས་ཀྱིས་མ་ཞང་གསོན་དུར་དུ་བཅུག་ནས་བོན་ལུགས་བཀག་པའི་ཚུལ་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་གྱི་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་གཉིས་པར། ༄།བཙན་པོ་ཡབ་དགུང་དུ་གཤེགས་ཀྱི་འོག་ཏུ་ཞང་བློན་ཁ་ཅིག་གིས་ཧུར་འདུམས་ཀྱི་བློ་ཞིག་ཕྱུང་སྟེ། ཡབ་མེས་ཀྱི་རིང་ཚུནད་ཆད། སངས་རྒྱས་ཀྱི་ཆོས་མཛད་མཛད་པ་ཡང་བཤིག་གོ །དེ་ནས་ཡང་སྙད་ནི་ལྷོ་བལ་གྱི་ལྷ་དང་ཆོས་བོད་ཡུལ་དུ་བགྱི་བའི་མྱི་རིགས་ཤེས། གཞན་ཡང་ཕྱིནད་ཆད་བགྱིད་དུ་མི་གནང་བར་བཀའ་ཁྲིམས་བྲིས་སོ།༄།དེ་ནས་བཙན་པོ་ཞ་སྔ་ནས་ལོ་ཉི་ཤུ་བཞེས་པ་ན། ཐོག་མ་ནི་ཕྱག་སྦྲིད་དང་ལྟས་ཤིག་ངན་ཏེ། ཆོ་ག་ཅི་མཛད་པས་བཤད་ཀྱང་། དགུང་ཟླ་དུ་མར་ཕྱག་སྦྲིད་དང་ལྟས་ངན་ནས། སངས་རྒྱས་ཀྱི་ཆོས་བགྱིད་དུ་མི་གནང་བའི་བཀའ་ཁྲིམས་ཀྱང་ཁྲིམས་སུ་མི་བགྱི་བར་དོར། དཀོནད་ཅོག་གསུམ་གྱི་མཆོད་པ་ཡང་བགྱི་ཞེས་བགྱིས་ན་གཟོད་པོར་གྱུརད་ཏོ། །༄།དེ་ནས་དགེ་བའི་བཤེས་གཉེན་གྱིས་བསྟངས་ཏེ་ཆོས་ཀྱང་གསན། ཡི་གེ་ཡང་སྤྱན་སྔར་བྲིམས་ནས། སངས་རྒྱས་ཀྱི་ཆོས་སྤེལ་ཞིང་མཛད་པར་བསྒྲིམས་སོ། དེ་ནས་བོད་ཀྱི་ཆོས་རྙིང་བ་མ་ལེགས་ལ། སྐུ་ལྷ་གསོལ་བ་དང་ཆོ་ག་མྱི་མཐུན་པས། ཀུན་ཀྱང་མ་ལེགས་སུ་དོགས་ཏེ། ལ་ལ་ནི་སྐུ་ལ་དམར་ཡང་དོགས། ལ་ལ་ནི་ཆབ་སྲིད་གོད་ཀྱིས་ཀྱང་དོགས། ལ་ལ་ནི་མི་ནད་ཕྱུགས་ནད་བྱུང་གིས་ཀྱང་དོགས། ལ་ལ་ནི་མུ་གེ་ལངས་བབ་ཀྱིས་ཀྱང་དོགས་སོ། །[3]ཞེས་འཁོད་པ་ལས་གསལ་བར་རྟོགས་ཐུབ།
དེ་ནས་བཙན་པོས་སྲིད་དབང་བཟུང་རྗེས་ཆོས་སྤེལ་བར་དགོངས་ནས་མཁན་ཆེན་བོ་དྷི་ས་ཏྭ་གདན་དྲངས་པ་དང་ཁོང་གི་ལུང་བསྟན་བཞིན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཀའ་བསྩལ་ཏེ་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ནས་སངས་རྒྱས་ཆོས་ལུགས་སྤེལ། འོན་ཀྱང་སྐབས་དེར་བོན་རྣམས་ཁ་ལོག་ནས་ཆོས་མི་བྱེད། བོན་བྱའོ་ཞེས་ཟེར་བས་བོ་དྷི་ས་ཏྭའི་ཞལ་ནས་རྒྱལ་ཁམས་གཅིག་ཏུ་ཆོས་ལུགས་གཉིས་བྱུང་ན་ཤིན་ཏུ་སྡིག་ཆེ། འོ་ཅག་རྩོད་པ་བྱ་ལ་ཁྱེད་རྒྱལ་ན་ང་འགྲོ་བོན་སྤེལ། ཆོས་རྒྱལ་ན་བོན་བསྣུབས་ལ། དམ་པའི་ཆོས་བྱ་གསུངས། དེའི་སྐོར་དབའ་བཞེད་བཞུགས་སོ་ཞེས་པའི་ནང་སླད་ཀྱི་ཆོས་དང་བོན་འདྲན〈འགྲན〉པར་ཆད་ནས་ཕག་གི་ལོ་ལ་ཕོ་བྲང་ཟུས་ཕུག་སྐྱང་བུ་ཚལ་དུ་འདུས་ནས། ཆོས་ཀྱི་ཤགས་མཁན་ནི་མཁན་པོ་བོ་དྷི་ས་ཏྭ་དང་། མྱང་ཤ་མི་གོ་ཆ་དང་། ཞང་རྒྱལ་ཉ་བཟང་དང་། ཞང(མཆིམས)མེས་སླེབས་དང་། སྙེར་སྟག་བཙན་ལྡོང་གཟིགས་དང་། སེང་མགོ་ལྷ་ལུང་གཟིགས་དང་། རྩིག་རྨ་རྨ་རྣམས་ཀྱིས་བགྱིས། བོན་གྱི་ཤགས་མཁན་ནི་སྟག་ར་ཀླུ་གོང་དང་། རྩིས་པ་ཆེན་པོ་ཁྱུང་པོ་དུན་ཙུག་དང་། རུ་དཔོན་ཆེན་པོ(ཁྱུང་པོ)ཚེ་ཐེ་དང་། གཟིམས་མལ་བ་གཙོ་སྨོན་ཙ་ར་ལ་སོགས་ནས་བགྱིས་ནས་གཏན་ཚིགས་འདྲན〈འགྲན〉པར་བགྱིས[4]ཞེས་བྱུང་བ་ལྟར་ལྕགས་ཕག་གི་ལོ་སྟེ་སྤྱི་ལོ༧༧༡ལོར་མལ་གྲོ་ཟུར་ཕུད་རྐྱང་ཕུ་ཚལ་གྱི་ཕོ་བྲང་མདུན་དུ་བན་བོན་བརྩད་མཐར་བོན་རྣམས་ཕམ། དེ་རྗེས་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། རྒྱ་གར་ནས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན་པའི་དགེ་སློང་བཅུ་གཉིས་གདན་དྲངས་ནས་མཁན་པོ་བོ་དྷི་ས་ཏྭས་མཁན་པོ་དང་དགེ་སློང་བཅུ་གཉིས་ཀྱིས་ཁ་སྐོང་བྱས་ཏེ་སད་མི་བདུན་རབ་ཏུ་བྱུང་། རྒྱལ་པོས་མི་སུས་གྲྭ་པ་བྱས་ན་ཁྲལ་རྒྱུགས་མི་དགོས་པའི་ཐོག་ཚང་མའི་འཚོ་བ་རྒྱལ་པོའི་མཛོད་ནས་ལེན་ཆོག་པའི་དབང་ཆ་སྤྲད་པར་བརྟེན་ལོ་གཅིག་ལྷག་ཙམ་རིང་ལ་སྔ་རྗེས་བསྡོམས་པའི་གྲྭ་པའི་འབོར་གྲངས་སུམ་བརྒྱ་ལྷག་ཙམ་འཕེལ་རྒྱས་བྱུང་ཞིང་། ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་ཀུན་གྱིས་དབུ་སྙུང་བཞེས་ཏེ་བསམ་ཡས་རྡོ་རིང་གི་བཀའ་གཙིགས་དེ་ཉིད་གཏན་ལ་ཕབ། དེའི་སྐོར་གྱི་ནང་དོན་རྒྱས་པ་སྦ་བཞེད་ཤོག་གྲངས༡༢༧ནས༡༣༠བར་འཁོད་པས་མཚམས་འདིར་ཡིག་ཚོགས་མང་བར་དོགས་ནས་མ་བྲིས་སོ། །
ག བསམ་ཡས་བཀའ་གཙིགས་ཀྱི་ནང་དོན།
གཅིག བཀའ་གཙིགས་གནང་བའི་དུས་དང་གནས།
མནའ་གན་ལ་ཞུགས་མཁན་སྐོར། དེ་ཡང་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ངོས་སུ་བཀོད་པའི་བཀའ་གཙིགས་དེ་ནི་དོན་བསྡུས་པ་ཡིན་ཏེ། རྡོ་རིང་ཡི་གེའི་མཇུག་ཏུ་གཙིགས་ཀྱ་ཡི་གེ་ཞབ་མོ་གཅག་ནི་གུད་ན་ཡོད་ཅེས་པ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་སྔ་ཕྱི་གཉིས་དེ་ཡིན། གཞན་ཡང་བཀའ་གཙིགས་གཉིས་པའི་གཤམ་དུ། འདི་དག་ནི་རྒྱས་པ་དཀོར་མཛོད་དུ་བཞག་པ་ཡིན་ལ། མདོར་བསྡུས་བསམ་ཡས་ཀྱི་རྡོ་རིང་ལ་བརྐོས་པའི་གཙིགས་ཡིག་ནི[5]ཞེས་བསམ་ཡས་བཀའ་གཙིགས་དེར་ནང་དོན་རྒྱས་བསྡུས་གཉིས་ཡོད་པ་གསལ་བར་འཁོད་པ་ལས་རྟོགས་ཐུབ།
འོ་ན་བོད་འབངས་ཀུན་ལ་བཀའ་གཙིགས་དེ་གནང་བའི་དུས་གང་ཡིན་ཞེ་ན། ལུག་གི་ལོ་ལ་དཔྱིད་ཟླ་ར་བའི་ཚེས་བཅུ་བདུན་ལ་རྟེན་བཙུགས་པའི་ཚེ། ད་ནས་ཕན་ཆད། བོད་ཡུལ་དུ་དཀོནད་ཅོག་གསུམ་ལ་རྟེན་བཅས་ཏེ། སངས་རྒྱས་ཀྱི་ཆོས་མཛད་པ་མི་གཞིག་པར་བཙན་པོ་ཡབ་སྲས་དང་སྲས་ཀྱི་ཡུམ་གྱིས་དབུ་སྙུང་བཟུང་ཞིང་ཡི་དམ་བཅས་པ་དང་། ཕྱི་ནང་གི་བློན་པོ་ཆེ་ཕྲ་མཐའ་དག་བྲོ་སྩལ་བའི་གཙིགས་ཀྱི་ཡི་གེར་བྲིས་པའོ། །[6]ཞེས་བྱུང་བ་ལྟར་ས་ལུག་(སྤྱི་ལོ༧༧༩)ལོའི་དཔྱིད་ཟླ་ར་བའི་ཚེས་བཅུ་བདུན་ལ་བསམ་ཡས་གཙུག་ལག་ཁང་དུ་རྗེ་བློན་རྣམས་དབུ་སྙུང་བཞེས་ཏེ་ཆོས་གཙིགས་དེ་ཉིད་སྤེལ་བར་མངོན།
སྐབས་དེར་དབུ་སྙུང་ལ་ཞུགས་མཁན་གྲས་སུ་བཙན་པོ:ཡབ་སྲས་དྔ། རྗེ་བློན་ཀུན་གྱིས་དབུ་སྙུང:དང་བྲོ:བོར་རོ:[7]ཞེས་བྱུང་བའི་ཡབ་ནི་ཁྲི་སྲོང་ལྡེ་བཙན་དང་སྲས་བཙན་པོ་ཁོང་ལ་སྲས་མུ་ཁྲི་བཙན་པོ་དང་། མུ་ནེ་བཙན་པོ། མུ་རུག་བཙན་པོ། མུ་ཏིག་བཙན་པོ་བཅས་བཞི་བྱུང་བ་དེ་དག་གང་ལ་ངོས་འཛིན་དགོས་མིན་འབྲེལ་ཡོད་དཔྱད་གཞིར་འཁོད་མེད་ལ། སྲས་རྣམས་ཀྱི་འཁྲུངས་འདས་ལོ་ཚིགས་ཀྱང་གསལ་བར་མ་འཁོད་པས་རེ་ཞིག་ཁ་ཚོན་གཅོད་ཐབས་བྲལ། དེ་བཞིན་རྒྱལ་ཕྲན་གྱི་རྗེ་བོ་དང་བློན་པོ་ནི།༄། དབོན་འ་ཞ་རྗེ། ༄། ཞང་བློན་ཆེན་པོ་བཀའ་ལ་གཏོགས་པ་ལ། ༄། བློན་ཆེན་པོ་ཞང་རྒྱལ་གཟིགས་ཤུ་ཐེང་།
བློན་སྟག་སྒྲ་ཀླུ་ཁོང་། ཞང་རྒྱལ་མཚན་ལྷ་སྣང་། བློན་རྒྱལ་སྒྲ་ལེགས་གཟིགས། བློན་བཙན་བཞེར་མདོ་ལོད། ཞང་རྒྱལ་ཉེན་ཟླ་གོང་། བློན་ཁྲི་གངས་རྒྱ་གོང་། གཅེན་མཚོ་བཙན། ཞང་རྒྱལ་མཚན་ལེ་གོང་། ༄།ནང་བློན་ལ། ༄།བློན་གྲ་འཛི། ཞང་རམས་ཤགས། ཞང་ཨ་སྲིན། ཞ་སྔ་ཁྲི་གཉེན། བློན་ཀླུ་ཁོང་། འོང་ཀ་ལྷ་མཚོ། བློན་ཤང་བཙན། བློན་སྲིན་སྐྱུགས། བློན་འདུས་སྟོན། ཞང་སྟག་ཚབ། ཞང་ལེགས་འདུས། ༄།ཕྱི་བློན་ལ། ཞང་བལ་བུ་སྟང་།
ཞང་ལྷ་གཟིགས། བློན་ལ་ཀུན་རྩེ། བློན་སྤྲ་བཞིན། བློན་སྟོང་ཐུབ། བློན་ཟླ་གོང་། བློན་གཙུག་ཁྱུང་གླིང་། བློན་ལྷོས་པོ། ཞང་རྒྱལ་སྣང་། བློན་བྱིན་བྱིན། བློན་ལོང་པོ། བློན་རྩང་ལོད། བློན་གཉན་ཀོང་། སྟོད་སྨད་ཀྱི་དབང་པོ་དང་དམག་དཔོན་ལ། བློན་སྐྱེས་བཟང་སྟག་སྣང་། བློན་སྣང་ཀོང་། བློན་ཁྱི་ཆུང་། བློན་ཀླུ་བཞེར། ཞང་མར་བུ། བློན་ལྷ་མཚོ། བློན་པར་མི། བློན་ཤང་རྫོང་།
བློན་མིག་ཁྱུང་ཆུད། བློན་ཏང་བུ། ཁུ་རྒྱ་བརྩན། ཁུ་གཡུ་བརྩན། བློན་མདོ་གཟིགས། བློན་ཁོང་ཁྲི། བློན་ཁོང་ལེགས། བློན་རྨང་ལ་སྐྱེས། བློན་མདོ་བཟང་། བློན་ཁྲི་གོང་།[8]བཅས་རྒྱལ་ཕྲན་འ་ཞའི་རྗེ་དང་། ཞང་བློན་ཆེན་པོ་བཀའ་ལ་གཏོགས་པ་དགུ། ནང་བློན་བཅུ་གཅིག །ཕྱི་བློན་བཅུ་གསུམ། དམག་དཔོན་བཅོ་བརྒྱད་བཅས་ཡོད་པ་དེ་དག་ནི་སྐབས་དེའི་དཔོན་རིགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་མེད་དུ་མི་རུང་བ་ཤ་སྟག་ཡིན། དེ་ཡང་ཞང་བློན་ཞེས་པ་ནི་བཙན་པོའི་ཡུམ་རྒྱུད་གཉེན་ཚན་ནང་ནས་བསྐོས་པའི་བློན་པོ་ལ་ཟེར་ཞིང་། ཞང་བློན་གྱི་གོ་མིང་ཐོབ་པའི་རུས་རྒྱུད་མཆོག་ཏུ་གྱུར་བ་ནི་འབྲོ་དང་། མཆིམས། སྣ་ནམ། ཚེ་སྤོང་བཅས་བཞི་ཡིན་པ་བཀའ་གཙིགས་དག་ལས་ཤེས་ནུས་སོ། །ཞང་པོ་ཞེས་པའི་མིང་ཐོགས་ཚུལ་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་དེས་ན་ཐོ་ཐོ་རི་གཉན་བཙན་ཡན་ལ་བཙན་ལྔ་ཟེར་རོ། །དེ་ཡི་བཙུན་མོ་རྣོ་ཟ་མང་དགར་ལ། །ལྷ་སྲས་ཁྲི་གཉན་གཟུངས་བཙན་ཞེས་པ་འཁྲུངས། །སྲས་ཀྱིས་རྣོ་ལ་ཞང་དུ་བོས་པ་ཡིས། །ཞང་དུ་རྣོ་ལྔ་རུས་ལ་དེར་མིང་ཆགས། དེ་ཡན་ལ་ཞང་པོ་ལ་ཇོ་བོ་ཞེས་འབོད་སྐད[9]ཅེས་འཁོད་པ་ལྟར་དང་། ནང་བློན་ཞེས་པ་ལ་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། ནང་བློན་གྱི་ལས་ཐབས་ནི། མོ་བཙུན་དང་འདྲ་སྟེ། ནང་གི་ཚིས་བྱེད་པའོ། །ཞེས་བཙན་པོའི་སྲིད་གཞུང་གི་ནང་ཁུལ་གྱི་གལ་ཆེའི་ལས་དོན་སྒྲུབ་མཁན་ཞིག་ཡིན། ཕྱི་བློན་ནི་བཙན་པོའི་སྲིད་གཞུང་གི་ཕྱི་ཕྱོགས་ཀྱི་གལ་ཆེའི་ལས་དོན་སྒྲུབ་མཁན་ཞིག་ཡིན་པར་བསྟན་པ་དང་། སྟོད་སྨད་ཀྱི་དབང་པོ་དང་དམག་དཔོན་ལས་དབང་པོ་ཞེས་པ་ནི་བཙན་པོ་ཁྲི་སྲོང་བརྩན་གྱིས་བོད་ཡོངས་གཅིག་གྱུར་གྱིས་སྲིད་དབང་གསར་དུ་བཙུགས་པ་ནས་བཙན་པོ་རིམ་བྱོན་གྱིས་མངའ་ཁོངས་རིམ་བཞིན་རྒྱ་སྐྱེད་གནང་སྟེ། མཐའ་མཚམས་ཀྱི་བདེ་བློན་ཁམས་དང་མཐོང་ཁྱབ་ཁྲི་སྡེ་སོགས་སུ་བསྐོས་པའི་དཔོན་གནས་ཤིག་མིན་ནམ་སྙམ་སྟེ། ཏུན་ཧོང་ནས་ཐོན་པའི་སྤྱི་ཚོགས་དཔལ་འབྱོར་སྐོར་གྱི་ཡིག་ཆP.T.༡༡༨༩ནང་། སུག་ཅུ་འི་དབང་པོ་སི་ཏོ་གྱིས་མཆིད་གསོལ་བཱ་ཞེས་སོགས་འཁོད་པ་ལས་ཤེས་ཤིང་། དམག་དཔོན་ཞེས་པ་ནི་དམག་དཔུང་གི་བཀོད་འདོམས་བྱེད་མཁན་ཡིན་ཞིང་། དེའི་འགན་དབང་སྐོར་ལ། དམག་དཔོན་གྱི་ལས་ཐབས་ནི། དྣོ་འགྱོགས་ཀྱིས་དགྲ་གནོན་པ་དང་། རང་ཡུལ་རྒྱལ་བར་བྱེད་པ་ལགས། ཞེས་འཁོད་པ་ལྟར་ཡིན།
གཉིས། བསམ་ཡས་བཀའ་གཙིགས་ཀྱི་ནང་དོན་དབྱེ་ཞིབ།
༡ ༄།།ར་ས:[10]དང།བྲག:མར:གྱི:
༢ གཙུག:ལག:ཁང:[11]ལས:སྩོགས:
༣ པར:། དཀོན:མཅོག:།གསུམ་
༤ གྱི:རྟེན་བཙུགས་པ་དང་།སངས:
༥ རྒྱས:གྱ:ཆོས:། མཛད:པ:འདི་།
༦ ནམ:དུ་ཡང་མྱ:གཏང:མའ་ཞིག་
༧ པར:བགྱ:འོ:། ཡོ:བྱད:སྦྱརད་།
༨ པའ:ཡང་། དེ་ལས:མྱི:དབྲ:མྱི:
༩ བསྐྱུང་བར:བགྱ་འོ:། དའ:ཕྱིན:
༡༠ ཅད་།གདུང:རབས:རེ་རེ:ཞིང:ཡང:
༡༡ བཙན་པོ:ཡབ་སྲས:གྱིས:འད:
༡༢ བཞིན་ཡ་དམ:བཅའོ:། དེ་ལས:
༡༣ མནའ:ཁ:དབུད:པ:དག:གྱང:
༡༤ མྱི:བགྱ:མྱི:བསྒྱུར:བར:། འཇག:
༡༥ རྟེན་ལས:། འདའས:པའ:དང་
༡༦ འཇག:རྟེན་གྱི:ལྷ་དང་། མྱ་མ:ཡིན:
༡༧ པའ།ཐམས་ཅད་གྱང:དཕང་དུ།
༡༨ གསོལ:ཏེ། བཙན་པོ:ཡབ་སྲས་དྔ།
༡༩ རྗེ་བློན་ཀུན་གྱིས་དབུ་སྙུང:དང་བྲོ:།
༢༠ བོར་རོ: །གཙིགས:གྱ:ཡི:གེ:ཞབ:
༢༡ མོ:གཅག:ནི་གུད་ན་མཆས་སོ། །
ཞེས་ར་ས་གཙུག་ལག་ཁང་དང་བྲག་དམར་གྱི་བསམ་ཡས་གཙུག་ལག་ཁང་ལ་སོགས་པར་དཀོན་མཆོག་གསུམ་གྱི་རྟེན་བཞེངས་ནས་སངས་རྒྱས་ཀྱི་ཆོས་མཛད་པ་འདི་ནམ་ཡང་རྒྱུན་ཆད་དུ་མི་འཇུག་པ་དང་འཐོར་ཞིག་ཏུ༌་མི་འགྲོ་བར་བྱ་དགོས་ཚུལ་དང་། གཙུག་ལག་ཁང་ལ་མཐུན་རྐྱེན་དུ་སྦྱར་བའི་དབང་རིས་གང་ཡོད་ཉུང་འཕྲིའམ་འདོར་བར་མི་བྱ། ད་ཕྱིན་ཆད་བཙན་པོའི་གདུང་རབས་གང་གི་རིང་ལ་ཡང་འདི་བཞིན་འཇོག་དགོས་ཚུལ་ཐད། བཙན་པོ་ཡབ་སྲས་དང་བློན་པོ་བཅས་རྗེ་བློན་ཀུན་གྱིས་འཇིག་རྟེན་ལས་འདས་པའི་ལྷ་དང་། འཇིག་རྟེན་པའི་ལྷ། མི་མ་ཡིན་ཐམས་ཅད་དཔང་དུ་བཙུགས་ཏེ། དམ་བཅའ་བ་འདི་ཡང་མི་ཉམས་པ་དང་འགྱུར་བ་མེད་ཅེས་དབུ་མནའ་བཞེས་ཡོད། བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་གཅིག་ནི་ལོགས་སུ་ཡོད་དོ་ཞེས་བཙན་པོས་སངས་རྒྱས་ཆོས་ལུགས་གངས་ཅན་ལྗོངས་སུ་སྤེལ་བར་ཐུགས་ཁུར་ཚད་མེད་གནང་བའི་སྐོར་འཁོད་ཡོད།
གསུམ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་དང་པོའི་ནང་དོན།
༡ བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཤོག་བུ་མཐིང་ག[12]ལ་གསེར་གྱིས་བྲིས་ནས། གསེར་གྱི་སྒྲོམ་བུར་བསྩལ་བའི་བཀའ་གཙིགས་ཀྱི་ཡི་གེ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དཀོར་མཛོད་དུ་བཞག་པ་ལས་དཔེ་བགྱིས་ཏེ་བྲིས་པ། ཞེས་བཀའ་གཙིགས་དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བསམ་ཡས་རྡོ་རིང་གི་མ་དཔེ་དཀོར་མཛོད་བཞག་པ་གཞིར་བཟུང་མཐིང་ཤོག་ལ་གསེར་བྲིས་བགྱིས་པའི་སྐོར་ཁ་བྱང་གི་ཚུལ་དུ་བཀོད་ཡོད།
༢ ༄།དཀོནད་ཅོག་གསུམ་ནམ་དུ་ཡང་མི་བཏང་མ་ཞིག་པར་བགྱི་བའི་གཙིགས་སྒྲོམ་བུ་ནང་ན་མཆིས་པའི་དཔེ། དེ་བཞིན་གཤེགས་པའི་བཀའ་ལས་བྱུང་བ་དོན་ཐོག་ཏུ་སྦྱར་ན། ཡང་དག་པ་ཉིད་ཁོང་དུ་མ་ཆུད་པས་ཁམས་གསུམ[13]ཡང་སྡུག་བསྔལ་གྱི་གནས་སུ་གྱུར། ཐམས་ཅད་ཀྱང་གནའ་ནས་མ་སྐྱེས་པ་མེད། སྐྱེས་ནས་ནི་དོན་དང་དོན་མེད་པར་སྤྱོད། དེ་ནས་ཀྱང་ཤི་བར་འགྱུར། ཤི་ནས་ཀྱང་གནས་བཟང་ངན་དུ་ཕྱིར་སྐྱེ། དེ་ལ་ལེགས་སུ་སྟོན་པ་ནི་སངས་རྒྱས། མངོན་པར་དམིགས་པ་ནི་ཆོས་ཀྱི་ཡི་གེ །དགེ་བར་མཚོན་པ་ནི་དགེ་འདུན་རྣམས་ཏེ། གཏན་གྱི་སྐྱབས་དང་གླིང་དུ་བཟང་ངོ་། །ཞེས་སངས་རྒྱས་ཆོས་ལུགས་ཀྱི་དོན་ཇི་བཞིན་ཁོང་དུ་མ་ཆུད་ན་འཁོར་བ་ཐམས་ཅད་སྡུག་བསྔལ་ཀྱི་གནས་དང་། ཚེ་མི་རྟག་པ་གང་ཞིག་ཕྱི་མར་བཟང་ངན་ཅི་རིགས་སུ་སྐྱེ་བ་ཡོད་པས་དཀོན་མཆོག་གསུམ་ནི་ནམ་ཡང་སྐྱབས་ཀྱི་དམ་པ་ཡིན་པས་ཀུན་ལ་ཕན་པའི་སྐོར་བསྟན་ཡོད།
༣ དཀོནད་ཅོག་གསུམ་ནི་བྱིན་དུ་ཆེར་ཆེ་སྟེ། ཡབ་མེས་སྔ་མ་ཀུན་གྱི་རིང་ལ་ཡང་གདུང་རབས་རེ་རེ་ཞིང་ལུགས་སུ་མཛད་དེ། གཙུག་ལག་ཁང་གསར་རྙིང་དངོས་ཡོད་པ་ཡིན། བཙན་པོ་ཡབ་དགུང་དུ་གཤེགས་པའི་ཕྱི་ནས། པན་པུན་ཁྱེར་བའི་དཔེ་ཚུལ་ཡོད་པ་ནས། གཙུག་ལག་ཁང་ལྷུན་གྱིས་འགྲུབ་ཏུ། ལུག་གི་ལོ་ལ་དཔྱིད་ཟླ་ར་བའི་ཚེས་བཅུ་བདུན་ལ་རྟེན་བཙུགས་པའི་ཚེ། ད་ནས་ཕན་ཆད། བོད་ཡུལ་དུ་དཀོནད་ཅོག་གསུམ་ལ་རྟེན་བཅས་ཏེ། སངས་རྒྱས་ཀྱི་ཆོས་མཛད་པ་མི་གཞིག་པར་བཙན་པོ་ཡབ་སྲས་དང་སྲས་ཀྱི་ཡུམ་གྱིས་དབུ་སྙུང་བཟུང་ཞིང་ཡི་དམ་བཅས་པ་དང་། ཕྱི་ནང་གི་བློན་པོ་ཆེ་ཕྲ་མཐའ་དག་བྲོ་སྩལ་བའི་གཙིགས་ཀྱི་ཡི་གེར་བྲིས་པའོ། །ཞེས་དཀོན་མཆོག་གསུམ་ནི་བྱིན་རླབས་ཤིན་ཏུ་ཆེ་བས་བཙན་པོ་ཡབ་མེས་ཀྱི་རིང་ལ་སངས་རྒྱས་ཆོས་ལུགས་མཛད་དེ། གཙུག་ལག་ཁང་གསར་རྙིང་ཕྱག་བཏབ་རུང་། ཡབ་བཙན་པོ་ཁྲི་ལྡེ་གཙུག་བཙན་དགུང་དུ་གཤེགས་རྗེས་བོན་བློན་རྣམས་ཀྱིས་བོན་ལུགས་ལས་སངས་རྒྱས་ཆོས་ལུགས་བྱེད་མི་ཆོག་པ་སོགས་བྱུང་ཡང་། དེ་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པ་མ་ཟད། ས་ལུག་སྟེ་སྤྱི་ལོ༧༧༩ལོའི་ཚེས་བཅུ་བདུན་ལ་རྟེན་བཙུགས་པ་ཕན་ཆད་བོད་ཁམས་སུ་དཀོན་མཆོག་གསུམ་ལ་སྐྱབས་སུ་ཕྱིན་ནས་སངས་རྒྱས་ཀྱི་ཆོས་མཛད་པ་འདི་འཐོར་ཞིག་ཏུ༌མི་འགྲོ་བར་ཡབ་ཡུམ་དང་རྗེ་བློན་ཀུན་གྱིས་མནའ་བོར་བ་གཙིགས་ཀྱི་ཡི་གེར་བྲིས་པའི་སྐོར་བསྟན་ཡོད།
༤ ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། རྒྱ་བཏགས་ར་མོ་ཆེའི་གཙུག་ལག་ཁང་དང་། བྲག་དམར་གྱི་བསམ་ཡས་ལྷུན་གྱིས་གྲུབ་ཀྱི་གཙུག་ལག་ཁང་དང་། ཁམས་གསུམ་མི་ལྡོག་སྒྲོལ་གྱི་གཙུག་ལག་ཁང[14]ལ་སྩོགས་ཏེ། བོད་ཀྱི་རིགས་སུ་བླ་ནས། དཀོནད་ཅོག་གསུམ་གྱི་རྟེན་བཙུགས་ཏེ། བོད་ལས་ཀྱང་ཐར་བར་གཟུད་ཅིང་། སངས་རྒྱས་ཀྱི་ཆོས་མཛད་པ་འདི་ནམ་དུ་ཡང་། མི་བཏང་མ་ཞིག་པར་བགྱིའོ། །བོད་ལས་ཀྱང་ཐརད་པར་གཟུད་དོ། །གཙུག་ལག་ཁང་དེ་རྣམས་སུ་དཀོནད་ཅོག་གསུམ་གྱི་ཡོ་བྱད་སྦྱར་བའི་རྐྱེནད་ཀྱང་རན་པ་འོང་བར་དཔགས་ཏེ་བླ་ནང་ཕུལ་པ་ལས། ནམ་ཞར་ཀྱང་མི་དབྲི་མི་བསྐྱུང་བར་བགྱིས་སོ། །ད་ཕྱིན་ཆད་གདུང་རབས་རེ་རེ་ཡང་། བཙན་པོ་ཡབ་སྲས་འདི་བཞིན་དུ་ཡི་དམ་བཅའ་ཞིང་ཞལ་གྱིས་བཞེས་པར་བགྱིའོ། །བློན་པོ་ཐོག་ཐོག་ཀྱང་བྲོ་སྩལ་བར་བགྱིའོ། །ཞེས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། རྒྱ་བཏགས་ར་མོ་ཆེའི་གཙུག་ལག་ཁང་། བྲག་དམར་གྱི་བསམ་ཡས་གཙུག་ལག་ཁང་། ཁམས་གསུམ་མི་ལྡོག་སྒྲོལ་གྱི་གཙུག་ལག་ཁང་ལ་སོགས་བོད་ཀྱི་ཡུལ་དུ་དཀོན་མཆོག་གསུམ་གྱི་རྟེན་བཞེངས་ནས་སངས་རྒྱས་ཀྱི་ཆོས་མཛད་པ་འདི་ནམ་ཡང་རྒྱུན་ཆད་དུ་མི་འཇུག་པ་དང་འཐོར་ཞིག་ཏུ༌མི་འགྲོ་བར་བྱ་དགོས། གཙུག་ལག་ཁང་ལ་མཐུན་རྐྱེན་དུ་སྦྱར་བའི་དབང་རིས་ཀྱང་འདང་ངེས་ཤིག་གོང་ནས་གནང་སྟེ་ནམ་ཡང་ཉུང་དུའམ་འདོར་བར་མི་བྱའོ། །ད་ཕྱིན་ཆད་བཙན་པོའི་གདུང་རབས་གང་གི་རིང་ལ་ཡང་འདི་བཞིན་དུ་ཞལ་གྱིས་བཞེས་ཏེ་བློན་པོ་རྣམས་ཀྱིས་ཀྱང་མནའ་བོར་དགོས་པའི་སྐོར་བསྟན་ཡོད།
༥ ༄། འདི་ལྟར་ཡི་དམ་བཅས་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། དམ་པའི་ཆོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང་། གནམ་སའི་རིམ་པ་ལྷ་འོ་ཅོག་དང་། བོད་ཡུལ་གྱི་སྐུ་ལྷ་དང་། ལྷ་དགུ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་མི་མ་ཡིན་པ་ཐམས་ཅད་དཔང་དུ་གསོལ་ཏེ། གཙིགས་འདི་ལས་མི་འགྱུར་བར་མཁྱེན་པར་བགྱིས་སོ། །དེ་ལ་གཙིགས་ལྟར་མ་བགྱིས་ཏེ། དཀོནད་ཅོག་གསུམ་གྱི་སྐུ་བསླུས་སམ་མནའ་ཁ་དབུད་བགྱིས་ན། སེམས་ཅན་དམྱལ་བར་སྐྱེས་ཤིག་འདི་བཞིན་དུ་མཛད་ཅིང་བགྱིས་ན། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་ཤོག་ཅིག །ཅེས་མནའ་རྟེན་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། དམ་པའི་ཆོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང་། གནམ་སའི་ལྷ་ཡོད་དོ་ཅོག་དང་། བོད་ཡུལ་གྱི་སྐུ་ལྷ་དང་། ལྷ་དགུ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་མི་མ་ཡིན་པ་ཐམས་ཅད་དཔང་དུ་གསོལ་ཏེ་གཙིགས་འདི་ལས་མི་འགྱུར་བར་གནང་དགོས་པ་དང་། གལ་སྲིད་གཙིགས་ལྟར་མ་བགྱིས་ན། སེམས་ཅན་དམྱལ་བར་སྐྱེས་ཤིག་འདི་བཞིན་དུ་མཛད་ཅིང་བགྱིས་ན། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་ཤོག་ཅིག་ཅེས་འཁོད་ཡོད།
༦ ༄། སངས་རྒྱས་ཀྱི་ཆོས་བོད་ཡུལ་དུ། སྔ་ཕྱིར་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་གཅིག་ཀྱང་ཟླ་ལ་བཞག་གོ །༄། དཔེ་འདི་འདྲ་བ་བཅུ་གསུམ་བྲིས་ཏེ། གཅིག་ནི་ཕྱག་སྦལ་ན་བཞག་གོ །གཉིས་ནི་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། བྲག་དམར་གྱི་བསམ་ཡས་ལྷུན་གྱིས་གྲུབ་ཀྱི་དགེ་འདུན་ལ་རེ་རེ་བཞག་གོ །བཅུ་ནི་མཐར་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། ཁྲ་འབྲུག་གི་བཀྲ་ཤིས་ལྷ་ཡུལ་གཙུག་ལག་ཁང་། ཕོ་བྲང་འཁོར་གྱི་དགེ་འདུན་དང་། ར་སའི་རྒྱ་བཏགས་ར་མོ་ཆེ་དང་། བྲག་དམར་གྱི་ཁམས་གསུམ་མི་ལྡོག་སྒྲོལ་དང་། བྲུ་ཤ་ཡུལ་དང་། ཞང་ཞུང་ཡུལ་དང་། མདོ་སྨད་དང་། སྡེ་བློན་རིས་དང་། འདི་རྣམས་ཀྱི་གཙུག་ལག་ཁང་གི་དགེ་འདུན་ལ་དཔེ་རེ་རེ་འཆང་དུ་སྩལད་ཏོ། །ཞེས་སངས་རྒྱས་ཀྱི་ཆོས་བོད་ཡུལ་དུ་སྔ་ཕྱིར་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་གཅིག་ཀྱང་ཟླ་ལ་བཞག་གོ་ཞེས་པ་འདི་ནི་བཀའ་གཙིགས་གཉིས་པ་ལ་ཟེར་ཞིང་། བཀའ་གཙིགས་དང་པོར་དཔེ་འདྲ་བ་བཅུ་གསུམ་བགྱིས་ཏེ་གཅིག་ནི་མཛོད་ཁང་དུ་བཞག་པ་དང་། གཉིས་ལ་ཐམ་ཀ་བརྒྱབ་སྟེ་ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། བྲག་དམར་གྱི་བསམ་ཡས་ལྷུན་གྱིས་གྲུབ་ཀྱི་དགེ་འདུན་ལ་རེ་རེ་བཞག །འདྲ་དཔེ་བཅུའི་གཤམ་དུ་ཕྱག་དམ་བཏབ་སྟེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། བསམ་ཡས་གཙུག་ལག་ཁང་། ཁྲ་འབྲུག་གཙུག་ལག་ཁང་། ཕོ་བྲང་འཁོར་གྱི་དགེ་འདུན་དང་། རྒྱ་སྟག་ར་མོ་ཆེ་དང་། བྲག་དམར་གྱི་ཁམས་གསུམ་མི་ལྡོག་སྒྲོལ་དང་། བྲུ་ཤ་ཡུལ་དང་། ཞང་ཞུང་ཡུལ་དང་། མདོ་སྨད་དང་། སྡེ་བློན་རིས་དང་། འདི་རྣམས་ཀྱི་གཙུག་ལག་ཁང་གི་དགེ་འདུན་ལ་དཔེ་རེ་རེ་འཆང་དུ་སྩལད་ཏོ་ཞེས་བཀའ་གཙིགས་ཡི་གེ་ཇི་ལྟར་ཉར་ཚགས་བྱ་ལུགས་བསྟན་ཡོད།
༧ བཀའ་གཙིགས་དེའི་གཤམ་དུ་མནའ་གཙིགས་ལ་ཞུགས་མཁན་གྱི་མཚན་ཐོ་དང་བྲང་ཏི་ཤ་ལ་ཝརྨས་བྲིས་ཞེས་བཀའ་གཙིགས་དེ་ཉིད་འབྲི་མཁན་གྱི་མཚན་བཅས་འཁོད་ཡོད། མནའ་གཙིགས་ལ་ཞུགས་མཁན་གྱི་མཚན་ཐོ་དཔོན་གནས་ཀྱི་རིམ་པ་བཞིན་བཀོད་པ་དེ་དག་གོང་དུ་ལེ་ཚན་དང་པོའི་ནང་ཞུས་ཟིན་པས་འདིར་བསྐྱར་ཟློས་མི་བྱའོ། །
བཞི། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་གཉིས་པའི་ནང་དོན།
༡ ༄། གནའ་ད་ཆད་བོད་ཡུལ་དུ་དཀོནད་ཅོག་གསུམ་གྱི་རྟེན་བཅས་ཏེ། སངས་རྒྱས་ཀྱི་ཆོས་མཛད་པའི་ལོ་དྲུང་གི་ཡི་གེར་བྲིས་པ། སྒྲོམ་བུའི་ནང་ན་མཆིས་པའི་དཔེའ། ༄།བཙན་པོ་བཞི[15] མེས་ཁྲི་སྲོང་བཙན་གྱི་རིང་ལ། ར་སའི་པེ་ཧར[16]བརྩིགས་ཏེ་སངས་རྒྱས་ཀྱི་ཆོས་ཐོག་མ་མཛད་ཚུན་ཆད། བཙན་པོ་ཡབ་ཁྲི་ལྡེ་གཙུག་བརྩན་ཀྱི་རིང་ལ། བྲག་དམར་གྱི་ཀྭ་ཆུར་གཙུག་ལག་ཁང་བརྩིགས་ཏེ་སངས་རྒྱས་ཀྱི་ཆོས་མཛད་ཕནད་ཆད་གདུང་རབས་ལྔ་ལོན་ནོ། ༄། བཙན་པོ་ཡབ་དགུང་དུ་གཤེགས་ཀྱི་འོག་ཏུ་ཞང་བློན་ཁ་ཅིག་གིས་ཧུར་འདུམས་ཀྱི་བློ་ཞིག་ཕྱུང་སྟེ། ཡབ་མེས་ཀྱི་རིང་ཚུནད་ཆད། སངས་རྒྱས་ཀྱི་ཆོས་མཛད་མཛད་པ་ཡང་བཤིག་གོ །དེ་ནས་ཡང་སྙད་ནི་ལྷོ་བལ་གྱི་ལྷ་དང་ཆོས་བོད་ཡུལ་དུ་བགྱི་བའི་མྱི་རིགས་ཤེས། གཞན་ཡང་ཕྱིནད་ཆད་བགྱིད་དུ་མི་གནང་བར་བཀའ་ཁྲིམས་བྲིས་སོ། །ཞེས་གནའ་ནས་ད་བར་བོད་ཡུལ་དུ་དཀོན་མཆོག་གསུམ་གྱི་རྟེན་བཙུགས་ཏེ་སངས་རྒྱས་ཆོས་ལུགས་སྤེལ་བའི་སྐོར་ཡི་གེར་བྲིས་ནས་སྒྲོམ་པོའི་ནང་ན་མཆིས་པའི་དོན་ནི། བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལ་ར་ས་གཙུག་ལག་ཁང་བཞེངས་ཏེ་སངས་རྒྱས་ཀྱི་ཆོས་ཐོག་མ་མཛད་པ་ནས་བཙན་པོ་ཡབ་ཁྲི་ལྡེ་གཙུག་བཙན་ཀྱི་རིང་ལ་བྲག་དམར་གྱི་ཀྭ་ཆུར་གཙུག་ལག་ཁང་བརྩིགས་ཏེ་སངས་རྒྱས་ཀྱི་ཆོས་མཛད་པའི་བར་དུ་གདུང་རབས་ལྔ་ཡོད་ཅིང་། ཁྲི་སྲོང་ལྡེ་བཙན་གྱི་ཡབ་ཁྲི་ལྡེ་གཙུག་བཙན་གཤེགས་རྗེས་ཞང་བློན་མ་ཞང་གྲོམ་པ་སྐྱེས་སོགས་ཀྱིས་ཧོལ་རྒྱུགས་ཀྱི་བསམ་བློ་ཞིག་བཏང་སྟེ་ཡབ་མེས་ཀྱི་དུས་ནས་མཛད་པའི་སངས་རྒྱས་ཆོས་ལུགས་བསྣུབས་ཤིང་། སྙད་འདོགས་ས་ཡང་ལྷོ་བལ་གྱི་ལྷ་དང་ཆོས་བོད་ཡུལ་དུ་སྤེལ་མི་རིགས་པར་བྱས་ནས། ཕྱིན་ཆད་སངས་རྒྱས་ཆོས་ལུགས་བྱ་མི་ཆོག་པའི་བཀའ་ཁྲིམས་བཅས་སོ་ཞེས་པ་ལྟར་ཡིན།
༢ ༄།དེ་ནས་བཙན་པོ་ཞ་སྔ་ནས་ལོ་ཉི་ཤུ་བཞེས་པ་ན། ཐོག་མ་ནི་ཕྱག་སྦྲིད་དང་ལྟས་ཤིག་ངན་ཏེ། ཆོ་ག་ཅི་མཛད་པས་བཤད་ཀྱང་། དགུང་ཟླ་དུ་མར་ཕྱག་སྦྲིད་དང་ལྟས་ངན་ནས། སངས་རྒྱས་ཀྱི་ཆོས་བགྱིད་དུ་མི་གནང་བའི་བཀའ་ཁྲིམས་ཀྱང་ཁྲིམས་སུ་མི་བགྱི་བར་དོར། དཀོནད་ཅོག་གསུམ་གྱི་མཆོད་པ་ཡང་བགྱི་ཞེས་བགྱིས་ན་གཟོད་པོར་གྱུརད་ཏོ། ༄། དེ་ནས་དགེ་བའི་བཤེས་གཉེན་གྱིས་བསྟངས་ཏེ་ཆོས་ཀྱང་གསན། ཡི་གེ་ཡང་སྤྱན་སྔར་བྲིམས་ནས། སངས་རྒྱས་ཀྱི་ཆོས་སྤེལ་ཞིང་མཛད་པར་བསྒྲིམས་སོ། དེ་ནས་བོད་ཀྱི་ཆོས་རྙིང་བ[17]མ་ལེགས་ལ། སྐུ་ལྷ་གསོལ་བ་དང་ཆོ་ག་མྱི་མཐུན་པས། ཀུན་ཀྱང་མ་ལེགས་སུ་དོགས་ཏེ། ལ་ལ་ནི་སྐུ་ལ་དམར་ཡང་དོགས། ལ་ལ་ནི་ཆབ་སྲིད་གོད་ཀྱིས་ཀྱང་དོགས། ལ་ལ་ནི་མི་ནད་ཕྱུགས་ནད་བྱུང་གིས་ཀྱང་དོགས། ལ་ལ་ནི་མུ་གེ་ལངས་བབ་ཀྱིས་ཀྱང་དོགས་སོ། །ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉི་ཤུར་ཕེབས་སྐབས་ཕྱག་སྦྲིད་པ་མ་ཟད་མཚན་ལྟས་ཀྱང་ངན་པ་བྱུང་བར་ཟླ་བ་དུ་མར་ཆོ་ག་ཅི་མཛད་ཀྱང་མ་ཕན་པར་ཕྱག་སྦྲིད་དང་ལྟས་ངན་མུ་མཐུད་བྱུང་། དེ་ནས་བཙན་པོས་སངས་རྒྱས་ཀྱི་ཆོས་བྱ་མི་ཆོག་པའི་བཀའ་ཁྲིམས་དེ་རྩིས་མེད་དུ་བཏང་བ་དང་དཀོན་མཆོག་གསུམ་ལ་མཆོད་པ་སྔར་ལྟར་བགྱིས་ཞེས་བཀའ་བསྩལ་བས་ནད་དང་ལྟས་ངན་ཡང་བཟང་བར་གྱུར། དེ་རྗེས་དགེ་བའི་བཤེས་གཉེན་བསྟེན་དེ་ཆོས་གསན་ཅིང་། ཡབ་མེས་གོང་མའི་ཡིག་ཚང་ཡང་སྤྱན་སྔར་གསོལ་ནས་སངས་རྒྱས་ཆོས་ལུགས་སྤེལ་དགོས་པའི་བཀའ་གནང་། དེ་ཡང་བོན་གྱི་ལུགས་ནི་མི་ལེགས་ཐོག་སྐུ་ལྷ་གསོལ་བ་དང་ཆོ་ག་མི་མཐུན་པས་མི་ཀུན་བོན་ལ་དོགས་ཏེ། ལ་ལ་ནི་སྐུ་ལ་འཚེ་བར་དོགས། ལ་ལ་ནི་ཆབ་སྲིད་ཉམས་པར་དོགས། ལ་ལ་ནི་མི་ནད་ཕྱུགས་ནད་ཡོང་བར་དོགས། ལ་ལ་ནི་བཀྲེས་སྐོམ་མྱངས་བར་དོགས་པ་བཅས་བྱུང་ཚུལ་བསྟན་ཡོད།
༣ ༄། ཆོས་ཉིད་ཀྱི་ནང་དུ་བརྟགས་ན། ཆོས་ལས་བྱུང་བ་ནི་འཇིག་རྟེན་གྱི་ཁམས་སུ་མྱེད་པ་ན། སེམས་ཅན་གྱི་ཁམས་གྲངས་མེད་པ། སྐྱེ་བ་རྣམ་བཞིའི་ནང་དུ་སྐྱེ་ཞིང་འཁོར་བ་ལ་གཏོགས་སོ་ཅོག དང་པོའི་ཐོག་མ་མེད་པ་ནས། ཐ་མའི་མཐའ་མྱེད་པའི་བར་དུ། རང་གི་ལས་ཀྱིས་དེ་བཞིན་དུ་སྲིད་པ་ལས། ལུས་དང་ངག་དང་ཡིད་གསུམ་ནས་ལེགས་པར་སྤྱད་དོ་ཅོག་ནི་དགེ་བར་འགྱུར། ཉེས་པར་སྤྱད་དོ་ཅོག་ནི་སྡིག་པར་འགྱུར། ལེགས་ཉེས་མེད་པ་ནི་ལུང་དུ་མྱི་སྟོན་པར་འགྱུར། གཞན་ལ་ཕར་བྱས་པའི་འབྲས་བུ་ནི་བདག་ལ་སྨིནད་ཏེ། གནམ་གྱི་རིམ་པའི་ལྷར་སྐྱེ་བ་དང་། སའི་སྟེང་གི་མྱི་དང་། ལྷ་མ་ཡིན་དང་། ཡི་དྭགས་དང་།བྱོལ་སོང་དང་། སའི་འོག་གི་སེམས་ཅན་དམྱལ་བ་དང་། འདི་དྲུག་དུ་སྐྱེ་འོ་ཅོག་ཀྱང་རང་གི་ལས་ཀྱིས་འགྱུར་རོ། །འཇིག་རྟེན་ལས་འདས་ཏེ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་བ་དང་།བྱང་ཆུབ་སེམས་དཔའ་དང་། རང་བྱང་ཆུབ་དང་། ཉན་ཐོས་ཀྱི་ས་རིམ་པར་འགྲུབ་པ་ཀུན་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རང་གིས་བསགས་པ་ལས་འགྱུར་རོ་ཞེས་འབྱུང་ངོ་། །དགེ་བ་གང་ཞེ་ན་དགེ་བ་བཅུ་ལ་སྩོགས་པའོ། །མྱི་དགེ་བ་གང་ཞེ་ན། མི་དགེ་བ་བཅུ་ལ་སྩོགས་པའོ། །ལུང་དུ་མི་སྟོན་པ་གང་ཞེ་ན། སྤྱོད་ལམ་བཞི་ལ་བསྩོགས་པའོ། །འཇིག་རྟེན་ལས་འདས་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་གང་ཞེ་ན། དགེ་བཅུའི་སྟེང་དུ་བདེན་པ་བཞི་རྐྱེན་དང་འདུ་བ་ཚོགས་ཏེ་བྱུང་བའི་ཡན་ལག་བཅུ་གཉིས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཕ་རོལད་ཏུ་ཕྱིནད་པ་བཅུ་ལ་སྩོགས་པའོ། །དེའི་འབྲས་བུ་ནི་མི་འཇིགས་པ་བཞི[18]དང་། སོ་སོ་ཡང་དག་པར་ཤེས་པ་བཞི་དང་། སྟོབས་བཅུ[19]དང་། མ་འདྲེས་པའི་ཆོས་བཅོ་བརྒྱད[20]དང་། ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས[21]ལ་བསྩོགས་པར་འགྱུར་དུ། གཏན་ཚིགས་ཞིབ་ཏུ་ནི་ཆོས་ཀྱི་ཡི་གེའི་ནང་ན་མཆིས་སོ། །ཞེས་སངས་རྒྱས་ཆོས་ཉིད་ལ་ལེགས་པར་བརྟག་དགོས་ཤིང་། གལ་ཏེ་ཆོས་དེ་ཉིད་འཇིག་རྟེན་གྱི་ཁམས་སུ་མེད་གྱུར་ན། སེམས་ཅན་ཐམས་ཅད་སྐྱེ་གནས་བཞིའི[22]ནང་དུ་འཁོར་བ་ཡིན། དེ་ཡང་ཐོག་མ་མེད་པ་ནས་ཐ་མ་མཐའ་མེད་པའི་བར་དུ་རང་གི་ལས་ལ་བརྟེན་ནས་འབྲས་བུ་སྐྱེ་བར་ངེས་ཤིང་། ལུས་ངག་ཡིད་གསུམ་གྱིས་ལས་བཟང་པོ་བསྒྲུབས་པ་ཐམས་ཅད་དགེ་བར་གྱུར་བ་དང་། ལས་ངན་པ་བསགས་པ་ཐམས་ཅད་སྡིག་པར་གྱུར་བ་སྟེ། གཞན་ཕན་གྱི་ལས་ལ་བརྩོན་པའི་འབྲས་བུ་ཡང་རང་ལ་སྨིན་པར་གྱུར། དེ་བཞིན་ལྷ། མི། ལྷ་མ་ཡིན། དམྱལ་བ། ཡི་དྭགས་དང་དུད་འགྲོ་བཅས་འགྲོ་བ་རིགས་དྲུག་ཀྱང་ལས་ཀྱི་དབང་གིས་དེ་ལྟར་དུ་བྱུང་། འཁོར་བའི་ཉེས་སྐྱོན་ལས་གྲོལ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་དང་།རང་རྒྱལ། ཉན་ཐོས་བཅས་ཀྱི་རིམ་པ་ཀུན་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རང་གིས་བསགས་པ་ལས་བྱུང་བ་ཡིན། དགེ་བ་བཅུ་དང་མི་དགེ་བ་བཅུ། བདེན་པ་བཞི། རྟེན་འབྲེལ་བཅུ་གཉིས། བྱང་ཕྱོགས་སོ་བདུན། ཕར་ཕྱིན་བཅུ་སོགས་ཀྱི་འབྲས་བུར་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི། སྟོབས་བཅུ། མ་འདྲེས་པའི་ཆོས་བཅོ་བརྒྱད། ཐུགས་རྗེ་ཆེན་པོ་དང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་བྱུང་བ་ཡིན། གཏན་ཚིགས་ཞིབ་པ་ནི་ཆོས་ཀྱི་གཞུང་ན་མཆིས་སོ། །ཞེས་དུམ་བུ་འདིར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་ཁག་ཅིག་ངོ་སྤྲོད་གནང་ཡོད།
༤ ༄། ཆོས་ཀྱི་ནང་ནས་བྱུང་བ་འདི་རྣམས་རྗེས་བཅད་ན། ཁ་ཅིག་ནི་ལེགས་ནོངས་ཀྱིས་དམྱིགས་འཕྲལ་དུ་མངོན་པ་ཡང་མཆིས། ཁ་ཅིག་འཕྲལ་དུ་མི་མངོན་པ་ཡང་མངོན་པར་གདའ་བ་རྣམས་ཀྱི་ཚུལ་ལས་དཔགས་ན། ངེས་པར་གཟུང་དུ་རུང་བ་ཡང་མཆིས་ཏེ། མདོ་དེ་རྣམས་དང་སྦྱར་ན། ཆོས་འདི་གཏང་ངམ་མཛད་དམ་ཅི་རིགས་ཞེས། འབངས་སུ་མངའ་བ་རྒྱལ་ཕྲན་འ་ཞ་རྗེ་ལ་བསྩོགས་པ་དང་། ཕྱི་ནང་གི་བློན་པོ་རྣམས་ལ་བཀའས་རྨས། བཀའ་གྲོས་སུ་མཛད་ནས། གཅིག་ཏུ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལུང་ལ་བསྟེན། གཉིས་སུ་ན་ཡབ་མེས་ཀྱི་དཔེ་ལུགས་ལ་འཚལ། གསུམ་དུ་ན་དགེ་བའི་བཤེས་གཉེན་གྱི་མཐུས་བསྟངས་པ་དང་སྦྱར་ནས་མདོར་བརྟགས་ན། མྱི་དགེ་མ་ལེགས་པར་དོགས་པའི་རྣམས་ཀྱང་ད་ལྟར་མྱི་འགྱུར་གྱི་སྟེང་དུ། ཆེད་ཆེ་བར་བཀའ་གྲོས་མཛད་དོ། །དེ་ལ་མ་ལེགས་པར་ནི་ཇི་ལྟར་མྱི་འགྱུར་ཆེད་ནི་ཇི་ལྟར་ཆེ་ཞེ་ན། ཆོས་ཀྱི་མདོ་ནི་ལེགས་སུ་བགྱི་བས། བླ་ན་མེད་པའི་དོན་བསྒྲུབ་པ་ལགས་ཏེ། ལེགས་པའི་མཐའ་ནོངས་པར་མི་འགྱུར་གྱིས་གཅིག ཐམས་ཅད་ལ་ཡུན་དུ་དཔེན་པ་འདི་ལྟའོ། །ཚོད་དཔགས་ཙམ་གྱིས་དགོས་པ་གཞིག་ཏུ་མྱི་རུང་གིས་གཉིས། ཡབ་མེས་གདུང་རབས་དུ་མའི་བར་དུ་མཛད་ཀྱང་། མ་ལེགས་པ་མ་བྱུང་བ་དང་གསུམ་གྱིས་ད་ཡང་ནོངས་པར་མྱི་འགྱུར་ལ་ཆེད་ཆེའོ་ཞེས། མཛད་པར་བཀའ་གྲོས་བཏུལ་ཏེ་མཛད་ཏོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་ཆོས་མཛད་པ་ཡང་། གཅིག་ཏུ་ན་ཡོང་གིས་བཟང་ལ་གཅེས། གཉིས་ན་སྔོན་བཤིག་པའི་དཔེའ་བྱུང་བས་ཐུགས་ཡིད་དོགས་ཏེ་བརྟན་དུ་མི་གཞིག་པར་དབུ་སྙུང་བྲོ་མནའ་བོར་བ་ཡང་ཡི་གེའི་བྲིས་སོ། །ཕྱིནད་ཆད་ཀྱང་གདུང་རབས་གཅིག་ཅིང་། ཡི་དམ་མཛད་པ་དང་བློན་པོ་མན་ཅད་ཀྱང་བྲོ་སྩལ་བར་བགྱིས་སོ། །ཞེས་ཆོས་ཀྱི་གཞུང་དུ་བྱུང་བ་འདི་རྣམས་བཙན་པོས་བཀས་བཅད་ན། ཁ་ཅིག་ནི་ལས་བཟང་ངན་གྱི་འབྲས་བུ་གང་སྨིན་པ་ཤེས་ཐུབ་ཅིང་མངོན་པར་གྱུར། ཁ་ཅིག་ནི་དེའི་འབྲས་བུ་བཟང་ངན་འཕྲལ་དུ་མི་མངོན་ཞིང་། གལ་སྲིད་དེའི་དོན་ལ་བསམ་གཞིག་ནན་པོ་བྱས་ཚེ་ལས་འབྲས་བསླུ་བ་མེད་པ་ཤེས་ཐུབ། དེ་ཡང་ཆོས་ཀྱི་སྙིང་པོ་རྣམས་དང་སྦྱར་ནས། ཆོས་འདི་སྤེལ་ལམ་མི་སྤེལ་བའི་སྐོར་མངའ་འབངས་ཀྱི་རྒྱལ་ཕྲན་འ་ཞ་རྗེ་ལ་སོགས་པ་དང་། ཕྱི་ནང་གི་བློན་པོ་རྣམས་ལ་བཀའ་གྲོས་མཛད་ནས་མཐར་བཙན་པོས་བཀས་བཅད་དགོས་ཤིང་། གཅིག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལུང་ལ་བསྟེན་པ་དང་། གཉིས་ནས་ཡབ་མེས་རྣམས་ཀྱི་ཆོས་མཛད་ལུགས་དང་བསྟུན་དགོས་པ། གསུམ་ནས་དགེ་བའི་བཤེས་གཉེན་གྱི་དགོངས་པ་དང་སྦྱར་ནས་བསྐྱར་དུ་བརྟགས་ནས། མི་དགེ་མི་ལེགས་པར་དོགས་ནས་མི་འགྱུར་བ་རྣམས་བཀའ་གྲོས་ནན་པར་མཛད་དགོས་སོ། དེ་ལ་མི་ལེགས་པར་ནི་ཇི་ལྟར་མི་འགྱུར་ཆེད་ནི་ཇི་ལྟར་ཞེ་ན། ཆོས་ཀྱི་སྙིང་པོ་ལེགས་པར་སྤྱད་པས་བླ་ན་མེད་པའི་དོན་བསྒྲུབ་པར་ངེས་ཤིང་། ལེགས་པར་སྤྱད་པའི་མཐའ་མར་མི་ལེགས་པ་མི་འབྱུང་བ་གཅིག །དེས་ཐམས་ཅད་ལ་ནམ་ཡང་ཕན་པའོ། །རང་ཉིད་ཀྱི་ཚོད་དཔག་ཙམ་ལ་བརྟེན་ནས་ལེགས་ཉེས་དབྱེ་བ་མི་རིགས་པ་དང་གཉིས། ཡབ་མེས་གདུང་རབས་དུ་མའི་བར་དུ་ཆོས་མཛད་ཀྱང་མི་ལེགས་པ་མ་བྱུང་བ་དང་གསུམ་བཅས་ད་ཡང་ཉེས་པའི་བྱ་བ་ཡོང་མི་སྲིད་པས་དོན་གལ་ཆེ་དེ་རིགས་བཀའ་གྲོས་ལེགས་པར་མཛད་དེ་ཆོས་མཛད་དགོས། དེ་ལྟར་སངས་རྒྱས་ཀྱི་ཆོས་ལུགས་མཛད་པ་ཡང་། གཅིག་ནས་དགེ་བའི་ལས་ལ་གཅེས་འཛིན་དང་། གཉིས་ནས་སྔོན་ཆོས་བཤིག་པའི་དཔེ་བྱུང་བས་མི་རྣམས་ཀྱིས་ཐུགས་ཡིད་དོགས་པའང་ཡོད་པས། ད་ནས་ནམ་ཡང་འཐོར་བཤིག་མི་ཡོང་བར་དབུ་སྙུང་བྲོ་མནའ་བོར་བ་ཡི་གེར་བྲིས་པ་དང་། སླད་ཕྱིན་ཆད་ཀྱང་གདུང་རབས་གང་གི་རིང་ལ་ཡང་རྗེ་བློན་ཀུན་གྱིས་བྲོ་མནའ་བོར་དགོས་སོ། །ཞེས་དུམ་བུ་འདིར་བཀའ་གཙིགས་བཅས་དགོས་པའི་རྒྱུ་མཚན་དང་དགོས་པ་སོགས་བསྟན་ཡོད། །
ང་། བསམ་ཡས་བཀའ་གཙིགས་ཀྱི་ངོ་བོ་དང་ཁྱད་ཆོས།
བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་གནང་བའི་བསམ་ཡས་ཆོས་གཙིགས་དེ་ནི་རང་རེའི་བོད་ཀྱི་ལོ་རྒྱུས་ཐོག་སངས་རྒྱས་ཆོས་ལུགས་སྤེལ་ཕྱིར་གནང་བའི་བཀའ་གཙིགས་ཐོག་མ་དེ་ཡིན་ཞིང་། དེའི་ནང་སངས་རྒྱས་ཆོས་ལུགས་ཀྱི་ལས་འབྲས་བསླུ་བ་མེད་པའི་དགོངས་དོན་ནན་བཤད་དང་དེ་ཉིད་གོང་དུ་སྤེལ་དགོས་པ་བཅས་བསྟན་ཡོད་པ་དང་། གང་དེའི་མདོ་དོན་སྙིང་པོ་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ངོས་སུ་བརྐོས་པ་དང་། ཆོས་གཙིགས་ཀྱི་ནང་དོན་རྒྱས་པ་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་དུ་དྲངས་པའི་བཀའ་གཙིགས་རྣམ་གཉིས་ཡིན་ཅིང་། བསམ་ཡས་བཀའ་གཙིགས་རྡོ་རིང་གི་ཡི་གེའི་ནང་དོན་དང་བཀའ་གཙིགས་དང་པོའི་ནང་དོན་གཅིག་འདྲར་སྣང་བ་དང་། བཀའ་གཙིགས་དང་པོའི་རྒྱབ་སྣོན་ལྟ་བུར་བཀའ་གཙིགས་གཉིས་པ་གནང་ཞིང་།དེར་སྤུ་རྒྱལ་བཙན་པོའི་དུས་ཀྱི་བཀའ་གཙིགས་ཡི་གེའི་གྲུབ་ཆ་གཙོ་བོ་སྟེ་ཁ་བྱང་དང་། བཀའ་གཙིགས་གཏན་ལ་ཕབ་པའི་དུས་ཚོད། བཀའ་གཙིགས་གནང་བའི་རྒྱུ་རྐྱེན་ནམ་ལོ་རྒྱུས་ཀྱི་རྒྱབ་ལྗོངས། དངོས་གཞིའི་ནང་དོན། མནའ་རྟེན། དབུ་སྙུང་ལ་ཞུགས་མཁན་གྱི་ཁོངས་མི། ཉར་ཚགས་ཇི་ལྟར་བྱེད་ཚུལ། མཇུག་ཏུ་བཀའ་གཙིགས་འབྲི་མཁན་གྱི་མིང་བཅས་བརྒྱད་ཙམ་བཀོད་ཡོད། དེའི་སྐོར་ཁོ་བོས་བོད་ལྗོངས་ཞིབ་འཇུག༢༠༢༠ལོའི་དུས་དེབ་གཉིས་པའི་ཐོག་སྤེལ་བའི་སྤུ་རྒྱལ་བཙན་པོའི་དུས་ཀྱི་བཀའ་གཙིགས་ཡི་གེའི་འབྲི་སྟངས་དང་ཁྱད་ཆོས་སྐོར་ཅུང་ཟད་གླེང་བ་ཞེས་པར་གཟིགས་པར་འཚལ།
མདོར་ན་བོན་ལུགས་དེ་ཉིད་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཤིག་ཡིན་པས་སྐབས་དེར་དམངས་ཁྲོད་དུ་དར་ཁྱབ་ཆེ་བའམ་མང་ཚོགས་ཀྱི་རྨང་གཞི་བརྟན་པ་སོགས་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡར་སྔོན་དུ་སངས་རྒྱས་ཆོས་ལུགས་དེ་ཡང་བཙན་པོའི་ཕོ་བྲང་ནང་ཁུལ་དུ་དད་མོས་བྱེད་པ་ཙམ་ལས་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་མེད། དེ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་ཆོས་གཙིགས་བསྒྲགས་པ་ནས་བཟུང་སངས་རྒྱས་ཆོས་ལུགས་འདི་ཉིད་སྤུ་རྒྱལ་བཙན་པོའི་ཆོས་ལུགས་སུ་གཏན་འཁེལ་བྱས་པ་མ་ཟད། སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དང་ཇི་ལྟར་བསྟེན་དགོས་ཚུལ་སོགས་ལེགས་པར་བསྟན་ཏེ་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་ལམ་སྲོལ་ཞིག་ཀྱང་གསར་དུ་གཏོད།
གཞན་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ནས་བཟུང་བཙན་པོ་རིམ་བྱོན་གྱིས་སངས་རྒྱས་ཆོས་ལུགས་གངས་ཅན་ལྗོངས་སུ་སྤེལ་ཕྱིར་ཆོས་གཙིགས་མཛད་པར་མ་ཟད། དེ་དག་རྡོ་རིང་ངོས་སུ་བརྐོ་ཚུལ་དེ་དང་། སྤྱི་ལོའི་སྔོན་གྱི་ལོ༢༥༦ཡས་མས་སུ་དྷརྨ་ཨ་ཤོ་ཀའམ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱ་གར་ཡུལ་དུ་སངས་རྒྱས་ཆོས་ལུགས་སྤེལ་ཕྱིར་ཆོས་གཙིགས་བྲག་དང་རྡོ་རིང་གི་ངོས་སུ་བརྐོས་པ་གཉིས་དུས་སྔ་ཕྱི་དང་ལོ་རྒྱུས་རྒྱབ་ལྗོངས་སོགས་མི་འདྲ་ཡང་དེ་ལྟར་གནང་བའི་དགོས་པ་ནི་གཅིག་འདྲར་མཐོང་ངོ་། །
མཆན་འགྲེལ།
[1] ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། ཀློང་ཆེན་ཆོས་འབྱུང་། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཟླ༡༢པའི་པར་ཐེངས་དང་པོ། ཤོག་ངོས༢༦༠ནང་གསལ།
[2] ཁ་སྒང་བཀྲ་ཤིས་ཚེ་རིང་། བོད་ཀྱི་ཡིག་རྙིང་ཞིབ་འཇུག [C] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ༦པའི་པར་ཐེངས་དང་པོ།ཤོག་ངོས༥༡ནས༥༨བར་གསལ།
[3] བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་གཉིས་པ། བྲིས་མ། ལྡེབ་གྲངས་དྲུག་པའི་ཉིན་ངོས་ནང་གསལ།
[4] དབའས་གསལ་སྣང་། དབའ་བཞེད་བཞུགས་སོ། །[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ༦པའི་པར་ཐེངས་དང་པོ། ཤོག་ངོས༢༧ནང་གསལ།
[5] བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་གཉིས་པ། བྲིས་མ། ལྡེབ་གྲངས་དྲུག་པའི་ཉིན་ངོས་ནང་གསལ།
[6] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། (སྟོད་ཆ་) [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༡༡པའི་པར་ཐེངས་དང་པོ། ཤོག་ངོས༢༨༢ནང་གསལ།
[7] བསམ་ཡས་བཀའ་གཙིགས་རྡོ་རིང་ཡི་གེར་གསལ།
[8] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། (སྟོད་ཆ་) [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༡༡པའི་པར་ཐེངས་དང་པོ། ཤོག་ངོས༢༨༣དང༢༨༤ནང་གསལ།
[9] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན(སྟོད་ཆ་) [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༡༡པའི་པར་ཐེངས་དང་པོ། ཤོག་ངོས༡༣༩ནང་གསལ།
[10] ཏུན་ཧོང་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལས། ༄ །:།ཁྱ་ལོ་ལ་བབ་སྟེ།(ལྕགས་ཕོ་ཁྱི་སྟེ་སྤྱི་ལོ༧༡༠) བཙན་པོ:བལ་ པོ་ན:བཞུགས། པྱ་དྲོན་ན་བཞུགས། མཁྲས་ཕ་ཏང་དུ་འདུན་མ:བསྡུསྟེ:བཙན་མོ:ཁོང་ཅོ་གཤེགས:པའ་ཡོ་བྱད་བཀྲལ། ཞང་བཙན་ཏོ་རེ་ལྷས:བྱི་ན་ལས:སྩོགས་པས། གཉེ་པོས་བགྱི་སྟེ། བཙན་མོ:ཀམ་ཤང་ཁོང་ཅོ:ར་སའི་ཤ་ཙལ་དུ་གཤེགས། ཞེས་འཁོད་པ་དེ་ནི་ད་ཕན་ར་ས་ཞེས་འཁོད་པ་སྔ་ཤོས་དེ་ཡིན། བཀའ་གཙིགས་རྡོ་རིང་ཐོག་ར་ས་ཞེས་འཁོད་པའི་དཔྱད་གཞི་ཐོག་མ་ནི་བཀའ་གཙིགས་དེ་ཉིད་ཡིན་ནོ། །དེ་ཡང་ར་ས་ཞེས་པ་ནི་ལྷ་སའི་གནའ་མིང་ཡིན་ཞིང་། སྤྱི་ལོ༨༢༣ལོར་བཙུགས་པའི་ཐང་བོད་མནའ་འབྲེལ་རྡོ་རིང་ཐོག་ར་ས་ཞེས་པའི་ཐ་སྙད་དེ་ལྷ་ས་ཞེས་པར་ཐོག་མར་སྤོ་བསྒྱུར་བྱུང་ཚུལ་མངོན་གྱི་འདུག
[11] བྲག་དམར་གྱི་གཙུག་ལག་ཁང་ཞེས་པ་འདིར་བསམ་ཡས་གཙུག་ལག་ཁང་ལ་གོ་བ་སྟེ། བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་དང་པོའི་ནང་དུ་ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། རྒྱ་བཏགས་ར་མོ་ཆེའི་གཙུག་ལག་ཁང་དང་། བྲག་དམར་གྱི་བསམ་ཡས་ལྷུན་གྱིས་གྲུབ་ཀྱི་གཙུག་ལག་ཁང་དང་། ཁམས་གསུམ་མི་ལྡོག་སྒྲོལ་གྱི་གཙུག་ལག་ཁང་ལ་སྩོགས་ཞེས་འཁོད།
[12] ཤོག་བུ་ཁ་དོག་སྔོན་པོ་ལ་ཟེར།
[13] འདོད་ཁམས་དང་། གཟུགས་ཁམས། གཟུགས་མེད་ཁམས་བཅས་གསུམ་མོ། །
[14] ཁམས་གསུམ་ཟངས་ཁང་གླིང་གི་མིང་གི་རྣམ་གྲངས་ཡིན་ཞིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་བསམ་ཡས་གཙུག་ལག་ཁང་ལྟེ་བར་དཔེ་བྱས་ནས་བཞེངས་པ་སྟེ། བསམ་ཡས་གཙུག་ལག་ཁང་གི་ལྷོ་ཕྱོགས་ལྕགས་རིའི་ཕྱི་ལ་ཡོད་པ་དེ་ཡིན།
[15] འབྲོང་གཉེན་ལྡེའུ་ནས་རྩིས་པའི་རྒྱལ་རབས་བཞི་པ་བཙན་པོ་སྲོང་བཙན་སྒམ་པོ་དང་། ཡང་སྲོང་བཙན་སྒམ་པོ་ནས་བརྩིས་པའི་རྒྱལ་རབས་བཞི་པ་འདུས་སྲོང་མང་པོ་རྗེ་ཡིན་པས་གང་ལ་ངེས་མིན་ཆ་མི་འཚལ།
[16] པེ་ཧར་ཞེས་པ་ལེགས་སྦྱར་གྱི་སྐད་ཡིན་ཞིང་། བོད་སྐད་དུ་གཙུག་ལག་ཁང་ཞེས་བརྗོད།
[17] བོན་ལུགས་ལ་ཟེར།
[18] རྟོགས་པ་ཕུན་སུམ་ཚོགས་པ་ལ་མི་འཇིགས་པ། སྤངས་པ་ཕུན་སུམ་ཚོགས་པ་ལ་མི་འཇིགས་པ། བར་དུ་གཅོད་པའི་ཆོས་བསྟན་པ་ལ་མི་འཇིགས་པ། ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་སྟེ་བཞིའོ། །
[19] དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ་གནས་དང་གནས་མ་ཡིན་པ་མཁྱེན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ། མོས་པ་སྣ་ཚོགས་པ་མཁྱེན་པ། ཁམས་སྣ་ཚོགས་པ་མཁྱེན་པ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པ། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ། ཟག་པ་ཟད་པ་མཁྱེན་པ་བཅས་བཅུའོ། །
[20] དེ་ལ་སྤྱོད་པས་བསྡུས་པ་དྲུག་དང་། རྟོགས་པས་བསྡུས་པ་དྲུག མཛད་པས་བསྡུས་པ་གསུམ། དུས་ཀྱིས་བསྡུས་པ་གསུམ།
[21] ཐུགས་རྗེ་ཆེན་པོ་དང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཞེས་པའི་དོན་ཏེ་འདིར་ཡིག་ཚོགས་ཆེ་བས་ནང་གསེས་རྒྱས་པ་ཚིག་མཛོད་ཁག་ལས་ཤེས་པར་བྱའོ། །
[22] སྐྱེ་གནས་བཞི་སྟེ། མངལ་སྐྱེས་དང་། སྒོང་སྐྱེས། དྲོད་གཤེར་སྐྱེས། རྫུས་སྐྱེས་སོ། །
རྩོམ་ཁུངས། ༢༠༢༣ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།