logo

བཙན་པོའི་རྒྱལ་རབས་དུས་ཀྱི་ཆོས་གཙིགས་ཡི་གེའི་བརྡ་དོན་དཔྱད་འགྲེལ།

རྩོམ་པ་པོ།:ཕག་མོ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-02-11 ཀློག་གྲངས།:
       དེ་ཡང་བཙན་པོའི་རྒྱལ་རབས་སྐབས་སུ་ཡིག་ཚང་འདྲ་མིན་སྣ་ཚོགས་བྱུང་ཡོད་པའི་ཁྲོད། བཀའ་གཙིགས་ཀྱི་ཡི་གེ་ཞེས་བཙན་པོས་བཀས་བཅད་ཅིང་གཞུང་གིས་ཁྲིམས་ལྟར་བསྒྲགས་པའི་ཡིག་ཚང་གི་རིགས་ཤིག་ཡོད་ཅིང་། དེ་ལ་སྲིད་དོན་དང་འབྲེལ་བའི་བཀའ་གཙིགས་ཀྱི་ཡི་གེ་དང་ཆོས་ལུགས་དང་འབྲེལ་བའི་བཀའ་གཙིགས་ཀྱི་ཡི་གེ་རིགས་གཉིས་ཡོད་པ་ལས། འདིར་ཆོས་ཀྱི་དོན་ལ་གཙིགས་བཅས་པའི་ཡི་གེ་རིགས་དེའི་བརྡ་དོན་སྐོར་ལ་ཧ་ཅང་བསྡུས་པའི་སྒོ་ནས་དཔྱད་པ་རོབ་ཙམ་གཏོང་བར་བྱ།
དང་པོ། བཀའ་གཙིགས་ཀྱི་བྱུང་བ།
       བཀའ་གཙིགས་ཞེས་པ་ཐོག་མར་མི་སྣ་བྱས་རྗེས་ཅན་ལ་གཟེངས་སུ་བསྟོད་པའམ་བདག་རྐྱེན་སྩོལ་བའི་སྲོལ་ནས་རིམ་བཞིན་བྱུང་བ་ཞིག་ཡིན་ཞིང་། སྔོན་གྱི་ཡིག་ཚང་སྔ་ཤོས་དག་ཏུ་བཀོད་པ་ལྟར་ན། བཙན་པོའི་རྒྱལ་རབས་དུས་སྐབས་སུ་བློན་འབངས་རྣམས་ཀྱི་བྱས་རྗེས་ཆེ་ཆུང་ལ་དམིགས་ནས་དཔོན་གནས་དང་ཡིག་ཚང་སོགས་ཀྱི་བདག་རྐྱེན་སྩོལ་བའི་སྲོལ་ཡོད་ཅིང་། དེ་ནི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་རིང་ནས་བྱུང་ཟིན་པའི་དཔོན་གནས་བསྐོ་འཇོག་དང་དམིགས་བསལ་ཐོབ་ཐང་དང་འབྲེལ་བའི་ལམ་ལུགས་ཤིག་རེད། སྲོང་བཙན་སྒམ་པོའི་རིང་ལ་ལམ་ལུགས་དེ་དག་འཐུས་ཚང་ཅན་དང་ཚད་ལྡན་ཅན་དུ་བཏང་སྟེ། བློན་འབངས་བྱས་རྗེས་ཅན་གྱི་བདག་རྐྱེན་དུ་དཔོན་གནས་དང་ཡིག་ཚང་སོགས་སྩོལ་བའི་ལམ་ལུགས་ཅུང་ཟད་འཐུས་ཚང་བ་ཞིག་བྱུང་། རྒྱལ་བློན་འཁོར་གྱིས་དབུ་སྙུང་བྲོ་མནའ་བོར་བའི་སྲོལ་དེའི་ཡར་སྔོན་ཞིག་ནས་བོད་ལ་དར་ཡོད་ནའང་། བཙན་པོ་འདིའི་རིང་ད་གཟོད་ཡིག་ཐོག་ཏུ་བཀོད་པ་སྟེ“བཙན་པོས་དབུ་སྙུང་ཡང་གནང་ངོ། །དབའས་དབྱི་ཚབ་སྤུན་མཚན་བདུན་ཡང་བྲོ་སྩལ་ཏོ། །བཙན་པོས་བཀའ་སྩལད་པ། །དབྱི་ཚབ་གློ་བ་ཉེ་བས། །གུམ་ན་མཆད་པྱག་དར་དེ་བརྩིག་པར་གནང་། །རྟ་ནྀ་བརྒྱ་དགུམ་བར་གནང་། །བུ་ཚ་གང་རུང་པ་གཆིག །གསེར་གྱྀ་ཡི་གེ་མྱྀ་ཆད་པར་སྩལད་པར་བཀའ་བསྩལ་ཏོ། །སྤད་མཚན་བདུན་གྱྀས་གཏང་རག་ཆེན་པོ་བཏང་ངོ། །དབུ་སྙུང་གནང་བ་འི་གོར་མ་པྱག་དུ་འོན་པ་ནྀ། །རྒྱལ་འབྲིང་ལན་ཏོན་གྱིས་བླང་སྟེ་པྱག་དུ་གསོལ་ནས། གོར་མ་དཀར་པོ་དངོས་ནྀ། དབྱི་ཚབ་གྱི་མཆད་པ་འྀ་རྨང་དུ་བརྩིགསོ། །”ཞེས་བྱུང་བ་ལྟར་ལགས་ལ། འདི་ལས་མཐོང་ཐུབ་པ་ནི། བཙན་པོས་གཅིག་ནས་དབའས་དབྱི་ཚབ་གློ་བ་ཉེ་བའི་བདག་རྐྱེན་ལ་གུམ་ཚེ་བང་སོ་བརྩིགས་རྒྱུ་ཡིན་པར་མ་ཟད། རྟ་བརྒྱ་བང་སོའི་དུར་རྫས་སུ་གནང་རྒྱུའི་ཞལ་བཞེས་གནང་བ་དང་། གཉིས་ནས་ཁོའི་བུ་ཚ་གང་ཡང་རུང་བ་གཅིག་ལ་གསེར་གྱི་ཡིག་ཚང་རྒྱུན་མི་ཆད་པར་སྩོལ་རྒྱུར་ཁས་བླངས་ཤིང་། གསུམ་ནས་བཙན་པོ་དབྱི་ཚབ་སྤུན་ཚན་བདུན་དང་བཅས་རྡོ་བ་དཀར་པོ་ཕྱག་ཏུ་བཟུང་ནས་དབུ་སྙུང་གནང་བ་དེ་རེད། སྐབས་འདིར་བཀའ་གཙིགས་ཀྱི་ཡི་གེ་དངོས་སུ་བྱུང་ཡོད་མེད་ཅི་ཆ་ཡང་། བཀའ་གཙིགས་ཀྱི་རྣམ་པ་བྱུང་ཟིན་པ་ར་སྤྲད་ཡོད་ཅིང་། དེ་ནས་རིམ་པར་འཕེལ་ཏེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལ་ཐོན་དུས། བཀའ་གཙིགས་འདི་ལམ་ལུགས་ཤིག་ཏུ་དངོས་སུ་འཕེལ་རྒྱས་བྱུང་བའོ། །
གཉིས་པ། བཀའ་གཙིགས་ཡི་གེའི་བརྡ་འགྲེལ་དང་རིགས་དབྱེ།
       བཀའ་གཙིགས་ཞེས་པའི་བརྡ་ཆད་འདིར་གོ་བ་ཅི་ལྟར་ལེན་དགོས་པའི་ཐད། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས“དེ་སྔོན་བཙན་པོའི་རྒྱལ་རབས་ཀྱི་སྐབས་བཙན་པོའི་བཀའ་ཆེམས་དང་ཞལ་བཞེས་ཀྱི་མནའ་ཡིག་གཉིས་ཀར་བཀའ་གཙིགས་ཟེར།”ཞེས་འགྲེལ་ཡོད་ཅིང་། ཐུབ་བསྟན་ཕུན་ཚོགས་ཀྱིས«བོད་ཡིག་ཚིག་གཏེར་རྒྱ་མཚོར»ཡང་གོང་དང་གཅིག་མཚུངས་ཀྱི་འགྲེལ་བརྗོད་གནང་འདུགཔས། རིག་གཞུང་ལས་རིགས་སུ་བཀའ་གཙིགས་ནི་བཙན་པོའི་བཀའ་ཆེམས་ལྟ་བུ་ཞིག་ཏུ་ངོས་བཟུང་ཡོད་པ་གསལ། དེ་ལ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བཀའ་གཙིགས་ལ་རིགས་ཀྱང་གསུམ་དུ་དབྱེ་ཡོད་དེ། བཙན་པོའི་ཞལ་ཆེམས་ཟངས་ཀྱི་བྱང་བུར་བྲིས་ནས་བསམ་ཡས་མཆིམས་ཕུའི་བང་མཛོད་ཀྱི་ནང་དུ་སྦས་པ་ལྟ་བུ་རིགས་དང་པོ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་མྱང་ཏིང་ངེ་འཛིན་བཟང་པོ་ལ་གནང་པའི་ཞལ་བཞེས་ཀྱི་མནའ་ཡིག་དང་ཀོང་དཀར་མང་པོ་རྗེ་ལ་གནང་བའི་གཙིགས་ཀྱི་ཡི་གེ་ལྟ་བུ་རིགས་གཉིས་པ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་རྒྱལ་བློན་བཙུན་མོ་དང་བཅས་པས་དམ་པའི་ཆོས་དང་རྟེན་གསུམ་བཤིག་གཏོར་མི་བྱེད་པའི་མནའ་ཡིག་མཐིང་ཤོག་ངོས་སུ་གསེར་བྲིས་བྱས་ཏེ་བསམ་ཡས་གཙུག་ལག་ཁང་གི་དཀོར་མཛོད་དུ་བཞག་པའི་བཀའ་གཙིགས་དང་པོ་དང་གཉིས་པ་ལྟ་བུ་རིགས་གསུམ་པཞེས་དབྱེ་འདུག དོན་ལ། རིགས་དང་པོ་དང་གཉིས་པ་ནི་སྲིད་དོན་དང་འབྲེལ་བའི་བཙན་པོའི་ཞལ་ཆེམས་དང་མནའ་བྲོའི་སྐོར་གྱི་བཀའ་གཙིགས་སུ་གཏོགས་པ་དང་། རིགས་གསུམ་པ་ནི་ཆོས་ཀྱི་དོན་དུ་བཅས་པའི་བཀའ་གཙིགས་ཡིན་པས། བརྗོད་བྱ་དོན་གྱི་སྒོ་ནས་སྲིད་ཀྱི་བྱ་བ་གཙོ་བོར་བརྗོད་པའི་སྲིད་གཙིགས་དང་། ཆོས་ཀྱི་བྱ་བ་གཙོ་བོར་བརྗོད་པའི་ཆོས་གཙིགས་ཡི་གེ་གཉིས་སུ་དགར་ན་གོ་བདེ་སྙམ་མོ། །
གསུམ་པ། ཆོས་གཙིགས་ཡི་གེ་དང་དེའི་བརྡ་དོན།
       བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་རིང་ལ་རྒྱལ་བློན་བཙུན་མོ་དང་བཅས་པས་དམ་པའི་ཆོས་དང་རྟེན་གསུམ་ནམ་དུ་ཡང་མི་གཏང་མ་ཞིག་པར་བགྱི་བའི་མནའ་ཡིག་མཐིང་ཤོག་ཏུ་བྲིས་ཏེ་བསམ་ཡས་དཀོར་མཛོད་དུ་ཉར་བའི་ཆོས་ཀྱི་བཀའ་གཙིགས་ཁག་ཅིག ཕྱིས་དཔའ་བོ་གཙུག་ལག་ཕྲེང་བས«ཆོས་འབྱུང་མཁས་པའི་དགའ་སྟོན»དུ་ཞལ་བཤུས་ཆ་ཚང་གནང་པ་ནི་དེང་སང་བཙན་པོའི་རྒྱལ་རབས་དུས་ཀྱི་ཆོས་གཙིགས་ཡི་གེར་ཞིབ་འཇུག་བྱེད་པའི་རྒྱུ་ཆ་འགངས་ཆེན་གསུམ་ཡིན་ལ། ཕྱིས་སུ་དེ་འབྲེལ་གྱི་ནང་དོན་མཚོན་པའི་ཡིག་ཚང་གཞན་པ་ཁག་ཅིག་ཀྱང་ཏུན་ཧོང་ཡིག་རྙིང་དང་བོད་རང་སའི་རྡོ་ཡིག་དག་ལས་རིམ་པར་རྙེད་པ་ནི། ཆོས་ཀྱི་བཀའ་གཙིགས་ཞེས་པའི་ཡིག་ཚང་ཁྱད་པར་བ་འདིར་ཉམས་ཞིབ་བྱེད་པའི་ཁུངས་བཙུན་ཡིག་ཚང་ཡིན་ནོ། །
       བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་དང་རྒྱལ་སྡེ་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་གཉིས་ཀྱང་གོང་འཁོད་མནའ་འབྲེལ་ལམ་ལུགས་ལས་མ་འདས་པར། རྒྱལ་བློན་དག་གིས་ནང་བསྟན་ཆོས་ལུགས་མི་ཉམས་སྲུང་འཛིན་དང་དར་སྤེལ་བྱ་ཆེད་དུ་མནའ་སྐྱེལ་བྲོ་བོར་ཏེ་བཙུགས་པ་ཡིན་ཚུལ་བསམ་ཡས་རྡོ་རིང་ཡི་གེར“དའ:ཕྱིན:ཅད་། གདུང:རབས:རེ:རེ:ཞིང:ཡང: བཙན་པོ:ཡབ་སྲས:གྱིས:འདྀ་། བཞིན་ཡྀ:དམ:བཅའོ:། དེ་ལས:མནའ:ཁ:དབུད:པ:དག:གྱང:།”ཞེས་བྱུང་བ་ལྟར་དང་། ཡང་ལྷ་སའི་ར་མ་སྒང་དུ་ཡོད་པའི་རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེར“བཙན་པོ་ཡབ་སྲས། །རྗེ་བློན་ཀུན། ཀྱྀས་དབུ་སྙུང་དང་བྲོ་བོར་ཏེ། །གཙིགས་ཀྱྀ་ཡི་གེ་དང་རྡོ་རིངས་ལ་བྲིས་པ་བཞྀན་དུ་ཡང་མཛད་དོ། །”ཞེས་འཁོད་པ་བཞིན་ནོ། །
       བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མན་ཡིས་བསྒགས་པའི་བཀའ་གཙིགས་ཐེངས་གཉིས་མཛད་པ་དེ་དང་། ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ཆོས་མི་འཇིག་ཕྱིར་རྗེ་བློན་ཀུན་གྱིས་དབུ་སྙུང་བོར་ཏེ་བཀའ་གཙིགས་མཛད་པ་དེ་དག་ཡོད་ཚད་མནའ་འབྲེལ་ལམ་ལུགས་ཀྱི་ཐོན་དངོས་ཡིནཞིང་། རྒྱལ་བློན་ཀུན་གྱིས་སངས་རྒྱས་ཀྱི་ཆོས་མཛད་པ་གང་དེ་ནམ་ཡང་མི་གཏང་མ་ཞིག་པར་བགྱི་ཞིང་། ཡོ་བྱད་སྦྱར་བ་དག་ཀྱང་དེ་ལས་མི་དབྲི་མི་སྐྱུང་བར་གདུང་རབས་རེ་རེའི་རིང་བཙན་པོ་ཡབ་སྲས་དག་གིས་འདི་བཞིན་དུ་ཡི་དམ་བཅའ་དགོས་པར་གཙིགས་བཅས་པ་ཞིག་རེད། བཀའ་གཙིགས་ཡི་གེའི་མཇུག་ཏུ“གཙིགས་གྱྀ་ཡི་གེ་ཞྀབ་མོ་གཅྀག་ནི་གུད་ན་མཆྀས་སོ།”ཞེས་བྱུང་བ་ལས། ང་ཚོས་བཀའ་གཙིགས་ཡི་གེ་དེ་དག་སྐབས་དེར་རྡོ་རིང་ལྟ་བུར་མདོ་དོན་བསྡུས་མར་བྲིས་ནས་འཇོག་ཅིང་། གཙིགས་ཡིག་ཞིབ་མོ་ཤོག་དྲིལ་ཅན་ནི་གལ་ཆེ་ཆུང་གི་རིམ་པ་ལྟར་གཡུ་དང་ཕྲ་མེན་གསེར་སོགས་ཀྱི་སྒྲོམ་བུར་བཅུག་སྟེ་གཙུག་ལག་ཁང་དང་ཕྱག་སྦལ་དུ་ཉར་ཚགས་བྱེད་ཚུལ་དཔོག་ནུས། དེ་བཞིན་འོག་དཔེ་དག་ནི་ས་གནས་རིམ་པར་ཁྲིམས་ཡིག་གི་དོད་དུ་སྐྱེལ་བ་ཡིན་འདུག་ལ། ངེས་པར་བརྩི་སྲུང་བྱེད་དགོས་པའི་ཁྲིམས་ཡིན་ནོ། །
མཇུག་བསྡུ།
       གཙིགས་ནི་བཙན་པོའི་རྒྱལ་རབས་ཀྱི་དུས་དཀྱིལ་ཙམ་ནས་བཟུང་རྒྱལ་བློན་བར་དང་སྲིད་དབང་ཁག་བར་གྱི་མནའ་ཡིག་དང་རྡོ་རིང་ཡི་གེའི་ནང་མང་དུ་བྱུང་ཡོད་པས། སྐབས་དེའི་ཡིག་ཐོག་གི་ཚད་ལྡན་མིང་བརྡ་ཞིག་ཡིན་པ་ཤེས། དེ་བཞིན་ཆོས་གཙིགས་ལ་མཚོན་ན། དེའི་མདོ་དོན་དག་རྡོ་རིང་དུ་བཀོད་པ་ལས་ཆོས་གཙིགས་ཡི་གེའི་ཐོག་མའི་རྣམ་པ་བྱུང་ཞིང་། དེ་ལས་ཅུང་ཙམ་རྒྱས་པ་ནི་ཆོས་ཀྱི་བཀའ་གཙིགས་ཡི་གེ་ཞིབ་མོ་ཤོག་དྲིལ་ཅན་དག་ཡིན་ལ། དེ་ལས་འཕེལ་བ་ཕྱིས«དབའ་བཞེད»ལྟ་བུ་བྱུང་བ་དག་གོ །ཆོས་གཙིགས་ཡི་གེ་བཅའ་བའི་དགོས་པའང་། བཙན་པོ་རང་གི་འཁོར་དུ་གནས་པའི་བློན་འབངས་ཡོངས་དང་ལྷན་དུ་མནའ་འདོར་བའི་ཐབས་ཀྱིས་ནང་བསྟན་གྱི་འཕེལ་རྒྱས་ལ་ཁག་ཐེག་ཡོང་བར་བྱེད་ཅིང་། མཐོ་རིམ་མི་སྣའི་ཁེ་ཕན་ལ་སྲུང་སྐྱོབ་དང་ཁབ་སོར་ཡོད་པའི་འབངས་བན་སྐྱ་ཀུན་གྱི་བསམ་པའི་དགོས་མཁོ་སྐོང་ཆེད་རེད་ཅེས་བཤད་ན་འཐུས་པར་སྙམ་མོ། །

མཆན་དང་ཟུར་ལྟའི་དཔྱད་ཡིག
①⑤⑥ གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆ་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014:46.135.168.
②④ དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། [k] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2002:178.178.
ཐུབ་བསྟན་ཕུན་ཚོགས། བོད་ཡིག་ཚིག་གཏེར་རྒྱ་མཚོ། (སྟོད་ཆ།) [k] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012:218.
རྨེ་རུ་ཡུལ་ལྷ་ཐར། བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག [M] མི་རིགས་དཔེ་སྐྲུན་ཁང་། 2010:53.
བསོད་ནམས་སྐྱིད། བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བའི་ཁ་བྱང་། [M] མི་རིགས་དཔེ་སྐྲུན་ཁང་། 1984:123.
འབྲེལ་ཡོད་འོས་སྦྱོར།