logo

མཁན་ཆེན་པ་བྱང་ཆུབ་སེམས་དཔའ་བསོད་ནམས་གྲགས་པའི་རྣམ་ཐར།

རྩོམ་པ་པོ།:ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཡོང་ཁུངས།:དགེ་ལུགས་པའི་དྲ་བ། དུས་ཚོད།:2018-04-09 ཀློག་གྲངས།:
     མཁན་ཆེན་པ་བྱང་ཆུབ་སེམས་དཔའ་བསོད་ནམས་གྲགས་པ་ནི། ཆུ་མོ་བྱའི་ལོ་ལ་སྙེ་མོ་ཕུན་སུམ་དུ་སྐུ་འཁྲུངས། དེའི་ཚེ་རྒྱལ་སྲས་འདིའི་མེས་པོའི་རྨི་ལམ་དུ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པས་བརྒྱན་པའི་ཤིང་ལྗོན་པ་ཆེན་པོ་ཞིག་ལ་ཤིང་ལྗོན་པ་མང་པོས་བསྐོར་བ་ཞིག་བྱུང་བས། འོ་སྐོལ་གྱི་བུ་འདི་ལ་ཁྱིམ་བཟུང་ན་མི་ནོར་རྫས་གསུམ་འཛོམ་པ་ཞིག་དང༌། དམ་པའི་ཆོས་བྱས་ན་གྲྭ་བུ་སློབ་མཐའ་རྒྱས་པ་ཞིག་འོང་བ་འདྲ་ཟེར། བྱི ས་པའི་དུས་ནས་ཕྱག་ན་ཅི་ཡོད་གཞན་ལ་སྟེར་བ་དང༌། ཕན་སེམས་དང་སྙིང་རྗེ་ཆེ་བ་དང༌། རྩེད་མོ་ཚུན་ཆད་ལའང་ཆོས་ཀྱི་སྤྱོད་པ་བྱེད་པ་ཞིག་བྱུང་ངོ༌། །དེ་ནས་དགུང་ལོ་བཅོ་བརྒྱད་པའི་ཚེ། མཁན་པོ་དཀོན་མཆོག་སྐྱབས་དང༌། སློབ་དཔོན་གཞོན་ནུ་དར་ཞེས་བགྱི་བ་ལས་རབ་ཏུ་བྱུང༌། དགེ་ཚུལ་དུ་བསྒྲུབས་ཏེ་མཁན་སློབ་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་པའི་བསླབ་བྱ་རྣམས་ཚུལ་བཞིན་དུ་བསྲུང་པའི་སྒོ་ནས་ཐོས་བསམ་ལ་བརྩོན་པར་མཛད། དགུང་ལོ་བཅུ་དགུ་རུ་ཕེབས་པ་ལྕགས་ཡོས་ལོ་མངལ་བཤོལ་བརྩིས་པས་ཉི་ཤུར་བྱས་ཏེ་མཁན་ཆེན་བདེ་བ་དཔལ་དང༌། ལས་སློབ་མཁན་ཆེན་དཀའ་བཞི་པ་གྲགས་པ་གཞོན་ནུ་དང༌། གསང་སྟེ་བ་སློབ་དཔོན་གཞོན་ནུ་དར་གྱིས་མཛད་དེ་བསྙེན་པར་རྫོགས། ཇི་ལྟར་ཁས་བླངས་པའི་བསླབ་པ་རྣམས་ལས་མི་འདའ་བར་མཛད།
     དེ་ནས་མཁན་སློབ་གཉིས་ལ་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་དང༌། འདུལ་བའི་མདོ་བྱ་ཊཱིཀ་གི་བཤད་སྲོལ་དང་བཅས་པ་ལ་ལེགས་པར་སྦྱངས། གཞན་ཡང་མངོན་པ་ཀུན་ལས་བཏུས། སྤྱོད་འཇུག །གསང་སྔགས་ཕྱི་ནང་གི་སྒྲུབ་སྐོར་དང་མན་ངག་མང་དུ་གསན། མཁན་ཆེན་དཀའ་བཞི་པ་ལ་དགྱེར་སྒོམ་ཆེན་པོ་ནས་བརྒྱུད་པའི་ལམ་རིམ། བློ་སྦྱོང་དོན་བདུན་མ། ཇོ་བོའི་དབུ་མ་བདེན་ཆུང་དང༌། དབུ་མའི་མན་ངག སྒྲོལ་མ་མཎྜལ་བཞི་པ། སྒྲོལ་དཀར་གྱི་སྒྲུབ་ཐབས། མི་གཡོ་བའི་དམིགས་པ་སྐོར་གསུམ། མི་གཡོ་བའི་སྒྲུབ་ཡིག་ཆེན་མོ། དབུ་མ་ལུགས་ཀྱི་སེམས་བསྐྱེད་རྣམས་གསན། མཁན་ཆེན་དཀའ་བཞི་པ་ལ་རྒྱལ་སྲས་ལམ་འཇུག །བ་རི་བའི་སྒྲུབ་ཐབས་བརྒྱ་རྩ། སྨན་བླའི་ཆོ་ག་ལག་ལེན་དང་བཅས་པ། ཇོ་བོའི་ལོ་རྒྱུས་ཆེན་མོ། ལམ་རིམ། བློ་སྦྱོང༌། མི་གཡོ་བའི་སྒྲུབ་ཡིག་རྣམ་གསུམ། དམིགས་པ་སྐོར་གསུམ། རྟ་མགྲིན་ཤྭ་ན་བཞི་སྐོར། སྤྱན་སྔ་བའི་རབ་གནས། ལག་སོར་བ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་མན་ངག་དང་བཅས་པ། རིན་ཆེན་འབྲུ་དགུ་སོགས་ཁྲོ་ཕུ་བའི་མན་ངག་སྐོ ར། སྦྱོར་དྲུག་གི་ཁྲིད། དབུ་མའི་སྒོམ་རིམ་རྣམ་གསུམ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས། གནས་བརྟན་གྱི་གསོལ་འདེབས། ཇོ་བོའི་ལམ་སྒྲོན་རང་འགྲེལ་དང་བཅས་པ། གཞན་ཡང་ཆོས་སྐོར་མང་དུ་གསན་ཏེ་རྩ་བའི་བླ་མ་བཀའ་དྲིན་ཆེ་ཤོས་སུ་མཛད་དོ། །
     སློབ་དཔོན་གཞོན་ནུ་མཛེས་ལ་ཤེར་ཕྱིན་སྲས་ཡུམ་བཅུ་བདུན་དང༌། ས་སྡེ་ལྔ། ཁྲོ་ཕུ་བའི་མན་ངག་བརྒྱ་རྩ་སོགས་གསན། སློབ་དཔོན་བསོད་ནམས་ཡེ་ཤེས་ལ་ལུང་སྡེ་བཞི །མདོ་རྩ་འགྲེལ། དབུ་མ་ཚིག་གསལ། དབུ་མ་ལ་འཇུག་པ། དབུ་མ་རྒྱན། དབུ་མ་སྣང་བ། དབུ་མ་བདེན་གཉིས། བསླབ་སྤྱོད་གཉིས། ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཤ་ར་བ་ནས་བརྒྱུད་པའི་ལམ་སྒྲོན་གྱི་བཤད་པ། བེའུ་བུམ་སྔོ ན་པོ་དང༌། དེའི་འགྲེལ་པ་ཇོ་སྟན་གུར་པས་མཛད་པ། འཆད་ཁ་བའི་གྲུབ་མཐའ་ཆེན་མོ། སྣར་ཐང་པའི་ལམ་མཆོག །ཇོ་བོའི་རྣམ་ཐར་དང་བླ་མ་གོང་མ་རྣམས་ཀྱི་ལོ་རྒྱུས། སེམས་ཙམ་ལུགས་ཀྱི་སྨོན་འཇུག་སེམས་བསྐྱེད། སྐྱེ ས་བུ་གསུམ་གྱི་ཁྲིད། དབུ་མ་ཆེན་པོའི་ཁྲིད། བློ་སྦྱོང་དོན་བདུན་མ། ཚིག་བརྒྱད་མ། ཁམས་ལུང་པའི་ཐུན་བརྒྱད་མ། སྣར་ཐང་པའི་ལུགས་ཀྱི་རབ་གནས་དང༌། གནས་བརྟན་བཅུ་དྲུག་གི་སྒྲུབ་ཡིག་རྒྱས་པ། མངོན་རྟོགས་བརྒྱ་རྩ། བླ་མའི་དུས་མཆོད་སྒྲུབ་པའི་ཐབས། དོན་ཞགས་དེ་ཉིད་བཅུ་དྲུག །རྒྱུད་ཆུང་གི་ཊཱིཀྐ་མཆིམས་པས་མཛད་པ་སོགས་མང་དུ་གསན་ནོ། །བྱ་ཡུལ་བ་སངས་རྒྱས་ཇོ་བོ་ལ། བྱ་ཡུལ་བའི་ལུགས་ཀྱི་རབ་གནས་རྒྱས་བསྡུས། ཕྱག་བརྒྱད་སྒྲོལ་མ། དམ་ཚིག་གསུམ་བཀོད་ལྷ་ལྔ་མ་དང་ལྷ་གསུམ་མ། མཁན་ཆེན་ཤཱཀྱ་གཞོན་ནུ་ལ། ཇོ་བོའི་རྟ་མགྲིན་ཕྱག་དྲུག་པ་ལས་ཚོགས་དང་བཅས་པ། བླ་མ་གྲགས་པ་ཤེས་རབ་ལ། བདེ་མཆོག་ནག་པོ་བའི་ཆོ་ག་ཇོ་བོའི་ལུགས་དང༌། ལཱུ་ཧི་པའི་འགྲེལ་པ་ཇོ་བོས་མཛད་པ། ཀྱཻ་རྡོ་རྗེའི་དབང༌། མ་ཧཱ་མཱ་ཡའི་དཀྱིལ་ཆོག །སྒྲུབ་ཐབས་ཕྱག་ལེན་དང་བཅས་པ་ཇོ་བོའི་ལུགས། མཁན་པོ་ཆོས་ཀྱི་དཔལ་བ་ལ། ནག་ཚོའི་བསྟན་རིམ། ཇོ་བོའི་བྱང་ཆུབ་ལྟུང་བཤགས་འདོན་ཐབས། བླ་མ་ཀུན་དགའཚུལ་ཁྲིམས་ལ། ཐུགས་རྗེ་ཆེན་པོའི་དམར་ཁྲིད། ཇོ་བོ་ནས་བརྒྱུད་པའི་དོན་ཞགས་དང༌། བ་རི་བའི་དོན་ཞགས་ལྷ་ལྔའི་སྐོར་གསན་ཞིང༌། གཞན་ཡང་བླ་མ་དམ་པ་མངའ་རིས་པ་སངས་རྒྱས་ཡེ་ཤེས། བླ་མ་དྷརྨ་ཤྲཱི་བྷ་དྲ།དཔང་ལོ་བློ་གྲོས་བརྟན་པ། སློ བ་དཔོན་བསོད་ཤེ མཁན་ཆེན་རྒྱལ་མཚན་དཔལ། མཁན་པོ་ཐུབ་པ་མགོན། མཁན་པོ་གྲགས་པ་དཔལ། རོང་པ་ཤེས་རབ་སེང་གེ །འཇམ་དབྱངས་རིན་རྒྱལ། བླ་མ་བདག་ཉིད་ཆེན་པོ། །བླ་མཁྱེན་ཀུན་བློ། བླ་མ་མཁས་བཙུན་པ། བླ་མ་ཀུན་དགའ་རྒྱལ་མཚན། བླ་མ་དོན་ཡོད་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ། བླ་མ་ཀུན་དགའ་སེང་གེ །བླ་མ་ཀུན་བསོད་པ། དྲེའུ་ལྷས་པའི་མཁན་པོ་ཀྱོག་མོ་ཆེ། སློབ་དཔོན་རིན་ཆེན་བསམ་གྲུབ་ལ་སོགས་པ་ཡོངས་སུ་འཛིན་པ་སུམ་ཅུ་ཙམ་བསྟེན་ནས་མདོ་དང་སྔགས་ཀྱི་བཤད་ལུང་མན་ངག་མང་དུ་གསན་ནོ། །
     དེ་ལྟར་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ན་སྔོན་བྱོན་དམ་པའི་རྣམ་ཐར་ལྟར་མང་དུ་ཐོས་པའི་དོན་རང་གི་རྒྱུད་ལ་སྦྱར་ཏེ་ཉམས་ལེན་སྙིང་པོར་མཛད་བཞེད་ནས་མཁན་ཆེན་བདེ་བ་དཔལ་དང་མཁན་ཆེན་དཀའ་བཞི་པ་གཉིས་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་གྱི་མཐིལ་སྐྱེས་བུ་གསུམ་གྱི་ལམ་རིམ་དང༌། བྱང་ཆུབ་སེམས་སྦྱོང་གི་མན་ངག་རྣམས་ཚང་བར་ཞུས་ནས་བསྒོམས་པས། ཉམས་མྱོང་དང་དྲོད་རྟགས་ཕུལ་དུ་བྱུང་བ་ཐུགས་ལ་འཁྲུངས་ཏེ། བདེ་སྡུག་མཐོ་དམའ་ཅི་བྱུང་ཡང་ཐེག་པ་ཆེན་པོའི་བློ་སྦྱོང་གི་སྟེང་འབའ་ཞིག་ཏུ་འཇོག་པས་བྱང་ཆུབ་ཀྱི་སེམས་ལས་ནམ་ཡང་གཡེལ་བར་མི་མཛད་དོ། །གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་རྣམ་པའི་ཁྲིད། སྲིད་ཞི་མཉམ་ཉིད་ཀྱི་ཁྲིད། དབུ་མ་ཆེན་པོའི་ཁྲིད། རྟེན་འབྲེལ་གྱི་ཁྲིད་རྣམས་གསན་ཞིང་ཐུགས་ཉམས་སུ་བཞེས་པས་ཆོས་ཐམས་ཅད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་རྨི་ལམ་དང༌། སྒྱུ་མ་དང༌། ཆུ་ཟླ་ལྟ་བུར་ཐུགས་སུ་ཆུད་དེ་འོད་གསལ་ཆེན་པོའི་ཏིང་ངེ་འཛིན་ལས་ནམ་ཡང་མི་གཡོ་བར་བཞུགས་ཤིང༌། ཟབ་མོ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཀྱང་ཕུལ་དུ་བྱུང་བ་ལ་མངའ་བརྙེས་སོ། །མདོར་ན་བདག་ཉིད་ཆེན་པོ་འདི་ནི་ཕྱིའི་ཀུན་ཏུ་སྤྱོད་པ་དམ་པའི་ཆོས་འདུལ་བ་གཞིར་མཛད་དེ། ཁྲུས་དང་གཙང་སྦྲ་ལ་གནས་ནས།ཆོས་གོས་གསུམ་དང་གདིང་བ་ཆུ་ཚགས་འཁར་གསིལ་ལྷུང་བཟེད་ལ་སོགས་པའི་དགེ་སྦྱོང་གི་ཡོ་བྱད་རྣམས་དང་མི་འབྲལ་བར་གཞི་གསུམ་གྱི་ལག་ལེན་དང༌། ཐ་ན་རུང་ཆུ་ལ་སོགས་པ་རྣམས་ཀྱང་ཕྱག་ལེན་ཞིབ་པར་མཛད་དེ་འཕགས་པ་ཉེ་བར་འཁོར་དང་མཚུངས་པ་ཡིན་ནོ། །ནང་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དང་བཅས་པ་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པས། དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས་པ་ཡིན་ནོ། །
     དེ་ནས་དགུང་ལོ་ང་བཞི་པ་མེ་ཕོ་སྟག་གི་ལོ་ལ་ཚོགས་པ་ཆོས་ལུང་པའི་མཁན་སར་ཕེབས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ཚོགས་པ་བསྐྱངས་ཏེ། བསྡུ་བ་རྣམ་བཞིའི་སྒོ་ནས་འགྲོ་བའི་དོན་མཐའ་ཡས་པ་མཛད་དོ། །བུ་སློབ་ཀྱང་དཔལ་ལྡན་ས་སྐྱའི་བདག་པོ་བླ་ཆེན་ཀུན་བློ། བླ་མ་དོན་ཡོད་རྒྱལ་མཚན། དཔལ་ལྡན་བླ་མ། བླ་མ་ཀུན་དགའ་ལེགས་པའི་རྒྱ་མཚན། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། མཁྱེན་རབ་དབང་ཕྱུག་བུ་སྟོན་རིན་པོ་ཆེ། ཀུན་མཁྱེན་ཆེན་པོ་ལ་སོགས་པ་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་རྒྱ་ཧོར་དང་མདོ་སྟོད་སྨད་ཀྱི་མི་སྡིག་པ་ལ་སྤྱོད་པ་རྣམས་ཐབས་སྣ་ཚོགས་མཛད་དེ་དགེ་བ་ལ་སྦྱོར་བར་མཛད་པ་དང༌། ཁྱིམ་པ་རྣམས་ལ་བསྙེན་གནས་དང༌། དགེ་བསྙེན་ལ་སོགས་པའི་བསླབ་གཞི་ལེན་དུ་འཇུག་པ་སོགས་མདོར་ན་ཞལ་མཐོང་བ་དང་ཆོས་འབྲེལ་ཞུ་བ་དང༌། བྱིན་གྱིས་བརླབས་པ་སོགས་ཀྱི་སྒོ་ནས་སེམས་ཅན་ལ་ཕན་པ་ཤ་སྟག་མཛད་དོ། །དེའི་སྟོབས་ཀྱིས་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱང་དབང་དུ་འདུ་ཞིང་འཕྲིན་ལས་སྒྲུབ་པར་མཛད་པ་ཡིན་ནོ། །རྣམ་ཐོས་ཀྱི་བུས་བསྲུང་སྐྱོབ་དང་འཕྲིན་ལས་མཛད་པའི་རྟགས་མང་དུ་བྱུང་ཞིང༌། མཧཱ་ཀཱ་ལ་ལྕམ་དྲལ་གྱིས་ཀྱང་ཁང་པའི་ཐོག་རྡིབ་ནས་ཉེན་ཆེན་པོ་བྱུང་བའི་དུས་སུ་གདུང་མ་དང་ལྕམ་གྱི་སྣེ་ནས་བཏེག་པའི་ལོ་རྒྱུས་ཀྱང་ཡོད་ཅིང༌། བསམ་ཡས་སུ་ཕེབས་དུས་དགེ་བསྙེན་ཆེན་པོས་སྐོར་བ་བྱས་པ་མི་ཕམ་པས་ཀྱང་མཐོང་བ་དང༌། སྐྱིད་གྲོང་དུ་ཕེབས་དུས་ནད་རིམས་དྲག་པོ་དང་མུ་གེས་མི་རྣམས་ལ་སྡུག་བསྔལ་དུ་མ་འདུག་པ་ལ། རིན་པོ་ཆེ་བས་འཕགས་པ་ཝ་ཏི་ལ་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པས། ནད་རིམས་ཐམས་ཅད་རྒྱུན་ཆད་ཅིང༌། འབྲས་ཀྱི་ལས་སྒོ་རྡོལ་ནས་འབྲུ་ཤིན་ཏུ་མོད་པ་བྱུང་བ་སོགས་ཀྱི་ལོ་རྒྱུས་མང་པོ་དང༌། ཡང་ལན་ཅིག་སྟོད་ལུང་ལམ་བ་དགོན་པར་ཐུབ་པ་ཆུ་ཁོལ་མ་ལ་ཕྱག་མཆོད་ཕུལ་ཏེ། དྲི་བཟང་སྦྱར་པའི་ཆུ་སྟ་གོན་བྱས་ནས་སྐུ་ཁྱམས་སྟོད་དུ་སྤྱན་དྲངས་ཏེ་ཆུའི་ནང་དུ་བཞུགས་སུ་གསོལ་མ་ཐག་ཏུ་ཆུ་ཐམས་ཅད་མགར་གྱི་སོལ་མལ་དུ་བསྲེགས་པའི་ལྕགས་ཆུ་ནང་དུ་སྐྱུར་བ་བཞིན་དུ་ཆེར་ཁོལ་ཏེ་དབྱིབས་ཀྱང་ནོར་བུ་བརྩེགས་པའི་རྣམ་པ་ལྟ་བུ་བྱུང་བས། དེར་འཚོགས་པའི་མི་ཐམས་ཅད་དད་པ་རང་དབང་མེད་པར་སྐྱེས་ནས། སྟོན་པའི་སྐུ་དེ་དང་རིན་པོ་ཆེ་པ་གཉིས་ལ་བྱིན་རླབས་ཞུ་བ་མི་ཤོང་པ་ཙམ་བྱུང༌། ཐུབ་པའི་སྐུ་འདི་ལ་སྐུ་ཁྲུས་གསོལ་མི་ཇི་ཙམ་ཞིག་བྱུང་བ་ལ་ད་རེས་ལས་ཆུ་ཁོལ་ཆེ་བའི་གཏམ་མ་ཐོས། ང་ཡང་མི་སྐམ་ཐག་ཅིག་ཡིན་ཏེ། ཁྱེད་ཀྱི་ཞལ་མཇལ་མ་ཐག་དད་པ་རང་དབང་མེད་པར་སྐྱེ་བ་ཞིག་བྱུང་ཞེས་ལམ་དགོན་གྱི་སྤྱན་སྔས་ཞུས་པས། ཁྱེད་བཀའ་གདམས་ཀྱི་དགེ་བཤེས་བཟང་པོར་གདའ་བས། དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་ཆོས་ཤིག་འབུལ་ཞེས་ཐེག་པ་ཆེན་པོ་བློ་སྦྱོང་གི་གདམས་པ་ཟབ་མོ་ཞིག་གནང་ངོ༌། །དེ་ནས་དགུང་ལོ་བདུན་ཅུ་བཞེས་པའི་ཚེ། སྐུ་ཁམས་ཅུང་ཟད་ལྟེམས་པ་ཞིག་ལ་ཕྱག་གི་དངོས་པོ་ཐམས་ཅད་དགེ་འདུན་དང་དཀོན་མཆོག་གི་མཆོད་པར་བཏང་པས། སྐུ་ཁམས་ཀྱང་ལེགས་པར་དྭངས་ཏེ་བདེ་བར་བཞུགས་པའི་དུས་སུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་བསོད་ནམས་བཟང་པོ་ལ་གདན་ས་གཏད་དེ་ཐུགས་ལས་ཆུང་ངུར་བཞུགས་ཤིང༌། ད་ཕན་ཆད་ཤི་ཡང་བླ་བ་ཡིན། ང་རང་གིས་བསམས་པ་ཐམས་ཅད་འགྲུབ་གསུངས་སོ། །དེ་ནས་རང་ལོ་དོན་གསུམ་པ་ཤིང་མོ་བྱ་ལ་ཞི་བར་གཤེགས་སོ།།


འབྲེལ་ཡོད་འོས་སྦྱོར།