logo

བཅོམ་ལྡན་རིག་རལ་གྱི་རྣམ་ཐར་བཞུགས་སོ།།

རྩོམ་པ་པོ།:བཙུན་པ་བསམ་གཏན་བཟང་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-03 ཀློག་གྲངས།:
       རོང་ཡུལ་བ་དགོན་པའི་སློབ་དཔོན་ཇོ་གདན་ལ། དྭ་ཧ་སྐོར་གསུམ། དམ་པ་དྭ་ཧའི་འགྲེལ་པ། སློབ་དཔོན་ཐར་པའི་འབྱུང་གནས་སྦས་པས་མཛད་པ། ཁ་ཆེ་པཎ་ཆེན་ནས་ཀྱི་མེ་ཏོག་ཕྲེང་འཛིན་གྱི་སྒྲུབ་ཐབས། འཕོ་བ། བཀྲ་ཤིས་བརྒྱད་པའོ། །དྲང་པོ་ལུང་གི་སློབ་དཔོན་ཐུགས་རྗེ་རྒྱལ་མཚན་པ་ལ། དོན་ཞགས་དང་། བཅུ་གཅིག་ཞལ་གྱི་ཆོས་སྐོར་ཚང་བ་དང་། བ་རི་ལུགས་ཀྱི་རྣམ་རྒྱལ་དང་། རྣམ་རྒྱལ་ཤཱཀྱ་ཐུབ་མ་ལ་སོགས་པ་དང་ཇོ་བོའི་ཆོས་ཆུང་བརྒྱ་རྩའོ། །སློབ་དཔོན་འཕགས་པ་ལ་ཇོ་བོ་རྗེའི་ལུགས་ཀྱི་སྦྱོར་དྲུག་དང་། གཞན་ཡང་གདམས་ངག་ཅི་རིགས་པ་ཞུས་སོ། །ཉང་སྟོད་རྨ་བྱ་རས་ཆེན་ལ་བསྐྱེད་རིམ་ཇོ་མོ་ལྷན་སྐྱེས། རྫོགས་རིམ་རླུང་སེམས་དབྱེར་མེད། འཕོ་བ་ཐིག་ལེ་སྔོ་དམར་ཞེས་པ་ལ་སོགས་པའི་མན་ངག་ཟབ་པ་ཅི་རིགས་པ་དང་། དགྱེས་རྡོ་རྗེར་རྔོག་པའི་ལུགས་དང་། བདག་མེད་མའི་དབང་བཀའ་དང་། སྒྲུབ་ཐབས་དང་། དགྱེས་རྡོ་རྗེའི་སྒྲུབ་ཐབས་དང་། དཀྱིལ་ཆོག གཏུམ་མོའི་མན་ངག་ལ་སོགས་པ་ཞུས་སོ། །བྱ་ཡུལ་གྱི་དགེ་བའི་བཤེས་གཉེན་ཚེ་རིང་པོ་བ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་པའི་སྒྲུབ་ཐབས་ལ་སོགས་པ་གསན་ནོ། །དེ་རྣམས་ནི་བདག་གི་བློ་སྣང་བ་རྣམས་བྲིས་པ་ཡིན་ལ་གཞན་ཡང་དེར་མ་འདུས་པའི་བླ་མ་བསྟེན་པ་དང་། ཆོས་བཙལ་བའི་ཚུལ་དུ་མ་ཡོད་མོད་ཀྱི། བདག་གི་ངེས་པ་མ་རྙེད་པས་མོད་ལ་ཤས་ཆེར་འཛིན་པའི་བློ་ནི་སྒྲོ་སྐུར་གྱིས་ཡུལ་ཅན་དུ་དོགས་པས་མ་བྲིས་སོ། །གཞན་ཡང་བླ་མ་དམ་པ་རྣམས་ཀྱིས་བཟུང་ཞིང་ཐུགས་དམ་གྱིས་ལྷ་ཡིས་རྗེས་སུ་བཟུང་བའི་ཚུལ་མཐའ་ཡས་པ་ཡོད་མོད་ཀྱི་སྣར་ཐང་དུ་བཞུགས་དུས་སུ་ནག་པོ་ཚང་གི་ཤར་སྐྱའི་ཡི་གེ་ལ་གཟིགས་པའི་ཚེ་སངས་རྒྱས་སྒོམ་པ་བྱོན་ནས་དབུ་ལ་ཕྱག་གིས་བྱུགས་ཏེ་དབུས་པའི་བཙུན་ཆུང་མགོ་བོ་ཆེ་འདི་ལ་དུས་ཕྱིས་བསྟན་པ་ལ་ཕན་པ་ཅིག་འོང་བར་འདུག་གིས་གསུངས་པ་དང་། ཆོས་ཉན་འཕྲོ་ལ་གདོན་གྱིས་རྟོག་པ་བྱུང་ནས་སྤངས་རྩ་བ་ལ་བསྟན་པས་ལུང་མ་བྱུང་བ་དང་། སངས་རྒྱས་བསྒོམ་པའི་གསུང་གིས་འདི་ལ་ལུང་ཕོག་ལོ་སུམ་ཅུ་རྩ་གཉིས་ལོན་ནས་བསྟན་པའི་བྱ་བ་ཆེན་པོ་ནུས་པར་ཡོད་གསུང་བ་ལ་ཕོག་སྟེ་གྲོག་པོ་ཤར་གྱི་གད་ཕུག་ཏུ་བཞུགས་ནས་ཉིན་བར་ནན་ཏན་དང་། མཚན་མོ་བཟླས་པ་བྱས་ཏེ། གཏིང་ནས་གྲུ་པ་ལ་གཏན་པས་བོགས་ཆེན་པོ་བྱུང་ནས་འདུག་གསུངས་ནས་དམིགས་པ་ལེགས་པར་ཚུད་དེ། ཕྱག་ན་རྡོ་རྗེ་ལ་ནུས་པ་ཐོན་པ་དང་། ལྷ་སའི་སྟེང་གང་གི་མི་གཡོ་བ་དཀར་པོ་ལ་གསོལ་བ་བཏབ་ཅིང་བཟླས་པ་བྱས་པས་དག་སྣང་ཁྱད་པར་ཅན་བྱུང་བ་དང་། ཕྱིས་བཟླས་པ་དུང་ཕྱུར་ལྷག་ཙམ་བྱས་པས་མི་གཡོ་བ་པུས་མོ་དང་ཞབས་ཀྱི་མཐེ་བོང་ཉི་མའི་གདན་ལ་རེག་པ་ཞལ་གཟིགས་པ་དང་། སྔར་ཆུ་མིག་ཏུ་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་བཏབ་པས་བློ་སྣ་བསྟུང་དུས་བདེ་མོ་མི་ཡོང་ཟེར་བའི་སྣང་བ་བྱུང་བའི་རྗེས་སུ་ཧོར་བྱུང་ནས་མི་མང་པོ་བསད་པ་བྱུང་བ་དང་། གཞན་ཡང་སྐུ་གཟུགས་དང་གླེགས་བམ་གྱི་རབ་གནས་བྱས་པ་ལ་མེ་ཏོག་གི་ཕྲེང་བ་ཆགས་པ་མང་དུ་བྱུང་བ་ལ་སོགས་པ་མངོན་པར་རྟོགས་པའི་ཡོན་ཏན་རྒྱ་ཆེར་མངའ་བའི་རྒྱུ་མཚན་མང་དུ་ཡོད་མོད་ཀྱི། བླ་མ་ཉིད་ཀྱང་ཞིབ་པར་མི་གསུངས་ལ། བདག་གིས་ཀྱང་སྒྲོ་སྐུར་དུ་དོགས་པ་རྣམས་མ་བྲིས་སོ། །ངེས་པར་གསན་པའི་གཏན་ཚིགས་ཡོད་ཅིང་། གང་ལས་ཐོས་མ་ངེས་པ་ནི། བདེ་མཆོག་རྡོ་རྗེ་མཁའ་འགྲོ། ཨ་བྷི་དྷ་ན། ཧེ་རུ་ཀ་མངོན་བྱུང་། ར་ལོའི་རྒྱུད་རྣམས། ཕག་མོ་མངོན་འབྱུང་། མཁའ་འགྲོ་མ་བཞི་ཁ་སྦྱོར། སངས་རྒྱས་མཉམ་སྦྱོར། རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པའི་རྒྱུད། ཕྱག་ན་རྡོ་རྗེའི་སྦྱོར་དྲུག ཡེ་ཤེས་ཞབས་ཀྱི་སྦྱོར་དྲུག རྣམ་འཇོམས་ཤོལ་པོ་ལུགས། མན་ངག་ཆོས་སྐོར་དང་བཅས་པ། བྲམ་ཟེ་མཆོག་སྲེད་ཀྱིས་བྱས་པའི་མགོན་པོ་གྲི་གུག་གི་སྒྲུབ་ཐབས་གཉིས། ཕྱག་བཞི་པའི་སྐོར་རྒྱས་པ། རྟ་མགྲིན་དྲག་པོ་གསུམ་འདུལ། སློབ་དཔོན་དཔའ་བོའི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ། སྨན་དཔྱད་ཡན་ལག་བརྒྱད་པའི་ལེའུ་དང་པོ། ཇོ་བོ་དང་འདི་མི་འཁྲུགས་པ་རིགས་པ་གྲུབ་པའི་སྒྲོན་མེ། གཤིན་རྗེ་གཤེད་ནག་འཇིགས། སྤྲིང་ཡིག་བདུད་རྩིའི་ཐིག་ལེ། ཐམས་ཅད་མཁྱེན་པ་གྲུབ་པར་བསྟོད་པ། སྐུའི་ཕྱོགས་གཅིག་ལ་བསྟོད་པ། ལྗགས་ལ་བསྟོད་པ། ཚེམས་ལ་བསྟོད་པ། སྤེལ་མར་བསྟོད་པ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་རྩ་འགྲེལ། ཁྱད་པར་དུ་འཕགས་པའི་བསྟོད་པ་རྩ་འགྲེལ། ཕག་མོ་གྲུ་པའི་ཞི་བྱེད་རྨི་ལམ་མ། རྟ་དབྱངས་ཀྱི་དཀོན་མཆོག་གསུམ་གྱི་བསྟོད་པ། དུས་འཁོར་གྱི་རྩིས། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་གསན་པར་ངེས་ཤིང་ཕལ་ཆེ་བ་སྔར་གྱི་སློབ་དཔོན་དེ་དག་ལ་གསན་ཡང་གང་ལ་གསན་ཐེ་ཚོམ་ཅན་རྣམས་ནི་བྱེ་བྲག་ཏུ་མ་ཕྱེ་བར་བཞག་ཅིང་། བདག་གིས་མ་རྟོགས་པའི་བླ་མ་བསྟེན་པ་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་དཀའ་བས་བཙལ་བ་དང་ཟས་གོས་ལ་ཆེད་དུ་མ་བཟུང་ཞིང་ཚ་གྲང་བཀྲེས་སྐོམ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་ཆོས་ཀྱི་ཕྱིར་ཁྱད་པར་དུ་བསད་ནས། འཆད་ཉན་དང་སྒོམ་སྒྲུབ་ལ་སོགས་པ་བསྟན་པའི་བྱ་བ་བྱས་ཏེ། འཇིག་རྟེན་གྱི་བྱ་བ་ཐམས་ཅད་བཏང་ནས་འཆད་རྩོད་རྩོམ་གསུམ་དང་ཐུགས་དམ་ལ་བརྩོན་པར་མཛད་ཅིང་། གཞུང་ལུགས་ཆེན་པོ་ཕལ་བའི་རྣམ་བཤད་དང་། རང་གི་བཞེད་གཞུང་འཆད་པའི་བསྟན་བཅོས་རབ་ཏུ་མང་པོ་དང་། སྒྲུབ་ཐབས་དང་མན་ངག་གི་ཡི་གེ་ཡང་མཐའ་ཡས་པ་མཛད་པ་ལས་རགས་རིམ་སྨོས་ན། ཕ་རོལ་དུ་ཕྱིན་པའི་འགྲེལ་བཤད་མངོན་པར་རྟོགས་པའི་རྒྱན་གྱི་མེ་ཏོག་ལ་སོགས་པ་བྱམས་པའི་ཆོས་ལྔ་ཆར་གྱི་ཊཱི་ཀ་དང་། ཚད་མ་ཀུན་ལས་བཏུས་པའི་ཊཱི་ཀ་དང་། རྣམ་འགྲེལ་དང་། རྣམ་པར་ངེས་པ་རྒྱན་གྱི་མེ་ཏོག་ལ་སོགས་པ་རྟོག་གེ་སྡེ་བདུན་གྱི་ཊཱི་ཀ་དང་། ཆོས་མངོན་པ་ཀུན་ལས་བཏུས་པའི་ཊཱི་ཀ་དང་། མཛོད་ཀྱི་གནས་དང་པོའི་ཊཱི་ཀ་དང་། སྤྱོད་འཇུག་དང་བྱང་ཆུབ་ལམ་སྒྲོན་དང་། སྡོམ་པ་ཉི་ཤུ་པ་ལ་སོགས་པ་སྤྱོད་ཕྱོགས་ཀྱི་གཞུང་མང་པོའི་ཊཱི་ཀ་དང་། དགྱེས་པའི་རྡོ་རྗེ་རྒྱན་གྱི་མེ་ཏོག་དང་། གཞན་ཡང་མཁའ་འགྲོ་ཀུན་སྤྱོད་དང་། མཧཱ་མ་ཡ་དང་། འཇམ་དཔལ་ཞལ་ལུང་དང་། དྲག་པོ་གསུམ་འདུལ་དང་། དེའི་རྒྱུད་ཕྱི་མ་དང་། ངན་སོང་སྦྱོང་རྒྱུད་དང་། འཇམ་དཔལ་མཚན་བརྗོད་ལ་སོགས་པ་རྒྱུད་སྡེ་མང་པོའི་རྣམ་བཤད་དང་དབུ་མ་རྩ་བའི་ཤེས་རབ་དང་། བཞི་བརྒྱ་པ་ལ་སོགས་པ་དབུ་མའི་གཞུང་ལུགས་ཀྱི་རྣམ་བཤད་དང་། སྟོང་ཕྲག་བརྒྱ་པ་དང་། ཤེས་རབ་སྙིང་པོ་དང་། ཡི་གེ་གཅིག་མ་དང་། བརྒྱད་སྟོང་དོན་བསྡུ་དང་། སེམས་ཙམ་བརྒྱན་དང་། ཕྱི་རོལ་དོན་གྲུབ་དང་། གཞན་སེལ་དང་། དབང་ཕྱུག་རྟག་པ་དང་། རྡོ་རྗེ་རྣམ་འཇོམས་དང་། ཕྱག་འཚལ་ཉེར་གཅིག་པ་ལ་སོགས་པ་མང་པོའི་ཊཱི་ཀ་དང་། སྡེ་བདུན་རྒྱན་གྱི་མེ་ཏོག སྨྲ་བ་རྒྱན་གྱི་མེ་ཏོག བསླབ་གསུམ་རྒྱན་གྱི་མེ་ཏོག་དང་། དབུ་མ་རྒྱན་གྱི་མེ་ཏོག་དང་། སྐྱེས་རབས་རྒྱན་གྱི་མེ་ཏོག་དང་། འདུལ་བ་རྒྱན་གྱི་མེ་ཏོག་དང་། འདུལ་བ་ཀུན་ལས་བཏུས་པ་རྒྱན་གྱི་མེ་ཏོག་དང་། མདོ་སྡེ་ཀུན་ལས་བཏུས་པ་རྒྱན་གྱི་མེ་ཏོག་དང་། དཀོན་མཆོག་བརྩེགས་པ་རྒྱན་གྱི་མེ་ཏོག་དང་། བདེན་བཞི་རྒྱན་གྱི་མེ་ཏོག་དང་། ཚོགས་བརྒྱད་རྒྱན་གྱི་མེ་ཏོག་དང་། བསྐལ་པ་རྒྱན་གྱི་མེ་ཏོག་དང་། རྒྱུད་སྡེ་རྒྱན་གྱི་མེ་ཏོག་དང་། དཀྱིལ་འཁོར་རྒྱན་གྱི་མེ་ཏོག་དང་། སྦྱིན་སྲེག་རྒྱན་གྱི་མེ་ཏོག་དང་། ཚོགས་འཁོར་རྒྱན་གྱི་མེ་ཏོག་དང་། བསྔོ་བ་རྒྱན་གྱི་མེ་ཏོག་དང་། མི་འཁྲུགས་པའི་ཞིང་གི་བཀོད་པ་རྒྱན་གྱི་མེ་ཏོག་དང་། རྡོ་རྗེ་གདན་རྒྱན་གྱི་མེ་ཏོག་དང་། ལྟ་བའི་ཕྲེང་བ་རྒྱན་གྱི་མེ་ཏོག་དང་། གྲུབ་མཐའ་རྒྱན་གྱི་མེ་ཏོག་དང་། སེམས་བསྐྱེད་རྒྱན་གྱི་མེ་ཏོག་དང་། ལྔ་བསྡུས་དང་། གཟའ་ལྔ་རྒྱན་གྱི་མེ་ཏོག་དང་། སངས་རྒྱས་སྟོང་གི་མཆོད་པའི་ཆོ་ག་དང་། གཞན་ཡང་སྒྲུབ་ཐབས་དང་མན་ངག་ལ་ནི། ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་གཟུངས་དང་། རྡོ་རྗེ་མཁའ་འགྲོ་ནས་བཤད་པའི་གཟུངས་དང་། སྒྲུབ་ཐབས་ཆེན་མོ་ལྷ་དགུ་མ་དང་། འཁོར་ལོ་ཆེན་པོ་དང་། དེའི་དཀྱིལ་འཁོར་ཆོ་ག་དང་། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་དང་། རྟ་མགྲིན་ཇོ་བོའི་ལུགས་དང་། ཀླུ་དབང་རྒྱལ་པོ་དང་། སྨན་བླ་དང་། མགོན་པོ་གྲི་གུག་མ་དང་། འོད་ཟེར་ཅན་དང་། སེང་གེ་སྒྲ་དང་། གཙུག་ཏོར་དྲི་མེད་དང་། རྣམ་རྒྱལ་དང་། དོན་ཞགས་དང་། བཅུ་གཅིག་ཞལ་དང་། འཇམ་དཔལ་སྨྲ་སེང་དང་། གུར་གུམ་གཞོན་ནུ་དང་། ཕྱག་རྡོར་འགྲོ་བཟང་མ་དང་། རྣམ་སྲས་དང་། རྣམ་འཇོམས་ལ་སོགས་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་དང་། གསང་འདུས་ལྷ་བཅུ་གསུམ་མ་དང་། སངས་རྒྱས་སྟོང་དང་། སངས་རྒྱས་སུམ་ཅུ་རྩ་ལྔ་དང་། བྱམས་པ་དང་། ཤཱཀྱ་ཐུབ་པ་ལ་སོགས་དཔག་ཏུ་མེད་པའི་སྒྲུབ་ཐབས་དང་། བསྟོད་པ་དང་། མི་གཡོ་བ་ལ་སོགས་པ་ཐུགས་དམ་གྱི་ལྷ་དུ་མའི་མངོན་རྟོགས་དང་། བསྟོད་པ་ལ་སོགས་པའི་ཡི་གེ་མཛད་ཅིང་། མན་ངག་ལའང་ཆོས་དྲུག་རྒྱན་གྱི་མེ་ཏོག་དང་། ཕྱག་རྒྱ་ཆེན་པོ་རྒྱན་གྱི་མེ་ཏོག་དང་། སེམས་ཉིད་ངལ་གསོའི་ཆ་ལག་དང་། སྦྱོར་དྲུག་ལ་སོགས་པའི་གདམས་ངག་དུ་མ་ཡོད་མོད་ཀྱི་མཐའ་ཡས་པས་མཛད་ཡིག་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་ས་སྐྱ་ལོ་ཙ་བའི་གཤེགས་རྫོང་གི་ཆོས་འཁོར་ལ། བོ་དོང་རིན་པོ་ཆེ་འཁོར་མང་པོ་དང་བཅས་པའི་རྒོལ་བ་རྣམས་སུན་ཕྱུང་ནས། ཆུ་མིག་རིང་མོར་རྒྱལ་པོ་གོ་པེ་ལ་རྒྱལ་སར་ཐོན་པའི་ཆོས་འཁོར་དང་། འཇི་བི་གི་ཆོས་འཁོར་དང་། ཇིང་ཀྱིམ་གྱི་ཆོས་འཁོར་དང་། བླ་མ་ཆེན་པོ་འཕགས་པའི་གཤེགས་རྫོང་གི་ཆོས་འཁོར་དང་། ས་སྐྱར་སློབ་དཔོན་ཕྱག་ནའི་ཆོས་འཁོར་དང་། དཔོན་ཆེན་ཤཱཀྱ་བཟང་པོའི་གཤེགས་རྫོང་དང་། སློབ་དཔོན་དྷརྨ་པཱ་ལ་ར་ཏའི་ཆོས་འཁོར་ལ་སོགས་པ་དགེ་འདུན་འདུ་བ་ཆེན་པོ་ཐམས་ཅད་ཀྱི་ཚེའང་རྩོད་པའི་སེང་གེའི་ང་རོས་རྒོལ་བ་གླང་པོའི་དྲེགས་པ་ཐམས་ཅད་བཅོམ་སྟེ། ཡང་དག་པའི་རྟོག་གེ་ལ་ཐམས་ཅད་འདུན་པར་བྱས་ཤིང་། སྔར་དགུང་ལོ་སུམ་ཅུ་སོ་གཉིས་གསུམ་ནས་ཐང་པོ་ཆེ་དང་། ལྷག་རུ་ལ་སོགས་པར་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མ་བསྡུས་པ་དང་། མངོན་པ་མཛོད་ལ་སོགས་པའི་གཞུང་ལུགས་མང་དུ་གསུངས་ཤིང་། དགུང་ལོ་སོ་དྲུག་པའི་དུས་སུ་སྣར་ཐང་དུ་སློབ་དཔོན་གྱི་སྟོན་གྲགས་འབུམ་སྐུ་འདས་ནས་དེའི་གདན་ས་དང་། གཞན་ཡང་ཐེག་པ་ཆེ་ཆུང་གི་སྡེ་སྣོད་དང་། རྒྱུད་སྡེ་དང་། སྒྲ་ཚད་དང་། མན་ངག་ལ་སོགས་པའི་ཆོས་ཀྱི་ཚུལ་སྣ་ཚོགས་གསལ་བར་མཛད་པར་དགོངས་ནས། མཁན་ཆེན་ཐམས་ཅད་མཁྱེན་པ་དང་། ཉེ་གནས་ཆེན་པོ་ཆོས་ཀྱི་བྱང་ཆུབ་ཀྱི་གསུང་དང་བུ་སློབ་རྣམས་ཀྱིས་ཞུ་བ་བསྐུར་བ་ལ། དགེ་བའི་བཤེས་གཉེན་འཇམ་སྒེག་དང་། དགེ་བཤེས་འབུམ་མེ་དང་། འབྲི་སྒང་པ་གཞོན་རྡོར་རྣམས་ཀྱིས་སྤྱན་དྲངས་ཏེ། ཆུ་ཕོ་ཁྱིའི་ལོ་ལ་ཆགས་ཕབ་ནས་ཤིང་མོ་སྦྲུལ་གྱི་བར་དུ་ལོ་བཞི་བཅུ་ཞེ་བཞིར་དཔལ་ལྡན་སྣར་ཐང་གིས་གཙོ་བྱས་པའི་ཆོས་གཞིས་ཆུ་མིག་རིང་མོ་དང་། ཞ་ལུ་གསེར་ཁང་དང་། ཤབ་སྣ་རིང་དང་། ཐང་སྐྱ་དང་། གླས་རིང་ལ་སོགས་པར་ཡང་སྐབས་སུ་བྱོན་ནས་ཕ་རོལ་དུ་ཕྱིན་པ་དང་། མངོན་པ་ཀུན་ལས་བཏུས་དང་། ཚད་མ་རྣམ་ངེས་དང་བསྡུས་པ་ལ་སོགས་པ་དུས་བཞིར་རྒྱུན་མ་ཆད་པར་གསུངས་ཤིང་། གཞན་ཡང་སྡེ་སྣོད། རྒྱུད་སྡེ། སྒྲ་ཚད། མན་ངག་ལ་སོགས་པའི་ཆོས་ཀྱི་ཆར་ཕབ་ཅིང་། སློབ་མའི་ཚོགས་བསམ་གྱིས་མི་ཁྱབ་པ་སྨིན་པ་དང་གྲོལ་བར་མཛད་དེ། སྡེ་སྣོད་འཛིན་པ་སྟོང་ཕྲག་ལྷག་པ་ཐོན་ཅིང་། དགེ་བའི་བཤེས་གཉེན་འགྲོ་བའི་གསོས་སྨན་དུ་གྱུར་པའང་ལྔ་བརྒྱ་ལྷག་བྱུང་ངོ་། །དེ་ལྟར་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ནས་འདུས་བྱས་ཀྱི་མཚན་ཉིད་ལ་རྨོངས་པ་རྣམས་ལ་དེའི་ཚུལ་གསལ་བར་བྱ་བའི་ཕྱིར། དྲུང་ན་བཞུགས་པའི་ཞབས་ཐོག་བྱེད་པ་ཀུན་དང་། ཉེ་བ་ན་གནས་པའི་སྡེ་སྣོད་འཛིན་པ་དབུ་ཚད་པ་རིན་ཆེན་བཟང་པོ་དང་། དབུས་པ་བློ་གསལ་རྩོད་པའི་སེང་གེ་ལ་སོགས་པ་ལ་བོས་ནས། ཁ་བ་ཅན་གྱི་ཡུལ་འདིར་ལུང་རིགས་ལ་བློ་སྦྱངས་པ་དང་། རྟོག་གེའི་ཚུལ་སྨྲ་བ་མང་དུ་བྱུང་མོད་ཀྱི་ལོ་རྩ་བ་ཆེན་པོའི་ཤེས་རབ་ལ་འགྲན་པར་ནུས་པ་མེད་ཅིང་དེའི་གྲུབ་མཐའ་ལ་ནོར་བ་མེད་ཀྱང་དེའི་རྗེས་ནས་ནོར་བའི་གྲུབ་མཐའ་མང་དུ་བྱུང་བས་དེ་དག་གི་རྗེས་སུ་མ་འཇུག་པར། པཎ་ཆེན་སྦྱིན་པ་ཚུལ་ཁྲིམས་ཀྱི་རྗེས་སུ་འབྲང་པ་ལའང་གྲུབ་མཐའ་རྩིང་པོར་སྨྲ་བ་ཡོད་མོད་ཀྱི། གཞུང་གི་དགོངས་པ་ལ་སྒྲིག་པ་མང་པོའང་མེད་མོད། དེ་དག་དང་ཡང་མ་འདྲེས་པར་རང་ལུགས་ཀྱི་གྲུབ་མཐའ་རྣམ་པར་དག་པ་བཟུང་ལ་བསྟན་པའི་བྱ་བ་གྱིས་ཞེས་པ་ལ་སོགས་པ་ཞལ་ཆེམས་སུ་གསུངས་ནས་ཤིང་མོ་སྦྲུལ་གྱི་ལོ་དུས་འཁོར་ལུགས་ཀྱི་སྟོན་ཟླ་ར་བ། ཁྲུམ་གྱི་ཟླ་བའི་ཚེས་དགུའི་སྔ་དྲོ་ཉི་མ་ཤར་གཏིང་ལ་ཞི་བའི་དབྱིངས་སུ་གཤེགས་སོ། །ཚེས་བཅུ་གསུམ་གྱི་ཉིན་མོ་ཙན་དན་དང་ཨ་ཀ་རུ་ལས་བྱས་པའི་ཞུགས་ཤིང་དྲི་ཞིམ་པོ་དུ་མའི་ཞུགས་མེ་ཕུལ་བས་རྩ་རོ་རྐྱང་དབུ་མ་གསུམ་མེ་ལྷས་མ་གསོལ་བར་བྱིན་པ་དང་། སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱོན་པ་དང་། ནམ་མཁའ་ལ་འཇའི་གུར་ཕུབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་ཞིང་བུ་སློབ་ཕྱོགས་མཚམས་ནས་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་དུ་མ་འདུས་ནས་གསོལ་བ་བཏབ་སྟེ། སྐུ་གདུང་ཕལ་ཆེ་བ་ནི་མཆོད་རྟེན་བྱང་ཆུབ་ཆེན་པོ་རྒྱུ་སྨན་དང་དར་ཟབ་ལས་གྲུབ་ཅིང་ཁ་དོག་སེར་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་དང་། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་ནང་དུ་བཞུགས་ཤིང་། བུ་སློབ་དད་པ་ཅན་རྣམས་ཀྱིས་ཕྱོགས་མཚམས་སུ་ཅི་རིགས་པ་སྤྱན་དྲངས་ཏེ། སྐུ་གཟུགས་དུ་མ་བཞེངས་ནས་སྐུ་གདུང་གི་སྙིང་པོ་ཅན་དུ་བྱས་སོ། །དེ་ཉིད་ཀྱིས་མཛད་པའི་བསྟན་བཅོས་རྣམས་ཀྱང་མཁན་པོ་འདུལ་བ་འཛིན་པ་ཆེན་པོའི་བདག་རྐྱེན་ལ་བརྟེན་ནས་སྤྱིར་བསྡོམས་སྟེ་བཞེངས་ནས་སྣར་ཐང་གི་གཟིམ་ཁང་དུ་བཞུགས་པ་དང་། སོ་སོར་བཞེངས་ཏེ་ཡུལ་ཕྱོགས་ཐ་དད་པར་སྤྱན་དྲངས་ནས་བསྟན་པའི་སྙིང་པོར་བཞུགས་ནས་ཀྱང་ཡུན་དུ་བསྟན་པ་གསལ་བར་མཛད་པའི་སྒོ་ནས་དོན་ཆེན་པོར་གྱུར་ཏོ། །བུ་སློབ་སྡེ་སྣོད་འཛིན་པ་མཚན་མོའི་སྐར་ཚོགས་ཙམ་གྱིས་ཀྱང་ཉིད་ལས་ཐོབ་པའི་སྡེ་སྣོད་དང་། རྒྱུད་སྡེ་དང་། སྒྲ་ཚད། མན་ངག་རྣམས་ལ་བརྟེན་ནས་འཆད་པ་དང་། རྩོད་པ་དང་། རྩོམ་པ་དང་། སྒོམ་པའི་སྒོ་ནས་འཕྲིན་ལས་ཀྱི་རྒྱུན་གྱིས་བསྟན་པའི་བྱ་བ་ཆེར་གྲུབ་པ་དང་། འགྲུབ་པར་འགྱུར་རོ། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ། ཐོག་མེད་དུས་ནས་སྦྱངས་པ་མཐར་སོན་ཅིང་། །དམ་པས་ལུང་བསྟན་ཡུལ་དབུས་སའི་མཐིལ། །མཁས་པའི་འབྱུང་གནས་ཡར་ལུང་ཕུ་ཐང་དུ། །བལྟམས་པའི་མཛད་པ་བསྟན་ལ་ཕྱག་འཚལ་ལོ། །གཞོན་ནུའི་དུས་ན་ལེགས་སྤྱད་གོམས་པའི་མཐུས། །དཀར་ནག་ལས་ལ་བླང་དོར་ངང་གིས་མཛད། །རྣམ་བཅུའི་སྤྱོད་ལ་བརྩེ་བའི་ཚུལ་མཛད་པས། །མ་གོས་དྲི་མ་སྤངས་ལ་ཕྱག་འཚལ་ལོ། །འཁོར་བའི་ཆོས་རྣམས་མི་གཙང་ལྟར་གཟིགས་ནས། །བཅུ་གཉིས་ལོ་ལ་བྱ་གྲི་གནས་གསལ་དུ། །བསྟན་པའི་རྒྱལ་མཚན་དར་ཕྱིར་ཤཱཀྱའི། །སེང་གེའི་བསྟན་ལ་ཞུགས་ལ་ཕྱག་འཚལ་ལོ། །ལོ་པཎ་མཁས་གྲུབ་ལུང་རྟོགས་ལྡན་པ་ཡིད། །འདྲེན་པ་བཅུ་ཕྲག་གསུམ་ལ་གུས་བསྟེན་ཅིང་། །སྒྲ་ཚད་ལུང་རིགས་མན་ངག་ཀུན་སྦྱངས་པས། །གནས་ལྔ་མཐར་ཕྱིན་གྱུར་ལ་ཕྱག་འཚལ་ལོ། །མཁས་མཆོག་གྱུར་ནས་དགའ་སྡོང་གཙུག་ལག་ཏུ། །ཉི་མ་ནམ་མཁའ་གྲགས་པའི་ཞབས་དྲུང་དུ། །མངོན་དུ་གྱུར་པ་བཅུ་ཡི་རྒྱུ་ཚོགས་ལས། །རྣམ་དག་བསྙེན་པར་རྫོགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པའི་ཏིང་འཛིན་གསལ་ལྡན་པས། །ཀླུ་སོགས་གདོན་བགེགས་འདུལ་བའི་མཐུ་ལྡན་ཞིང་། །སྒྲོལ་མ་མི་གཡོ་མགོན་གྱི་རྗེས་བཟུང་བས། །གྲུབ་མཆོག་ཁྱད་པར་ཅན་ལ་ཕྱག་འཚལ་ལོ། །ཀླུ་སྒྲུབ་ཐོགས་མེད་ཞབས་དང་ཞི་བའི་ལྷ། །འཇིག་མེད་འབྱུང་གནས་སྦས་པའི་ཤིང་རྟའི་སྲོལ། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །འགྲོ་དོན་སྐྱོ་མེད་མཛད་ལ་ཕྱག་འཚལ་ལོ། །པཎ་ཆེན་དཱ་ན་ཤཱི་ལ་ཆོས་རྗེ་ཆག །གྲུབ་ཆེན་རྡོ་རྗེ་སེང་གེ་ཨ་མོ་གྷ། །རྣམ་དག་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་དུ། །དབང་བསྐུར་བྱིན་གྱིས་བརླབས་ལ་ཕྱག་འཚལ་ལོ། །སུམ་ཅུའི་ལོ་ལ་ས་སྐྱ་པཎྜི་ཏའི། །ཆོས་འཁོར་མཁས་པའི་ཚོགས་ཀྱིས་བསྐོར་བའི་ཚེ། །བོ་དོང་རིན་ཆེན་འཁོར་མང་བཅས་ལ་སོགས། །ཀུན་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །སོ་གཉིས་ལོ་ནས་ཐང་ཆེན་ལྷག་རུ་སོགས། །སྡེ་ཆེན་རྒྱ་མཚོའི་འདྲེན་པར་གྱུར་ནས་ནི། །ཕ་རོལ་ཕྱིན་གཞུང་མཛོད་དང་བསྡུས་པ་ཡིས། །འཁོར་ལོ་ཐོག་མར་བསྐོར་ལ་ཕྱག་འཚལ་ལོ། །སོ་དྲུག་ཆུ་ཕོ་ཁྱི་ཡི་སྟོན་ཀ་ནས། །དོན་དགུ་ཤིང་མོ་སྦྲུལ་གྱི་སྟོན་སེར་བར། །དམ་པས་བསྔགས་པས་གདན་ས་སྣར་ཐང་དུ། །ཐོག་མཐའ་བར་གསུམ་དགེ་བའི་འཁོར་ལོ་ཡི། །དྲི་མེད་ཆོས་ཆར་ཕབ་ལ་ཕྱག་འཚལ་ལོ། །རྒྱ་གར་རྒྱ་ནག་ཁ་ཆེ་བལ་བོད་དང་། །སིང་གྷ་གླིང་དང་ཟངས་གླིང་ཨུ་རྒྱན་དང་། །མི་ཉག་ཡུ་གུར་ལ་སོགས་དཀར་པོའི་ཡུལ། །ཀུན་གྱི་ཚད་མར་བཀུར་ལ་ཕྱག་འཚལ་ལོ། །མི་དབང་སྲས་དང་འདྲེན་པར་བཅས་པ་ཡི། །ཁྲིམས་ལྡན་འབུམ་དང་མཁས་པ་ཁྲི་ཕྲག་ལ། །ཆོས་འཁོར་བསྐོར་ཚེ་རྒོལ་བ་གླང་པོའི་ཚོགས། །སེང་གེའི་ང་རོས་བཅོམ་ལ་ཕྱག་འཚལ་ལོ། །རྒྱལ་བའི་བཀའ་དང་མཁས་པའི་བསྟན་བཅོས་དང་། །དམ་པའི་གསུང་གི་གདམས་ངག་ཟབ་མོའི་དོན། །སྡེབ་ལེགས་ཚིག་གིས་རྣམ་པར་འབྱེད་ལ་མཁས། །རྩོམ་པའི་མཆོག་ཏུ་གྱུར་ལ་ཕྱག་འཚལ་ལོ། །མི་དབང་དགེ་བའི་བཤེས་དང་སྡེ་ཆེན་བདག །འབྱོར་ལྡན་སྐྱེ་བོས་ཐོད་བཞིན་བཀུར་གྱུར་ཀྱང་། །ཆོས་འདོད་ཟང་ཟིང་མེད་ལ་མི་བརྙས་པ། །ཐུགས་རྗེ་ཀུན་ལ་སྙོམས་ལ་ཕྱག་འཚལ་ལོ། །ཚེ་འདིའི་འདོད་ཡོན་རྙེད་དང་བཀུར་སྟི་དང་། །འཁོར་དང་ལོངས་སྤྱོད་སྤྲིན་ལྟར་འདུས་གྱུར་ཀྱང་། །ཁེངས་དྲེགས་འདོད་པའི་འདམ་གྱིས་མ་གོས་པར། །འཇིག་རྟེན་འདུ་འཛི་སྤངས་ལ་ཕྱག་འཚལ་ལོ། །སྐུ་ནས་བྱོན་དང་བསྙུན་གྱི་ཟིན་ཚེའང་། །དབང་པོ་གསལ་ཞིང་བརྩོན་པའི་ཤུགས་དྲག་པས། །འཆད་རྩོད་རྩོམ་དང་སྒྲུབ་ལ་གཡེལ་མེད་པའི། །མཐུ་སྟོབས་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །འདའ་བའི་སྔོན་དུ་འཁོར་གྱི་མཁས་ཚོགས་ལ། །ལོག་ལྟའི་དྲི་མ་བློ་གྲོས་མ་སྤངས་པར། །རྣམ་དག་གྲུབ་མཐའི་བསྟན་པ་ཟུངས་ཤིག་ཅེས། །བརྩེ་བས་གསུངས་ཆེམས་བཞག་ལ་ཕྱག་འཚལ་ལོ། །ཤིང་མོ་སྦྲུལ་གྱི་ཁྲུམ་ཟླའི་ཚེས་དགུ་ལ། །བསྟན་པ་རྒྱས་བྱེད་བཅོམ་ལྡན་པད་མོའི་གཉེན། །མི་རྟག་སྒྲ་གཅན་འཛིན་གྱིས་ཟིན་པར་གྱུར། །ལྟ་ངན་མུན་པའི་དམག་གིས་ཕྱོགས་བཅུར་ཁྱབ། །ཀྱེ་མ་ཀྱི་ཧུད་ཆོས་ཀྱི་སྒྲོན་མེ་མནལ། །ཀྱེ་མ་ཀྱི་ཧུད་ཕན་བདེའི་ལྗོན་ཤིང་སྐམ། །ཀྱེ་མ་ཀྱེ་ཧུད་ལེགས་བཤད་ཆར་པ་ཆད། །ཀྱེ་མ་ཀྱི་ཧུད་མཁས་པའི་གཙུག་རྒྱན་སྟོར། །ཐུབ་པའི་སྐུ་ཚེར་གཅིག་གིས་མ་ཆོག་པས། །སྐུ་ཡི་གདུལ་བྱ་རྫོགས་ནས་བདག་ཅག་དོར། །གདུང་བའི་ཡིད་ཀྱིས་ཕྱོགས་བཅུར་བཙལ་བྱས་ཀྱང་། །མཐུན་པའི་དཔེ་ཡང་རྙེད་པར་མ་གྱུར་ཏོ། །ཀྱེ་མ་མཁས་མཆོག་ཞི་བའི་ཚུལ་བསྟན་པས། །ད་ནི་གྲུབ་མཐའ་ངན་པའི་ཚང་ཚིང་འཁྲིགས། །ལོག་པའི་བཤེས་གཉེན་དྲེགས་པའི་ང་རོ་འབྱིན། །རྒྱལ་བའི་གསུང་གི་དགོངས་པ་གང་ནས་བཙལ། །སྙིགས་མའི་སྐྱེ་བོ་རིགས་ལམ་མི་འཇུག་ཅིང་། །བསགས་པའི་དྲིན་བརྒྱ་ཚིག་ངོར་འདོར་བའི་ཚེ། །བཅོམ་ལྡན་རིགས་པའི་དབང་ཕྱུག་མི་བཞུགས་ན། །ལེགས་པའི་ལམ་ཉིད་གང་ནས་བཙལ་བར་བྱ། །བཤེས་གཉེན་ཆོས་མིན་བྱ་བས་བྲེལ་གྱུར་ཅིང་། །དགེ་སྦྱོང་འདོད་པའི་འདམ་དུ་བྱིང་བ་རྣམས། །སྐྱབས་མཆོག་དཔའ་བོ་ཁྱོད་ཀྱིས་མ་བཟུང་ན། །བདེ་འགྲོའི་ལམ་ལ་གང་གིས་འདྲེན་པར་གྱུར། །སྡེ་སྣོད་སྨྲ་རྣམས་རྙེད་དང་བཀུར་སྟིས་བཅིངས། །གྲགས་འདོད་བདག་བསྟོད་ཕ་རོལ་དམོད་པ་རྣམས། །བློ་གྲོས་ཆེན་པོའི་རྣམ་ཐར་མ་མཐོང་ན། །ཆོས་ལྟར་བཅོས་པའི་དྲི་མ་གང་གིས་སེལ། །གུས་པས་ཕྱག་འཚལ་ཀུན་བཟང་མཆོད་ཚོགས་འབུལ། །མ་ལུས་སྡིག་བཤགས་དགེ་ལ་རྗེས་ཡིད་རང་། །འཁོར་ལོ་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །དུས་གསུམ་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །མཁས་མཆོག་བླ་མ་རྣམས་དང་ཡི་དམ་ལྷ། །དུས་གསུམ་བདེ་གཤེགས་སྲས་བཅས་བྱིན་རླབས་ཀྱིས། །འགྲོ་བའི་གསོས་སྨན་ཐུབ་བསྟན་པད་མོའི་ཚལ། །རིང་ནས་ཕྱོགས་བཅུར་རྒྱས་པར་བྱིན་གྱིས་རློབས། །ཆོས་ཀྱི་གཞིར་གྱུར་བསྟན་རྩ་གཙུག་ལག་ཁང་། །རྟེན་གསུམ་ཀུན་བཟང་མཆོད་སྤྲིན་གྱིས་སྤྲས་ཏེ། །དགེ་འདུན་བདུད་ཀྱིས་དབྱེ་བར་མི་ནུས་ཤིང་། །ཆོས་སྤྱོད་བཅུ་ཡིས་རྒྱས་པར་བྱིན་གྱིས་རློབས། །དཀར་པོའི་ལྷ་རྣམས་དུས་སུ་ཆར་འབེབས་ཤིང་། །ས་གཞི་ལོ་ཐོག་དྲི་ཡིས་ཁྱབ་གྱུར་ནས། །ནད་དང་འཐབ་རྩོད་མེད་ཅིང་འབྲུ་འཕེལ་བས། །སྐྱེ་དགུ་ཐམས་ཅད་བདེ་བར་བྱིན་གྱིས་རློབས། །བསྟན་པའི་རྩ་ལག་དམ་པའི་སྐྱེ་བོ་རྣམས། །འགྲོ་ལ་ཕན་བདེའི་བསམ་སྦྱོར་མི་འཁྲུག་ཅིང་། །བདུད་དང་བགེགས་ཀྱིས་བར་ཆད་མི་ནུས་པ། །སྐུ་ཚེ་ཡུན་དུ་བརྟན་པར་བྱིན་གྱིས་རློབས། །བདག་ཀྱང་ཁྱེད་ཀྱི་བསྟན་པ་རྗེས་བཟུངས་ཏེ། །གསུང་རབ་ནོར་བུ་སྤྱི་བོས་ལེན་པ་ལ། །ལས་དང་ལོག་འདྲེན་གཏུམ་པོས་མི་གནོད་པར། །དོན་གཉིས་མཐར་ཕྱིན་འགྱུར་བར་བྱིན་གྱིས་རློབས། །ལེགས་ཚོགས་རྣམ་ཐར་མཐོང་བཞིན་བྲིས་པ་དང་། །བཀའ་དྲིན་དྲན་པའི་ཚིག་གི་བསྟོད་པ་ཡིས། །རྡོ་རྗེའི་གདན་དྲུང་མངོན་པར་སངས་རྒྱས་བར། །མཁས་པ་དེ་ཡི་ཞབས་དྲུང་སྐྱེ་བར་ཤོག །ཐུབ་ཆེན་འོད་འཕྲོའི་ཕུང་པོ་རིན་ཆེན་སྙིང་། །བདེ་གཤེགས་དཀོན་མཆོག་ཡན་ལག་མར་མེ་མཛད། །འོད་སྲུང་ཤཱཀྱའི་སྐྱེས་མཆོག་བཀྲ་ཤིས་ཀྱིས། །ཚོགས་རྫོགས་མྱུར་དུ་འཚང་རྒྱའི་བཀྲ་ཤིས་ཤོག །འཇམ་དབྱངས་རྡོ་རྗེ་འཛིན་དང་བྱམས་པའི་མགོན། །མཁའ་སྙིང་སྒྲིབ་རྣམ་སེལ་དང་ཀུན་ཏུ་བཟང་། །ས་སྙིང་འཇིག་རྟེན་དབང་ཕྱུག་བཀྲ་ཤིས་ཀྱིས། །རྒྱལ་སྲས་སྤྱོད་མཐར་ཕྱིན་པའི་བཀྲ་ཤིས་ཤོག །འོད་སྲུང་ཀུན་དགའ་བོ་དང་ཉེ་བར་འཁོར། །དགྲ་བཅོམ་བཀའ་རྒྱུད་གསུམ་དང་གཞན་ཡང་ནི། །འཕགས་ཆེན་གནས་བརྟན་བཅུ་དྲུག་བཀྲ་ཤིས་ཀྱིས། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཀླུ་སྒྲུབ་འཕགས་པ་ལྷ་དང་ཟླ་བ་གྲགས། །ཐོགས་མེད་དབྱིག་གཉེན་ཞབས་དང་བློ་གྲོས་བརྟན། །ཕྱོགས་གླང་དྷརྨ་ཀཱིརྟི་ཆོས་མཆོག་གིས། །མ་ནོར་གསུང་རབ་འབྱེད་པའི་བཀྲ་ཤིས་ཤོག །དཱ་ན་ཤི་ལ་ཛི་ན་མི་ཏྲ་དང་། །འཆི་མེད་གཞན་ཕན་ཀ་ཅོག་ཞང་གསུམ་དང་། །རིན་བཟང་ཟངས་རྔོག་གཉན་ཚོགས་སྦྱངས་སྟོབས་ཀྱིས། །ལེགས་སྦྱར་བརྡ་སྐད་རྣམ་དག་བཀྲ་ཤིས་ཤོག །བློ་ལྡན་སྲས་ཀྱི་ཐུ་བོ་རྣམ་གཉིས་དང་། །འབྲི་ཁྱུང་རྒྱ་དམར་ཕྱ་གཙང་དན་གསུམ་དང་། །གཉལ་ཞིག་རིགས་པའི་སེང་གེ་སྐྱེལ་སོགས་ཀྱིས། །རྣམ་དག་གཞུང་ལུགས་སྨྲ་བའི་བཀྲ་ཤིས་ཤོག །བཀའ་བརྒྱུད་དྲི་མེད་མཁའ་འདྲའི་བྱིན་རླབས་དང་། །བཅོམ་ལྡན་རིགས་པའི་ཐུགས་རྗེའི་ཉི་འོད་དང་། །མཁས་མང་རྒྱུ་སྐར་བྱེ་བའི་ཕྲིན་ལས་ཀྱིས། ཆོས་བརྒྱུད་རྣམ་པར་འཕེལ་བའི་བཀྲ་ཤིས་ཤོག །བཅོམ་ལྡན་རིག་པའི་རལ་གྲིའི་རྣམ་ཐར་དད་པའི་ལྗོན་ཤིང་ཞེས་བྱ་བ་འདི་ནི། མཁས་མཆོག་དེ་ཉིད་ཀྱི་དབོན་པོ་བསོད་ནམས་ཀྱི་ལྷུན་པོ་ཤེས་རབ་ཀྱི་རྒྱལ་མཚན་གྱིས་མངོན་པར་མཐོ་བས་ཅུང་ཟད་བསྐུལ་བའི་ངོར། ཆོས་སྨྲ་བའི་བཙུན་པ་བསམ་གཏན་བཟང་པོས་རང་གི་བློ་ལ་སྣང་བ་རྣམས་བྲིས་པ་ཡིན་ནོ། །དགེ་ཞིང་བཀྲ་ཤིས་པ་དང་ལྡན་པར་གྱུར་ཅིག།  །།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།