logo

ནང་མའི་སྐྱིད་སྡུག་བྱུང་འཕེལ་གྱི་ལོ་རྒྱུས་ཞིབ་པར་གླེང་བ།

རྩོམ་པ་པོ།:ཞོལ་ཁང་བསོད་ནམས་དར་རྒྱས། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2011-01-25 ཀློག་གྲངས།:

            ལྷ་སར་དེ་སྔ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་ཙམ་ནས་འགོ་ཚུགས་པའི་ནང་མའི་སྐྱིད་སྡུག་ཅེས་དམངས་ཁྲོད་དུ་རྒྱུན་སྲོལ་གླུ་གར་ཚོགས་པ་ཞིག་ཡོད་ཅིང་། དེ་ཡང་ཐོག་མར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་གོང་ས་རྣམ་གཉིས་ཀྱི་ཐུགས་འཁུར་འོག་སྡེ་སྲིད་སངས་རྒྱས་རྒྱ་མཚོས་འགན་བཞེས་ཀྱིས་བཙུགས་པ་ཞིག་ཡིན་པ་སྟེ། 《གནའ་བོའི་ལུགས་བཟང་ཡ་རབས་སྲོལ་གཏོད་པའི་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན་འགུགས་པའི་ལྕགས་ཀྱུ》ཞེས་པའི་ཆེད་རྩོམ་གྱི་ཐོག་རྒྱལ་བ་ཀུན་གྱི་བླ་ན་སྤང་རྟོགས་ཀྱི།  །ཡོན་ཏན་མཆོག་གི་ཆེར་འཕགས་སྤྱན་རས་གཟིགས།  །ཚངས་སྲས་ཐུགས་སུ་བཞད་པའི་རྡོ་རྗེ་དེས།  །སྙིང་པོ་བྱང་ཆུབ་བར་དུ་སྲིད་འདི་བཟུང་། །ཟབ་དོན་ཆོས་ཀྱི་དེ་ཉིད་མངར་མོའི་རོ། །ཉམས་འགྱུར་སྟོང་གི་རྒྱུད་དུ་རྟག་ལེན་པ། །མཚོ་བྱུང་དབྱངས་ཀྱི་མཛོད་ འཇིན་ལྷ་མོ་ཡིས།  །ཀུན་ཏུ་དགེ་བའི་ངག་གི་དཔལ་སྦྱིན་ཞིག་ཅེས་པ་སོགས་ཀྱི་ཤིས་བརྗོད་དང་འབྲེལ་བའི་གནའ་བོའི་ལུགས་བཟང་ཡ་རབས་ཀྱི་སྲོལ་གཏོད་ཆེད་རང་ལྗོངས་ཀྱི་རིག་རྩལ་ཁག་ལ་བཅོས་སྒྲིག་སོགས་མཛད་པ་དང་།《ས་བཅུའི་མདོ་འགྲེལ》ལས་སྙན་ངག་དང་། གར་སྟབས་དང་། གཏམ་རྒྱུད་དང་རོལ་མོ་རྣམས་ནི་ཡིད་མ་བདེ་བའི་གཉེན་པོའོ། ། ཞེས་བྱུང་བ་ལྟར། དོན་དང་ལྡན་པའི་སྐུལ་མ་དང་བཅས་གླུ་གར་གྱི་རྩ་ཚིག་དུས་ད་ལྟའང་འདྲེན་བྱེད་ཀྱི་ཡུལ་དུ་མཇལ་རྒྱུ་ཡོད་པ་ནི་རབ་བྱུང་བཅུ་གཉིས་པའི་རྣམ་བྱུང་འབྱུང་བ་གསུམ་ལྡན་ལོ་འབྲས་ལྡན་གྱི་དུས་ཁྲུམས་ཟླ་བ་ཕྱི་མའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོ་དྲང་སྲོང་ཟླ་སྐྱེས་ལྷ་མཚམས་ཀྱི་དགའ་མགུར་སྤྱོད་པའི་འཆི་མེད་གྲུབ་པའི་སྦྱོར་བའི་ཉིན་མཛད་པ་སྟེ། སྤྱི་ལོ1988ལོར་བབས་ཤིང་། སྐབས་དེར་གཞུང་གི་མཛད་སྒོ་ཁག་དང་དུས་མཆོད་ཁག་ལ་གར་པ་ཞེས་གླུ་གར་ཚོགས་པ་དེ་དང་འབྲས་གླིང་མཆོད་སྤྲིན་གར་པ(ལྷ་ས་ཤར་ཕྱོགས་སྐུ་འབུམ་ཐང་དུ་ཡོད)དེ་གཉིས་སོ་སོར་རྩ་ཚིག་དང་འབྲེལ་བའི་ལག་དེབ་ཡོད་པ་དང་།  དམངས་ཁྲོད་དུ་ནང་མའི་སྐྱིད་སྡུག་ཅེས་པའང་སྒྲིག་འཛུགས་ཀྱི་བྱེད་སྒོ་དང་སྦྲགས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནས་ཀྱང་དམར་དམ་གླིང་གསུམ་སྒོར་མོ་དབྱིབས(    )འདི་འདྲ་འཁོད་པའི་ལག་དེབ་ཅིག་ཀྱང་བསྩལ་བ་ལྟར་ལོ་གསར་སླེབས་ཉེར་བཀའ་ཤག་སྲིད་གཞུང་གི་བཀའ་མགྲོན་བརྒྱུད་ལག་དེབ་གཞིར་བཟུང་འཛིན་བསྒྱུར་ཞུས་ཏེ།རྩེ་ཤོད་ཕྱག་མཛོད་ ལས་ཁུངས་སོ་སོ་ནས་སྔར་ལམ་ཇ་མར་དང་གནང་ཆ་ཕྲན་བུ་རེ་གནང་གི་ཡོད།དེ་བཞིན་ནང་མའི་སྐྱིད་སྡུག་ནང་གི་བགྲེས་གྲས་ཚོས་ཀྱང་ང་ཚོས་སྐྱིད་སྡུག་ཚོགས་པ་འདི་བཞིན་གོང་ས་ལྔ་པ་ཆེན་པོའི་དུས་ནས་བཟུང་ད་ཕན་ལོ་ངོ་སུམ་བརྒྱ་ཡས་མས་ཤིག་རྒྱུན་འཛིན་བྱས་པ་རེད།ཅེས་གསུངས་ཀྱི་ཡོད་པ་ཇི་བཞིན་ནང་མའི་སྐྱིད་སྡུག་ཅེས་པའི་ཐ་སྙད་དེ་ལྔ་པ་ཆེན་ པོའི་དུས་ནས་ཡོད་པ་ནི་དེ་སྔ་སྤྱི་ཚོགས་རྙིང་པའི་ནང་བཀའ་ཤག་སྲིད་གཞུང་གི་བཀའ་མགྲོན་གནང་མྱོང་བའི་བགྲེས་གྲས་ཁ་ཤས་ཀྱིས་ཀྱང་མཁྱེན་གསལ་ཡིན་པར་མ་ཟད།རང་ཉིད་ཀྱང་བཀའ་མགྲོན་བྱེད་མྱོང་ལ།ལྷག་པར་ལོ་ན་ཆུང་དུས་ལོ་ངོ་བཞི་ཙམ་རིང་ནང་མའི་སྐྱིད་སྡུག་དེར་ཞུགས་ནས་དམངས་གཞས་དང་རོལ་ཆ་ཁག་སློབ་སྦྱོང་བྱེད་མྱོང་བས་དེ་ལྟར་གསལ་ཤེས་ཡོད།དེ་ཡང་ནང་མའི་སྐྱིད་སྡུག་དེ་ཏཱ་ལའི་བླ་མའི་མཛད་སྒོ་ཁག་ལ་ཐད་ཀར་འབྲེལ་བ་མེད་ཀྱང་།  བཀའ་ཤག་གི་མཛད་སྒོ་ཁ་ཤས་དང་། མང་ཚོགས་ཀྱི་དུས་མཆོད་དང་།  སྤྲོ་སྐྱིད། བག་སྟོན་སོགས་ཀྱི་བྱེད་སྒོ་ཁག་ལ་ཞུགས་ཀྱི་ཡོད།དེར་བརྟེན་རང་ཉིད་འཚོ་བ་ངོ་ མ་བརྒྱུད་མྱོང་བ་ཞིག་ཡིན་སྟབས་རྒྱུན་སྲོལ་དེའི་ལོ་འཁོར་བྱེད་སྒོའི་སྐོར་རྒྱུས་བབས་ཀྱིས་ཞུ་རྒྱུ་གཤམ་གསལ།   

   དང་པོ།  ནང་མའི་སྐྱིད་སྡུག་དེས་མང་ཚོགས་ཁྲོད་དུ་བྱེད་སྒོ་སྤེལ་ཚུལ།   

            ཐོག་མར་བོད་ཀྱི་ལོ་གསར་མ་རན་ཙམ་ལ་སྐྱིད་སྡུག་ཚོགས་རོགས་དང་། སྐུ་དྲག་ཁག ཚོང་རིགས་ཆེ་ཁག་བཅས་ནས་དགེ་རྒན་རྣམ་རྒྱལ་ལ་ལོ་གསར་སྐལ་བ་ཞེས་འབྲས་གྲོ་ཞིབ་དང་། བྱ་འབྲས། ཁ་ཟས་སྡེར་ཁ་འོས་འཚམས་རེ་སྤྲོད་པ་དང་། དགེ་ཕྲུག་ཚོས་ཀྱང་ལོ་གསར་སྐུ་སྐལ་ཞེས་གོང་བཞིན་འབུལ་སྲོལ་ཡོད།  སྐབས་དེར་རོལ་རྩེད་ལ་དགའ་བའི་ཁྱིམ་ཚང་ཚོས་ནང་མའི་སྐྱིད་སྡུག་གདན་ཞུ་བྱས་ན་གོ་རིམ་བཞིན་འགྲོ་བ་དང་། རྒྱུན་དུམི་དྲག་དང་།  ཚོང་རིགས།མང་ཚོགས་ཁྲོད་ཀྱི་ཆང་ས་དང་། དབྱར་ཁའི་དུས་སུ་གླིང་ག་གཏོང་བ།  དེ་བཞིན་ཁྱིམ་ཚང་སོ་སོར་བཀྲ་ཤིས་པའི་དོན་ཆེན་གང་ཞིག་བྱུང་ན་ཡང་ནང་མའི་སྐྱིད་སྡུག་གདན་ཞུ་བྱེད་སྲོལ་ཡོད།  དེ་ཡང་གདན་ཞུ་གནང་བརྡ་འམ། ཡང་ན་བཞེད་བརྡ་ལ་ སོགས་པ་གཏོང་བ་ལས་སྐབས་འཕྲལ་སྐད་བཏང་ན་མི་ཁོམ་པ་མ་ཟད།མཐོང་ཆུང་ལྟ་བུར་མངོན་ནས་མི་འོས་པ་བྱེད།  དེ་བཞིན་ཐུགས་སྤྲོ་ཁག་གི་གྲོལ་སྟོན་ཉིན་དགོང་མོའི་གསོལ་ཚིགས་ཚར་འཕྲལ་གསོལ་རྒྱབ་ཅེས་མཆོད་ཆང་དངུལ་གྱི་ཁྲུང་ཕོར་རེ་བཏེགས་ཟིན་རྗེས།  སྦྱིན་བདག་ནས་རོལ་མོ་མཁན་ཚོར་ཁ་ཡིག་ཡིག་ཆེན་ལེགས་སྐྱེས་དངུལ་སྲང་།XXཞེས་འཁོད་པའི་ཤོག་ཆག་སྤྲོད་པ་དང་སྦྲགས་ཁ་བཏགས་རེ་གཡོགས་རྗེས། གླུ་གཞས་ཀྱི་ཚིག་བཀྲ་ཤིས་ལེགས་པ་ཞིག་བཏང་སྟེ་རང་ཁུངས་སུ་ལོག་པ་བཅས་སོ། །      དགེ་རྒན་རྣམ་རྒྱལ་ལགས་ནི་རོལ་མོ་གཉིས(ལྷན་སྐྱེས་དང་རྐྱེན་གཞན་གྱི་རོལ་མོ)ལ་མཆོག་ཏུ་མཁས་པའི་གྲགས་པ་ཐོབ་པ་ལྟར། གང་དུ་ཕེབས་ཀྱང་དྲག་ཞན་མེད་པས་གྲལ་དབུར་འཇོག་པ་དང་བརྩི་བཀུར་ཆེན་པོ་ཞུ་ཡི་ཡོད། དེ་ཡང《རོལ་མོའི་བསྟན་བཅོས་》ལས། བློ་ངན་གཟུགས་ཀྱིས་ཕོངས་པའང་རུང་། ། རིགས་ངན་ནོར་དང་བྲལ་ཡང་སླ། ། རོ་མོའི་ཆ་ལ་མཁས་གྱུར་ན། །ཚོགས་ཀྱི་ནང་ན་རྒྱན་ལྟར་མཛེས། ། ཞེས་པ་ལྟར་རོ།  །       

   གཉིས་པ། རྫོང་རྒྱབ་ཀླུ་ཁང་གི་མཛད་སྒོ།   

            ལྷ་སའི་རྫོང་རྒྱབ་ཀླུ་ཁང་ཞེས་པ་དེ་རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་གསར་འཛུགས་གནང་སྟེ།  ཀླུ་ཆོག་རྒྱུན་འཛུགས་ཐོག་བོད་དུ་ཆར་ཆུ་དུས་བབ་དང་།  ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་ཀྱི་ཐུགས་སྨོན་མཚམས་སྦྱོར་དང་འབྲེལ། དུས་དེ་ནས་བཟུང་ལོ་ལྟར་བོད་ཟླ4ཚེས15ཉིན་ཀླུ་ཁང་མཇལ་མཆོད་ཀྱི་དགའ་སྟོན་བྱེད་སྲོལ་ཡོད།  དེ་སྐབས་བཀའ་ཤག་དྲུང་རིགས་དང་བཅས་པ་སྔ་དྲོ་གཙུག་ལག་ཁང་ཁག་ལ་གནས་གཟིགས་དང་འབྲེལ་ར་མོ་ཆེ་ནས་འགོ་ཚུགས་ཏེ་གླིང་སྐོར་དུ་བསྐྱོད་ནས་བདེ་གླིང་བརྒྱུད་ནོར་གླིང་དུ་རྒྱལ་བའི་མཇལ་ཕྱག་ཞུས་ཟིན་འཕྲལ། མུ་མཐུད་གླིང་སྐོར་ནས་རྫོང་རྒྱབ་ཀླུ་ཁང་དུ་བསྐྱོད་པ་དང་། དེ་བཞིན་ཉིན་དེར་ལྷ་སའི་མང་ཚོགས་རྣམས་ཀྱང་གཟབ་མཆོར་གང་རྒྱས་ཐོག་ཚང་མས་ དཀར་ཟས་ལས་དམར་ཟས་མི་ཟ་བར་གླིང་སྐོར་བརྒྱུད་ཀླུ་ཁང་དུ་སྔོན་ཚུད་ནས་འདུ་འཛོམས་ཀྱིས་ཀླུ་ཁང་ལ་བསང་གཏོང་བ་དང་།  ཀོ་གྲུ་བཏང་ནས་སྐོར་བ་རྒྱག་པ།  གླུ་གར་རོལ་རྩེད་ཅི་དགར་རོལ་བ་བཅས་ཀྱིས་ཀླུ་རྣམས་དགའ་བའི་ཆོ་ག་ཡང་དག་པར་སྒྲུབ་ཀྱི་ཡོད། སྐབས་དེར་ནང་མའི་སྐྱིད་སྡུག་རྒྱུན་ལས་པ་རྣམས་ནས་ཀོ་གྲུར་བསྡད་དེ་ནང་མ་དང་སྟོད་གཞས་ཀྱི་གླུ་དབྱངས་སྙན་ཞིང་འཇེབས་པ་དག་སྐད་གསང་མཐོན་པོས་བླངས་ཏེ་ཀླུ་ཁང་ལ་སྐོར་བ་གསུམ་བསྐྱོད་པ་དང་།  བཀའ་ཤག་དྲུང་རིགས་ཀླུ་ཁང་གཟིམ་ཆུང་དུ་འབྱོར་ནས་གྲལ་འཁོད་ཟིན་འཕྲལ།  ནང་མའི་སྐྱིད་སྡུག་དག་ཀྱང་ཀླུ་ཁང་མདའ་གཡབ་འོག་ཏུ་གྲལ་ལ་འཁོད་དེ་སྟོད་གཞས་ནང་མའི་རོལ་མོ་ཁག་གཏོང་བ་ཡིན།  དེ་ཉིན་ཞོལ་གཉེར་ཞེས་པ་པོ་ཏ་ལའི་མདུན་ཕྱོགས་ལྷ་ས་ཞོལ་ཁུལ་གྱི་དོ་དམ་ལས་ཁུངས་ཤིག་ཡོད་པ་དེས་དཀར་ཟས་གྱི་སྟོན་མོ་རྒྱ་ཆེ་བཤམས་དགོས་པ་བཞིན། བཀའ་ཤག་འཁོར་ བཅས་གསོལ་སྟོན་མཛད་སྒོ་ཟིན་འཕྲལ།  བཀའ་ཤག་དང་ཞོལ་གཉེར་ལས་ཁུངསསོ་སོས་རོལ་མོ་མཁན་དག་ལ་ལེགས་སྐྱེས་གནའ་སྲོལ་ལེགས་དར་རེ་དང་དངུལ་ཤོག་ཆག་སྤྲད་ཟིན་འཕྲལ།   བཀའ་ཤག་འཁོར་བཅས་མུ་མཐུད་གླིང་སྐོར་དུ་སྐྱོད་པ་དང་། ནང་མའི་སྐྱིད་སྡུག་ཀྱང་ཀོ་གྲུར་བསྡད་དེ་མང་ཚོགས་དང་སྤྲོ་སྐྱིད་མཉམ་གཏོང་གིས་གླུ་གར་རྣམ་ཐར་རང་དགར་གཏོང་བ་སོགས་དེ་ཉིན་རྫོང་རྒྱབ་ཀླུ་ཁང་ནང་ཧ་ཅང་འཁྲུག་ཆ་དོད་ལ་འདུ་ལོངས་ཟང་ཟིང་གི་རྣམ་པས་ཁེངས་ནས་འོང་།  དེ་ཡང་། དཀོན་མཆོག་མཆོད་ཕྱིར་འདུས་པ་དང་། །ཕན་ཚུན་བལྟ་ཕྱིར་འདུས་པ་དང་། །ཕུན་སུམ་ཚོགས་པ་མཐོང་བའི་ཚེ། །མཁས་པས་རོལ་མོ་བརྩམ་པར་བྱ།  །ཞེས་གསུངས་པ་ལྟར་རོ།།       

     གསུམ་པ།  འཛམ་གླིང་སྤྱི་བསང་། 

            བོད་ཟླ5ཚེས15ཉིན་འཛམ་གླིང་སྤྱི་བསང་ཞེས་ལྷ་ཆེན་ཁག་གི་དུས་མཆོད་ལ་མང་ཚོགས་རྣམས་ལྷ་སའི་ཉེ་འཁོར་གྱི་རི་ཆེན་བཞི་སྟེ།  དགེ་འཕེལ་དབུ་རྩེ་དང་། ཇོ་མོ་སིལ་སིལ། སྨིན་དྲུག་རྫ་རི། བུམ་པ་རི་བཅས་ལ་ཞོགས་པ་ཉི་ཤར་ཙམ་ལ་རླུང་དར་འཛུགས་པ་དང་བསང་གསོལ་བྱེད་པ།  གཙུག་ལག་ཁང་གི་ཡང་སྟེང་དཔལ་ལྷ་ལྕོག་ལ་དར་འཛུགས་བསང་གསོལ་དང་འབྲེལ་གྲོང་ཁྱེརནངགི་བཙན་ཁང་ཁག་ལ་ལྷ་ཕབ་པ་དང་སོ་སོར་ཞལ་མཇལ་བསང་གསོལ་བྱས་རྗེས།  གྲོང་མི་སོ་སོའི་སྐྱེས་ལྷ་དང་ཡུལ་ལྷ་ཁག་ལ་འཕྲིན་བཅོལ་གསོལ་མཆོད་བཏང་ཟིན་འཕྲལ།  གྲོང་པ་ཁྱིམ་མཚེས་ཁག་མཉམ་སྡེབ་དང་ཡང་ན་དགའ་ཉེ་མཉམ་འཛོམས་ཀྱིས་དེ་ཉིན་ནས་བཟུང་ནང་ལ་ཁང་སྲུང་མི་རེ་གཉིས་བཞག་པ་ལས་དེ་བྱིངས་ཚང་མ་གླིང་གར་གནས་སྤོས་ཏེ་གུར་ཕུབ་ནས་སྡོད་པ་དང་། སྐབས་དེར་ཉིན་ཁ་ཤས་ཀྱི་སྔོན་ནས་གུར་ས་ཟིན་ན་མ་གཏོགས་སྐབས་མཚམས་གུར་འབུབས་ས་མེད་པ་ལྟར་གླིང་ག་ཁག་ཁེངས་ནས་སྡོད་པ་ཡིན། དེ་ལྟར་བདུན་ཕྲག་གཅིག་གམ་བདུན་ཕྲག་གཉིས་ཡང་ན་ཟླ་གཅིག་ཙམ་གླིང་གར་སྡོད་པ་ཡིན།  དེའི་རིང་ནང་མའི་སྐྱིད་སྡུག་ལ་གདན་ཞུ་མང་དྲགས་ནས་མ་ཐོབ་ཤིག་ཤིག་དང་མ་ལྕོགས་པ་ལྟར་ཡོད།  འོན་ཀྱང་དགེ་རྒན་རྣམ་རྒྱལ་ལ་གདན་ཞུ་འབྱོར་རྗེས་ཉེ་རིང་ལ་མ་ལྟོས་པར་ཚང་མའི་འདོད་པ་ཁེངས་གང་ཐུབ་གནང་ཡང་རྗེས་མ་དེ་དག་ལ་ནང་མའི་སྐྱིད་སྡུག་ཐོབ་དཀའ་བ་ཡིན།      དེ་ཡང་འཛམ་གླིང་སྤྱི་བསང་རིང་གླིང་ག་གཏོང་ཡུལ་ལྷ་སའི་ཤར་ཕྱོགས་ཇོ་བོ་རག་རྒྱག་ནས་ཆབ་རྫིང་གླིང་ག་དང་།  དྲུང་སྤྱི་གླིང་ཀ  ཞི་བདེ་གླིང་ག  ཉི་གཞོན་གླིང་ག  རྨེ་རུ་གླིང་ག  རྡོ་རོག་གླིང་ག   ཕྱག་མཛོད་གླིང་ག  གཉེར་ཚང་གླིང་ག་ནས་རྒྱའུ་གླིང་ག་དང་།  ཁྲལ་བདེ་གླིང་ག རྩེ་དྲུང་གླིང་ག འཇག་མ་གླིང་ག་བཅས་དང་།  ཤར་ཕྱོགས་དཀྱིལ་ཁུལ་ཕ་ལྷ་གླིང་ག  ཟུར་ཁང་གླིང་ག  དཔལ་ལྷའི་མཚོ་འཁོར།  དེའི་བྱང་ཤར་ཙམ་ལ་ཀརྨ་ཤག་གླིང་ག  གླིང་ག་གསར་པ་ཀརྨ་དགོན་གསར་གླིང་རྒྱུད།    གྲོང་ཁྱེར་བྱང་རྒྱུད་ལ་གཤོངས་དགའ་གླིང་ག  གྲྭ་བཞི་གླིང་ག དབང་ཆེན་གླིང་ག བཅས་སུ་ཡིན་པ་དང་།  ཞོལ་པ་བ་རྣམས་གླིང་ག་གཏོང་ཡུལ་རྫོང་རྒྱབ་ཀླུ་ཁང་དང་། བཞུགས་ཁྲི་གླིང་ག(མི་དམངས་སྲིད་གཞུང་གནས་ཁུལ་)ཀུ་ཤུ་གླིང་ག་(རྒྱང་བསྒྲགས་ལས་ཁུངས་)སྦྱར་རག་གླིང་ག  བདེ་སྐྱིད་གླིང་ག་སོགས་སུ་ཡིན།  སྐབས་དེར་གོང་གསལ་གླིང་ག་ཁག་གི་ནང་ནང་མའི་སྐྱིད་སྡུག་ཡོད་སའི་གུར་གྱི་མཐའ་འཁོར་དུ་ལྟད་མོ་བ་འཚང་ག་ཤིག་ཤིག་ཏུ་སྡོད་པ་ཙམ་མ་ཟད།  གཞན་གྱི་གུར་དག་གི་ནང་ལའང་སྒྲ་སྙན་དང་།  པི་ཝང་།  གླིང་བུ་སོགས་ཀྱི་སྒྲས་ཁེངས་པ་དང་འགའ་ཞིག་གིས་རྣམ་ཐར་དང་། སྐད་པར་བན་ཙེ་གཏོང་བ་སོགས་རོལ་རྩེད་ཀྱི་སྐད་སྒྲས་ཟང་ཟིང་གི་དུས་འདའ་བར་བྱེད།  དེ་ཡང་རོལ་མོའི་བསྟན་བཅོས་ལས། །གང་ན་ཐོད་དང་སྐྲ་གསར་དང་། །གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། །དེས་ན་རོལ་མོ་བསྔགས་པ་ཡིན། ། ཞེས་གསུངས་ པ་ལྟར་རོ།  །  

     བཞི་པ། ཞོ་སྟོན་ཨ་ལྕེ་ལྷ་མོ། 

            བོད་ཟླ7ཚེས1ཉིན་ནས་ནོར་གླིང་དུ་ཞོ་སྟོན་ཨ་ལྕེ་ལྷ་མོ་གཟིགས་འབུལ་འགོ་ཚུགས་ཀྱི་ཡོད།  དེ་ཡང་ནོར་གླིང་ཞོ་སྟོན་ལྷ་མོ་དར་ཚུལ་སྐོར་ལ་ཤོད་སྲོལ་འདྲ་མིན་འགའ་འདུག་ཀྱང་། དེ་སྔའི་སྲིད་རྙིང་སྐབས་ཀྱི་ཡིག་ཆའི་ནང་གསལ་བར་གཞིགས་ན་ས་སྤྲེལ་ཏེ་སྤྱི་ལོ1848ལོར་ནོར་གླིང་བསྐལ་བཟང་ཕོ་བྲང་གི་དབུ་གཡབ་གཟིམ་ཆུང་གསར་རྒྱག་གནང་སྟེ། དེའི་ཕྱི་ལོ་ནས་གཟིམ་ཆུང་ཆབ་བཞུགས་རྗེས་འབྲེལ་ཆོས་རྭའི་ནང་གར་རོལ་རྩེད་འཇོའི་གཟིགས་མོ་འཁྲབ་སྟོན་ཞུས། འདི་ནི་ནོར་གླིང་དུ་ཞོ་སྟོན་གཟིགས་མོའི་སྲོལ་ཐོག་མ་དེ་ཡིན་ཅིང་།  དེ་ནས་བཟུང་ཇེ་རྒྱས་སུ་ཕྱིན་ཏེ་ལོ་ལྟར་ནོར་གླིང་ཞོ་སྟོན་ཞེས་ཨ་ལྕེ་ལྷ་མོ་བ་རྣམས་ནས་ཟློས་གར་དང་སྐབས་རེ་རྨེ་རྩ་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་རྨེ་རུ་སྤོངས་སངས་སྐབས་ནོར་གླིང་ཕོ་བྲང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འཁྲབ་སྟོན་བྱེད་པ་སོགས་ཀྱི་སྲོལ་འཛུགས་མཛད་དེ་མི་མང་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་འགོད་པའི་ཐབས་ཚུལ་བླ་ན་མེད་པ་འདུ་མཛད་ཅེས་བྱུང་བ་ལྟར་ནོར་གླིང་ཞོ་སྟོན་དར་ནས་ད་ཕན་ལོ་ངོ145ཙམ་ལས་ཕྱིན་མེད། དེ་ཡང་ཞོ་སྟོན་སྐབས་ལ་ལྗོངས་རྫོང་ཁག་གི་དམངས་ཁྲོད་ཨ་ལྕེ་ལྷ་མོ་ཚོགས་པ་ཁག་འགའ་ཤས་ལྷ་སར་ཡོང་དགོས་ཀྱང་།ནོར་གླིང་དུ་ཐོག་མར་གཟིགས་ཕུད་ཙམ་ལས་གཞུང་འཁྲབ་མ་དགོས་པར་ལྷ་མོའི་ཚོགས་པ་ཆེ་ཁག་བཞི་སྟེ་གཅུང་རི་བོ་ཆེའི་(ངམ་རིང་རྫོང་ཁོངས)ཨ་ལྕེ་ལྷ་མོ་དང་། རྒྱལ་མཁར་ཆོས་རྫོང(རིན་སྤུངས་རྫོང་ཁོངས)ལྷ་མོ་ཚོགས་པ།  ཤངས་པ་(ཤངས་རྣམ་གླིང་རྫོང་ཁོངས)ལྷ་མོ་ཚོགས་པ།  སྐྱོར་ལུང་(ལྷ་ས་ནུབ་ཕྱོགས་གདོང་དཀར་རྫོང་ཁོངས) ལྷ་མོ་ཚོགས་པ་བཅས་ཡིན་ཞིང་། ལྷ་མོ་ཚོགས་པར་ས་གནས་སོ་སོར་ཁྲལ་རྟེན་ས་ཞིང་ཡོད་ཀྱང་།  སྐྱོར་ལུང་ཨ་ལྕེ་ལྷ་མོ་བ་ཐོག་མའི་འབྱུང་ཁུངས་ལོ་རྒྱུས་ཐོག་སྐྱོར་ལུང་ནས་ཡིན་པ་ཙམ་ལས་ཁྲལ་རྟེན་ས་ཞིང་མེད་པར་ཕྱིས་ཕྱོགས་མཐའ་དག་གི་མི་སྣ་རང་མོས་ཀྱིས་ཚོགས་ཁོངས་ཞུགས་པ་དང་། རྒྱུན་དུ་རྫོང་ཁག་ས་གནས་གང་སར་འཁྱམས་འཁྲབ་བྱས་པ་ཡིན་སྟབས་འཚོ་བའང་གང་ཡག་ཡོད་ལ།  ལྷ་མོའི་འཁྲབ་རྩལ་དང་སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཙམ་ཡོད་ཅིང་། ལྷག་པར་རྭ་སྒྲེང་རྒྱལ་ཐོག་ནས་བཟུང་ཕྱོགས་མཐའ་དག་ནས་རྣམ་ཐར་གྱི་སྐད་གཤིས་ལེགས་པའི་མི་སྣ་ཡོད་ཕྱིན། སྐྱོར་ལུང་ཨ་ལྕེ་ལྷ་མོའོ་ཚོགས་པ་ནས་ལྷ་མོ་ཚོགས་པའི་དོ་དམ་རྩེ་ཕྱག་ལས་ཁུངས་སུ་སྙན་ཞུ་བྱས་རྗེས་མི་སྣ་བསྡུ་འགུགས་ཆོག་པ་བྱུང་བ་དེས་ཀྱང་ཁོ་ཚོའི་མི་སྣའི་སྤུས་ཚད་ཀྱི་ཆ་རྐྱེན་དང་སྒྱུ་རྩལ་གྱི་རྣམ་པ་ཡག་ཏུ་གང་འཚམས་སོང་བ་དང་།  དུས་ད་ལྟའང་ལྗོངས་ལྷ་མོ་ཚོགས་པའི་ནང་སྐྱོར་ལུང་ལྷ་མོའི་འཁྲབ་སྲོལ་དང་རྣམ་ཐར་གཏོང་སྲོལ་སོགས་རྒྱུན་འཛིན་གོང་འཕེལ་བྱུང་ངོ་། །    རྒྱལ་མཁར་ཆོས་རྫོང་གི་ཨ་ལྕེ་ལྷ་མོའི་ཚོགས་པ་འདིས་གཏམ་རྒྱུད་ཀྱི་ཟློས་གར་ཁ་ཤས་འཁྲབ་སྲོལ་ཡོད་ཀྱང་།  མཆོག་ཏུ་གྱུར་པའི་འཁྲབ་སྲོལ་ནི《ཆོས་རྒྱལ་ནོར་བཟང》ཞེས་པ་དེ་ཡིན་ཞིང་།  རྒྱལ་མཁར་ཆོས་རྫོང་པས་འཁྲབ་གཞི་དེ་གཞིར་བཟུང་ནས་ཁོ་པ་ཚོའི་ཡུལ་སྐད་དང་འབྲེལ་བ་བྱས་ཏེ་རྣམ་ཐར་གཏོང་སྐབས་བཅད་ལྷུག་སྤེལ་མའི་ཐོག་ནས་དབྱངས་སྦྱོར་བྱས་སྟབས་ཚིག་དོན་གོ་བདེ་ལ་རྟ་དབྱངས་ཧ་ཅང་སྙན་འཇེབས་ལྡན་པ་ཞིག་ཡོད།  ལྷག་པར་རྣམ་ཐར་གཏོང་སྲོལ་ཐད་ལ་རྒྱལ་མཁར་ཆོས་རྫོང་པར་གནའ་བོའི་གདངས་ཉམས་ཤིག་ཡོད་པས་བགྲེས་གྲས་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད།  དེ་ཡང་ཁོང་ཚོའི་སྐད་གཤིས་ཕོ་སྒྲ་བརྗིད་ལ་ངར་བས་དཔའ་བའི་ངག་གི་ཉམས་དང་ལྡན་པ་དང་།  མོ་སྒྲ་ཕྲ་ཞིང་འདར་བས་སྙན་ཞིང་འཇེབས་པའི་ང་རོས་དྲངས་པ།  མ་ནིང་འགྱུར་ཞིང་མཉེན་པས་གྲེ་འགྱུར་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད། དེ་བཞིན་གོང་ གསལ་ལྷ་མོ་ཚོགས་པ་སོ་སོར་ས་གནས་ཀྱི་ཁྱད་ཆོས་སམ་གྲུབ་མཐའ་རེ་ཡོད་ཀྱང་དེ་འདྲའི་རྒྱུ་མཚན་ཤེས་མཁན་མེད་པའམ་འགན་འཁུར་ནས་ཞིབ་འཇུག་བྱེད་མཁན་དཀོན་པ་དེ་ནི་བློ་ཕམ་དགོས་པ་ཞིག་རེད།    ངས་གོང་དུ་ནང་མའི་སྐྱིད་སྡུག་ངོ་སྤྲོད་ཞུ་བ་དང་སྦྲགས་ཞོ་སྟོན་ལྷ་མོའི་སྐོར་རགས་ཙམ་ཞུ་བར་ཐལ་བ་ནི། གཅུང་རི་བོ་ཆེའི་ལྷ་མོ་ཚོགས་པས་འཁྲབ་གཞུང་གི་བར་གསེང་ལ་སྒྲ་སྙན་འཁྱེར་ནས་སྟོད་གཞས་འདྲ་མིན་གཏོང་བ་དེར་ལྷ་སའི་མང་ཚོགས་ཀྱིས་དགའ་པོ་བྱེད་པ་ལྟར། དགེ་རྒན་རྣམ་རྒྱལ་ལ་ཞོ་སྟོན་ལྷ་མོར་གཟིགས་པའི་སྤྱན་མེད་ཀྱང་། གཅུང་པ་བའི་སྟོད་གཞས་རྣ་བའི་བུ་རམ་ལྟ་བུར་གྱུར་སྟབས།  མི་ཚོགས་ཀྱི་ཁྲོད་དུ་བསྡད་དེ་ཉན་པ་དང་།  དེར་ཞིབ་འཇུག་གིས་བཅོས་སྒྲིག་བྱས་ཏེ་ལྷ་སའི་སྟོད་གཞས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཏུ་སྒྱུར་གནང་མཛད་པ་དེ་ལྟར་ལགས།  

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།