ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་བ་སྐྲ་རྩེར་བླངས་པའི་ཆུ་ཐིགས་ཞེས་བྱ་བ་བཞུགས་སོ།།
དེ་ཡང་ཇི་སྐད་དུ།འཇམ་དཔལ་རྩ་རྒྱུད་ལས།།
ང་ནི་མྱ་ངན་འདས་གྱུར་ཏེ།།
ས་ཡི་སྟེང་འདི་སྟོངས་པ་ན།།
ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི།།
སངས་རྒྱས་མཛད་པ་བྱེད་པར་འགྱུར།།
དེ་ཚེ་དགོན་ཆེན་རབ་དགའ་བ།།
ཁ་བ་ཅན་ན་ཡོད་པ་ཡིན།།
ཞེས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་གསལ་བར་ལུང་བསྟན་པ་ལྟར་ལགས་ཤིང༌། རྗེ་བླ་མ་ཉིད་ནི་བོད་ཡུལ་ཆོལ་ཁ་གསུམ་གྱི་ནང་ནས་མདོ་སྨད་རྟའི་ཆོལ་ཁའི་ཆར་གཏོགས་ཀྱི་དགེ་བཅུ་ཚང་བའི་ས་ཆ་ཤར་ཙོང་ཁ་ཞེས་པའི་ཡུལ་དུ།རིགས་རུས་ཕུན་སུམ་ཚོགས་པ་བདུན་བརྒྱུད་ཀྱི་བར་མ་ཆད་པའི་གཉེན་དང་སྣག་གི་གཉེན་མཚམས་ཤིན་ཏུ་རྒྱས་པ་མལ་གྱི་གདུང་ལས་ཡབ་དར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་མོ་བཟའ་ཨ་ཆོས་གཉིས་ལ་སྲས་དྲུག་ཡོད་པ་ལས། སྐུ་མཆེད་བཞི་བ་ཡིན་ནོ།
ནམ་འཁྲུངས་པའི་དུས་ནི། ཆེན་པོ་ཧོར་གྱི་རྒྱལ་པོ་ཐོ་གན་ཐེ་མུར་གྱི་ཁྲི་ལོ་བཅུ་བདུན་པ། རབ་བྱུང་དྲུག་པའི་བགྲང་བྱ་སོ་གཅིག་པ་གསེར་འཕྱང་ཞེས་པ་མེ་མོ་བྱ་ཡི་སྤྱི་ལོ༡༣༥༧ལོའི་ཟླ་བ་བཅུ་བའི་ཚེས་བཅུ་ཉིན་ངོ་མཚར་དུ་མ་དང་བཅས་ཏེ་སྐུ་བལྟམས། ལྟེ་བ་བཅད་པའི་ཁྲག་ལས་ཙན་དན་དཀར་པོའི་སྡོང་བོ་ཞིག་སྐྱེས་པའི་འདབ་མ་རེ་ལ་རྒྱལ་བ་སེང་གེ་ང་རོའི་སྐུ་འབུམ་རེ་ཡོད་པ་སྙིང་པོར་བྱས་ནས་མཆོད་རྟེན་དུ་བྱས་པ་ལ། ད་ལྟ་སྐུ་འབུམ་ཞེས་གྲགས་སོ། དེ་ནས་དགུང་ལོ་གསུམ་པ་ལ་ཀརྨ་པ་རོལ་བའི་རྡོ་རྗེའི་དྲུང་དུ་ཡབ་ཀྱིས་ཁྱེར་ནས། ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ། མཚན་ཀུན་དགའ་སྙིང་བོར་བཏགས། དགུང་ལོ་དྲུག་པ་ལ་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་པའི་སྤྱན་སྔར་བྱོན།ཆོས་རྗེ་དེ་ཉིད་ཀྱིས་སྐལ་ལྡན་དུ་དགོངས་ནས་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་ཅིང༌།བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དྲིལ་བུ་དང༌། ཀྱེ་རྡོ་རྗེ་དང་ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར།གསང་མཚན་དོན་ཡོད་རྡོ་རྗེ་ཞེས་བཏགས། དགུང་ལོ་བདུན་པ་ན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང༌། གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ངུར་སྨིག་གི་རྒྱལ་མཚན་སྐུ་ལ་གསོལ་བ་ན་མཚན་ལ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བར་གསོལ།བླ་མ་འདིས་བྱིས་པ་ཉིད་ནས་བདག་གིར་མཛད་དེ། རབ་ཏུ་བྱུང་ཞིང་ཐོས་བསམ་གྱི་བསྐུལ་མ་དང་དབུས་སུ་འབྱོན་པའི་གྲོགས་ལྡན་མཐུན་རྐྱེན་ཡང་ལེགས་པར་མཛད་པ་ལ་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་མཛད་པ་ཡིན་ནོ། དེ་ནས་དགུང་ལོ་བཅུ་དྲུག་ལོན་པའི་ཚེ། བླ་མས་བཀས་ཀྱང་བསྐུལ་ཞིང༌། བདག་ཉིད་ཀྱིས་ཀྱང་སྤྲོ་ཤུགས་དྲག་པོས་དབུས་གཙང་ཆོས་ཀྱི་དགའ་ཚལ་དུ་ཇི་ལྟར་སྦྲང་རྩི་འདོད་པའི་བུང་བ་མེ་ཏོག་གི་ཚལ་ལ་འཇུག་པས་ངང་ཚུལ་དང་འདྲ་བར་ལམ་དུ་ཆས། ཐོག་མར། འབྲི་གོང་དུ་ཕེབས་ནས་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ཆོས་རྗེ་གྲགས་པ་བྱང་ཆུབ་ལས་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་དང༌། ཕྱག་ཆེན་ལྔ་ལྡན་ལ་སོགས་པའི་ཟབ་ཆོས་དུ་མ་གསན། ཟུར་ཆོས་པ་བླ་མ་ཀུན་བློ་བྱ་བ་ལ་རྡོ་རྗེ་ཕྲེང་བའི་དབང་ཡོངས་སུ་རྫོགས་པ་གསན་ཞིང༌། ལྷ་རྗེ་དཀོན་མཆོག་སྐྱབས་ལས་གསོ་དཔྱད་ཀྱི་གཞུང་ལ་ཞར་ཆོས་སུ་སྦྱངས། དེ་ནས་ཆོས་གྲྭ་ཆེན་པོ་སྙེ་ཐང་བདེ་བ་ཅན་དུ་ཕེབས་ཏེ། ཀློག་པའི་སློབ་དཔོན་ཡོན་ཏན་རྒྱ་མཚོ་དང༌། ཞར་ཆོས་པ་སློབ་དཔོན་ཨུ་རྒྱན་པ་གཉིས་ལ་བསྟེན་ནས་མངོན་པར་རྟོགས་པའི་རྩ་འགྲེལ་ལ་སློབ་གཉེན་མཛད་པས། ཞག་བཅོ་བརྒྱད་ཙམ་གྱིས་གཞུང་ཤིན་ཏུ་བྱང་བར་ཐུགས་སུ་ཆུད། བདེ་བ་ཅན་པའི་བླ་མ་འཇམ་རིན་པ་ལས་བྱམས་ཆོས་ཕྱི་མ་རྣམས་གསན་ཞིང༌། གདན་ས་པ་དགེ་སྐོང་བ་དང༌། ཀུན་སྤངས་བཀྲ་ཤིས་སེང་གེ་གཉིས་ལའང་ཆོས་འབྲེལ་རེ་ཞུ། དུས་དེར་སྙེ་ཐང་ཆོས་རྫོང་དུ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཕེབས་འདུག་པ་ལ་མཇལ་བར་བྱོན་ཏེ།འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང༌། དྲིལ་བུ་ལུས་དཀྱིལ་གྱི་དབང༌། གུར་མགོན་གྱི་རྗེས་གནང་རྣམས་གསན་ནོ། དགུང་ལོ་བཅུ་དགུའི་སྟེང་དབུས་ཀྱི་གསང་ཕུ་དང༌།གཙང་གི་སྣར་ཐང་དང་ངམ་རིང་སོགས་ཆོས་སྡེ་རྣམས་སུ་གྲྭ་སྐོར་མཛད་པ་ལ་བརྟེན་ཐོག་མར་མི་གཤིས་མཁས་བའི་སྙན་གྲགས་ཀྱི་འབྲུག་སྒྲའི་དབྱངས་སྙན་དབུས་གཙང་གི་ལྗོངས་མཐའ་དག་ཏུ་ཁྱབ། དེ་ནས་གཙང་ཕྱོགས་ལ་འབྱོན་པའི་ཐུགས་དགོངས་གཏད་དེ། རིན་སྤུངས་ཀྱི་ཕུའི་ལ་ལ་བྱོན། ཉང་སྟོད་མཁར་ཁ་ལ་བརྒྱུད་དེ་ཞྭ་ལུར་ཕེབས། བུ་སྟོན་རིན་པོ་ཆེའི་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ལ་བདེ་མཆོག་མེ་ཏྲི་བཅུ་གསུམ་པའི་དབང་ཞིག་གསན། དེ་ནས་དཔལ་ལྡན་ས་སྐྱ་ཕེབས་ནས་ས་བཟང་དུ་བྱོན། ས་བཟང་པཎ་ཆེན་འཇམ་དབྱངས་བློ་གྲོས་ཀྱི་དྲུང་དུ་ཆོས་བཀའ་ཅི་རིགས་གསན། ས་སྐྱ་དང༌། བཟང་ལྡན། ངམ་རིང་རྣམས་སུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་པས་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་པའི་རྩེ་ན་གཡོ་བར་གྱུར།