རྒྱལ་དབང་བཅུ་བཞི་པའི་ཚེ་སྟོད་ཀྱི་ལོ་རྒྱུས་དང༌བོད་འབངས་བཅིངས་འགྲོལ་ཐོབ་ཚུལ། (དང་པོ)
རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་ནི་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་ཡིན་ལ། ཁོང་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་སྤྱི་ལོ༡༩༣༥ལ་མདོ་སྨད་སྐུ་འབུམ་ཉེ་འདབས་སྟག་འཚེར་ཞེས་པའི་སར་ཡབ་ཆོ་ཆོ་ཚེ་རིང་དང་ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ཡང་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་དགོངས་པ་རྫོགས་རྗེས་བོད་གཞུང་གིས་སྔར་ལུགས་བཞིན་ཡང་སྲིད་རྩད་ཆོད་སྐོར་བཀོད་འདོམས་ཡོད་ཐོག རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་སྐུ་དངོས་ལྷ་མོའི་ཟླ་མཚོར་ཆེད་དུ་མཚོ་མཇལ་ཐེངས་གསུམ་གནང་བའི་གཟིགས་སྣང་བྱུང་རིགས་གཞིར་བྱས། བོད་ཡུལ་སོ་སོར་མི་སྣ་ཁག་བཞིར་བགོས་ཏེ་ཡང་སྲིད་རྩད་ཆོད་སྐོར་གང་སར་འོས་སྤྲུལ་དོགས་འཆར་ཚང་མ་བསྲེག་བཅད་བརྡར་གསུམ་བཞིན་བརྟག་དཔྱད་བྱས་མཐར། ཀོའུ་ཚང་སྤྲུལ་སྐུ་ངོ་ལས་ནས་མདོ་སྨད་ཙོང་ཁའི་ཡུལ་གྲུ་སྐུ་འབུམ་བྱམས་པ་གླིང་གི་ཤར་སྨད་སྟག་འཚེར་ཞེས་པར་ཁྱུའུ་ངོ་མཚར་གཞན་དང་མི་འདྲ་བ་ཞིག་འཁྲུངས་ཚུལ་སྐད་གྲགས་ཆེ་བ་དང༌། ཡུལ་གྱི་ཁོར་ཡུག་སོགས་ཀྱང་མཚོ་་གཟིགས་ཇི་བཞིན་བྱུང་བར་བརྟེན་རྒྱལ་བའི་འོས་སྤྲུལ་དུ་ལྷ་སར་གདན་འདྲེན་ཞུ་སྐབས། གོ་མིན་ཏང་ས་གནས་དཔོན་རིགས་མཱ་པུ་ཧྥང་(马步芳)གིས་བླུ་ཡོན་དངུལ་སྒོར་འབུམ་ཕྲག་བཞི་ཙམ་དགོས་ལུགས་ཟེར་བ་སོགས་འགོག་རྐྱེན་མང་སྟབས་གོ་མིན་ཏང་ཀྲུང་དབྱང་སྲིད་གཞུང་ལ་མི་ཞུ་ག་མེད་བྱུང་སྟེ། མཐར་དངུལ་སྒོར་ཆིག་འབུམ་སྤྲད་དེ་འོས་སྤྲུལ་དང་ཡབ་ཡུམ་འཁོར་བཅས་ལྷ་སར་གདན་འདྲེན་ཞུས། རབ་བྱུང་བཅུ་དྲུག་པའི་ས་ཡོས་སྤྱི་ལོ༡༩༣༩ལ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་གཙོས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ནས་མགྲིན་གཅིག་གིས་ཡང་སྲིད་ངོས་འཛིན་ཞུས་ཏེ་ཆིབས་བསུ་རིང་ཐུང་གིས་གཟབ་རྒྱས་ངང་ལྷ་ལྡན་ནོར་གླིང་ཕོ་བྲང་དུ་གདན་དྲངས་ཤིང༌། ཕྱི་ལོའི་ཚེས་མགོར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་མཚན་ཞབས་སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་གཉིས་ཀྱིས་ཡོངས་འཛིན་བགྲེས་གཞོན་གྱི་ཐུགས་འགན་བཞེས་ཐོག རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཡང་སྲིད་མཆོག་གི་དབུ་སྐྱེས་གཙུག་ཕུད་བཞེས་པར་མཛད། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་སྤྱི་ལོ༡༩༤༠ལ་མཛད་སྒོ་སོགས་སྔར་ལུགས་ལྟར་གཟབ་རྒྱས་ངང་ཕོ་བྲང་ཆེན་པོ་གྲུ་འཛིན་གཉིས་པའི་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ལེགས་པར་ཞུས། སྐབས་དེར་གོ་མིན་ཏང་ཀྲུང་དབྱང་སྲིད་གཞུང་གིས་བོད་སོག་ཨུ་ཡོན་ལྟན་ཁང་གི་ཨུ་ཡོན་ཀྲང་ཝུ་ཀྲུང་འིན(吴忠信)གཙོས་པའི་སྐུ་ཚབ་མངགས་གཏོང་བྱས་པ་རྒྱ་གར་བརྒྱུད་ལྷ་སར་འབྱོར་ཏེ་རྒྱལ་བ་བཅུ་བཞི་པའི་ཁྲི་ཕེབས་མཛདསྒོར་ཞུགས་ཏེ་དགའ་སྟོན་རྟེན་འབྲེལ་ཞུས་ཤིང༌། བོད་འབངས་སྐྱ་སེར་མཐའ་དག་ནི་དགའ་བདེའི་དཔལ་ལ་རོལ་པར་གྱུར་ཏོ།།
ཡང་རྒྱལ་དབང་སྐུ་འཕྲེང་བདུན་པ་ནས་བཟུང་རྒྱལ་བའི་ཡབ་ཡུམ་འཁོར་བཅས་ལ་དམིགས་བསལ་གཞིས་ཀ་སྦྱོར་འཇགས་གནང་བའི་སྲོལ་བྱུང་བར་བརྟེན་རྒྱལ་བ་འདི་པའི་བར་དུ་བོད་ཀྱི་མངའ་བདག་ཆེན་པོའི་ཡ་གྱལ་ཡབ་གཞིས་ཞེས་པའི་མཐོ་རིམ་སྐུ་དྲག་བྱུང་བ་ཡིན་ཏེ། ངེའང་རྒྱལ་དབང་བདུན་པའི་ཡབ་གཞིས་ནི་བསམ་གྲུབ་ཕོ་བྲང་དང༌། རྒྱལ་དབང་བརྒྱད་པའི་ཡབ་གཞིས་ལྷ་ཀླུ་པ། རྒྱལ་དབང་དགུ་བའི་ཡབ་གཞིས་ཟུར་ཁང་དུ་ཟླ་སྒྲིལ་བས་ཟུར་ཁང་པ་དང༌། རྒྱལ་དབང་བཅུ་པའི་ཡབ་གཞིས་གཡུ་ཐོག་པ། རྒྱལ་དབང་བཅུ་གཅིག་པའི་ཡབ་གཞིས་ཕུན་ཚོགས་ཁང་གསར་དང༌། རྒྱལ་དབང་བཅུ་གཉིས་པའི་ཡབ་གཞིས་ལྷ་ཀླུ་དུ་ཟླ་སྒྲིལ་བ་དང༌། རྒྱལ་དབང་བཅུ་གསུམ་པའི་ཡབ་གཞིས་གླང་མདུན་པ་དང༌། རྒྱལ་དབང་བཅུ་བཞི་པ་འདི་པའི་ཡབ་གཞིས་ནི་སྟག་འཚེར་པ་བཅས་ཡབ་གཞིས་སྐུ་དྲག་རིམ་པར་བྱུང་བ་ཡིན་འདུག་གོ །
ཡང་དེ་སྔོན་རྭ་སྒྲེང་རིན་པོ་ཆེ་རྒྱལ་ཚབ་གསར་བསྐོའི་སྐབས་སུ་ཁོང་གིས་རྒྱལ་ཚབ་དང་གླང་མདུན་པས་སྲིད་བློན་ལས་རོགས་སྔར་མུས་བཞིན་གནང་སྟེ་མཆོད་ཡོན་རྣམ་གཉིས་ནས་བོད་ཀྱི་ཆོས་སྲིད་ཐུགས་འགན་མཉམ་བཞེས་མཛད་དགོས་ཚུལ་སྐོར་གཏན་འབེབས་བྱུང་ཡོད་པ་ལྟར། ཁོང་རྣམ་གཉིས་ནས་ཀྱང་ལོ་ངོ་ལྔ་ཙམ་རིང་རྒྱལ་ཚབ་དང་སྲིད་བློན་ལྷན་རྒྱས་ནས་བོད་ཀྱི་སྲིད་འགན་བཞེས་པར་མཛད་པ་ཡིན་ལ། རབ་བྱུང་བཅུ་དྲུག་པའི་ས་སྟག་སྦྱི་ལོ༡༩༣༨ལ་རྒྱལ་ཚབ་རྭ་སྒྲེང་དང་སྲིད་བློན་གླང་མདུན་པ་རྣམ་གཉིས་གཞུང་སྒེར་ཕྱག་ལས་གནང་ཕྱོགས་ཐད་དགོངས་འཆར་མཐུན་མིན་བྱུང་བར་བརྟེན། རྭ་སྒྲེང་རིན་པོ་ཆེས་བསྟན་པ་གཅིག་ལ་སྟོན་པ་གཉིས་ལྟ་བུས་རྒྱལ་བའི་ཡང་སྲིད་གདན་ཞུ་སྐོར་སོགས་ལ་མཛད་དཀའ་ཡོང་རྐྱེན་རྒྱལ་ཚབ་ཀྱི་དགོངས་པ་ཞུ་དགོས་གསུངས་གྱང༌། བཀའ་ཤག་ནས་ཚོགས་འདུ་ཧྲག་བསྡུས་ཐོག་རྭ་སྒྲེང་རིན་པོ་ཆེས་མུ་མཐུད་རྒྱལ་ཚབ་གནང་དགོས་ཚུལ་དང་སྲིད་བློན་གླང་མདུན་པ་གདན་ཐོབ་གསོལ་ཕོགས་རང་འཇགས་ཐོག་སྲིད་ཟུར་མཛད་རྒྱུ་ཐག་བཅད། དེར་བརྟེན་རྭ་སྒྲེང་རིན་པོ་ཆེས་བོད་ཀྱི་ལུགས་ཟུང་གི་ཐུགས་འགན་ཡོངས་སུ་བཞེས་ཏེ་རྒྱལ་བའི་ཡང་སྲིད་གདན་ཞུ་དང་གསེར་ཁྲི་མངའ་གསོལ། ཡང་སྲིད་མཆོག་གི་དབུ་སྐྱེས་གཙུག་ཕུད་བཞེས་པར་མཛད་དེ་ཡོངས་འཛིན་བག