རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐབས་ཀྱི་གནས་ཚུལ།(དང་པོ)
རྒྱལ་དབང་སྐུ་ཕྲེང་བརྒྱད་པ་ནི་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་ཡིན་ལ། ཁོང་རབ་བྱུང་བཅུ་གསུམ་པའི་ས་སྟག་སྤྱི་ལོ༡༧༥༨ལ་གཙང་གཡས་རུའི་ཐོབ་རྒྱལ་ཞེས་པར་ཡབ་བསོད་ནམས་དར་རྒྱས་དང་ཡུམ་ཕུན་ཚོགས་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ཡང་རྒྱལ་དབང་བདུན་པ་ཆེན་པོ་སྐུ་གཤེགས་རྗེས་རྒྱལ་ཚབ་དེ་མོ་རིན་པོ་ཆེས་བཀའ་བཀོད་གནང་བ་ལྟར། གསང་སྟབས་མངོན་ཆུང་གི་སྒོ་ནས་ཕྱོགས་རྣམས་ཀུན་ཏུ་ཡང་སྲིད་རྩད་ཆོད་རྟོག་དཔྱོད་བྱས་མཐར་འོས་སྤྲུལ་དུ་གཙང་དང་འོལ་དགའ་ཁམས་བཅས་སུ་ཡོད་པའི་བྱིས་པ་གསུམ་གྱི་མོང་ཐོ་ཐོན་པ། གོང་མའི་དབུ་བླ་ཆེན་པོ་ལྕང་སྐྱ་རིན་པོ་ཆེ་དང་རྒྱལ་ཚབ་རིན་པོ་ཆེ་བཀའ་བློན་སོགས་བོད་ཀྱི་ལས་དོན་བྱེད་པོ་ཐམས་ཅད་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པར་རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གནང་དགོས་ཚུལ་གྱི་གསོལ་བ་བཏབ་པ་བཞིན། བླ་ལྷར་བརྟག་ལུང་དང་ངོ་མཚར་མཚན་རྟགས་རྩེ་མཐུན་བྱུང་བར་བརྟེན་པཎ་ཆེན་མཆོག་གིས་གཙང་དུ་འཁྲུངས་པ་ངོས་འཛིན་ལེགས་པར་ཞུས་ཐོག་ལྕང་སྐྱ་རིན་པོ་ཆེ་བརྒྱུད་ཆིན་གོང་མར་སྙན་སྒྲོན་ཕུལ། དེ་ནས་བོད་གཞུང་རྒྱལ་ཚབ་རིན་པོ་ཆེ་གཙོས་སེར་སྐྱ་དཔོན་རིགས་འཁོར་ཚོགས་རྒྱ་ཆེ་བ་རྒྱལ་བའི་ཡང་སྲིད་གདན་ཞུར་གཙང་དུ་ཕྱག་ཕེབས་གནང་། རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ་སྤྱི་ལོ༡༧༦༡ལ་ཡང་སྲིད་རིན་པོ་ཆེ་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུ་སྐྱེས་གཙུག་ཕུད་བཞེས་པར་མཛད། རབ་བྱུང་བཅུ་གསུམ་པའི་ཆུ་རྟ་སྤྱི་ལོ༡༧༦༢ལ་སྙེ་ཐང་བརྒྱུད་ཡུལ་ལྷ་ལྡན་དུ་ཞལ་བསྒྱུར་གནང་ཞིང་དེའི་ཚེ་བསྟན་པའི་མངའ་བདག་པཎ་ཆེན་རིན་པོ་ཆེ་གཙོས་གོང་མའི་སྐུ་ཚབ་རྒྱ་དཔོན་དང་རྒྱལ་ཚབ་རིན་པོ་ཆེ་རྒྱ་སོག་དྲག་དཔོན་རིགས་དང་གདན་ས་ཁག་གི་བླ་མ་ལས་སྣེ་དང་ལྷ་སྡེ་མི་སྡེ་གྲངས་ཀྱིས་མི་ལང་བས་བསུ་བ་སེར་སྦྲེང་རྒྱ་ཆེ་བ་བཅས་ལྷ་ལྡན་དུ་ཞབས་སོར་འཁོད་དེ་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་གྲུ་འཛིན་གཉིས་པ་ཕོ་བྲང་ཆེན་པོ་པོ་ཏྰ་ལའི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་ཀྱི་པདྨོ་མངོན་པར་བཀོད་དོ།། དེ་ནས་བཟུང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་མདུན་ནས་དབང་སོགས་བཀའ་ཆོས་གཟབ་རྒྱས་ཅན་གསན་བཞེས་མཛད་ཅིང་། སྒོས་སུ་ཡོངས་འཛིན་ཕུར་བུ་ལྕོགས་བླ་མ་ངག་དབང་བྱམས་པ་དང་བྱང་རྩེ་ཆོས་རྗེ་བྱ་ཁྱུང་ངག་དབང་གྲགས་རྣམ་གཉིས་ཆེད་བསྟེན་གྱིས་སྐུའི་ན་བབ་དང་བསྟུན་ནས་སྐུ་ཡོན་གསན་བསམ་གྱི་རིམ་པ་མ་འཆོལ་བར་བརྩོན་བཞེས་ཀྱིས་དུས་འདའ་བར་མཛད་ཅིང་། རབ་བྱུང་བཅུ་གསུམ་པའི་ཤིང་བྱ་སྤྱི་ལོ༡༧༦༥ལ་པཎ་ཆེན་ཐམས་ཅད་མཁྱེན་པའི་མདུན་ནད་དགེ་ཚུལ་གྱི་བསླབ་སྡོམ་འབུལ་བཞེས་མཛད། རབ་བྱུང་བཅུ་གསུམ་པའི་མེ་བྱ་སྤྱི་ལོ༡༧༧༧ལ་རྒྱལ་བའི་ཡང་སྲིད་རིན་པོ་ཆེ་དགུང་གྲངས་ཉི་ཤུར་ཕེབས་པར་བསྟུན་ལྷ་ལྡན་གཙུག་ལག་ཁང་དུ་པཎ་ཆེན་རིན་པོ་ཆེ་གཙོས་མཁན་སློབ་གྲངས་ཚང་བའི་དབུས་སུ་ཐུགས་རྫོགས་ལེགས་པར་བཞེས་ཏེ་སྡོམ་བརྩོན་བསྟན་པའི་མངའ་བདག་ཆེན་པོར་གྱུར། སྐབས་འདི་དག་ལ་གངས་ལྗོངས་སྲིད་དོན་གྱི་གནང་སྒོ་ཐམས་ཅད་སྲིད་སྐྱོང་དེ་མོ་རིན་པོ་ཆེ་གཙོས་བོད་སྡོད་ཨམ་བན་དང་བོད་གཞུང་བཀའ་ཤག་བཅས་ནས་སྔར་སྲོལ་རྒྱུན་འཛིན་གྱིས་སྐྱོང་བར་མཛད་ཅིང་རེ་ཞིག་གངས་ཅན་སྐྱེས་འགྲོ་མཐའ་དག་དགའ་བདེའི་དཔལ་ལ་ལོངས་སྤྱོད་པ་བྱུང་།
རབ་བྱུང་བཅུ་གསུམ་པའི་ཆུ་ལུག་སྤྱི་ལོ༡༧༦༣ལ་སྲིད་སྐྱོང་དེ་མོ་རིན་པོ་ཆེས་ལྷ་སར་བཞུགས་གནས་བླ་བྲང་བསྟན་རྒྱ་གླིང་བྱ་བ་གསར་སྐྲུན་གནང་ཞིང་། དེ་ནས་བཟུང་བསྟན་རྒྱས་གླིང་དེ་མོ་སྐུ་འཕྲེང་རིམ་བྱོན་གྱི་བདག་འཛིན་དང་བཞུགས་གནས་གཏན་འཇགས་སུ་གྱུར་པ་བོད་དབུས་གླིང་བཞིར་གྲགས་པའི་དང་པོ་འདི་བྱུང་བ་ཡིན། སྲིད་སྐྱོང་འདི་པས་ལོ་ངོ་ཉེར་གཅིག་རིང་གངས་ལྗོངས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཤིང་དེའི་རིང་རྒྱལ་དབང་བདུན་པའི་དགོང་རྫོགས་དང་གསེར་གདུང་རྒྱས་བསྐྲུན་མ་ཟད་ཡང་སྲིད་གདན་འདྲེན་སོགས་ཆོས་སྲིད་འཕྲིན་ལས་གནད་ཅན་བསྒྲུབ་ཐོག བོད་འབངས་བྱིངས་བརྩེ་བས་བསྐྱངས་པ་དང་དགོན་སྡེ་ཉམས་གསོ་སོགས་གངས་ཅན་བསྟན་འགྲོའི་སྨན་པའི་མཛད་རྗེས་གང་ལེགས་བསྐྲུན། དེའི་སྐབས་སུ་ཁུལ་ཞེ་ཧོར(热河)བྱ་བ་ད་ལྟའི་ཧོ་པེ་ཞིང་ཆེན་གྱི་ཁྲིན་ཏེ་གྲོང་ཁྱེར་གྱི་གོང་མའི་ཚ་བྱོལ་ཕོ་བྲང་གི་ཉེ་འགྲམ་དུ་བོད་ཀྱི་ཕོ་བྲང་གྲུ་འཛིན་གཉིས་པ་པོ་ཏྰ་ལར་དཔེ་བླངས་ནས་བཞེངས་པའི་དགོན་སྡེ་གསར་བསྐྲུན་མཛད་པར་བོད་ནས་མཁན་པོ་དང་དབུ་འཛིན་ལ་སོགས་པ་གཏོང་གནང་ལེགས་པར་མཛད་པ་དང་། དེར་བརྟེན་བོད་རྒྱ་སོག་གསུམ་གྱི་ཡུལ་གྲུ་དག་ཏུ་དགེ་ལྡན་བསྟན་པ་རྒྱ་ཆེར་དར་སྤེལ་བྱུང་བ་ཡིན་འདུག་གོ །
རབ་བྱུང་བཅུ་གསུམ་པའི་མེ་བྱ་སྤྱི་ལོ༡༧༧༧ལ་སྲིད་སྐྱོང་དེ་མོ་རིན་པོ་ཆེ་སྐུ་གཤེགས་ཤིང་དེའི་ཚབ་ཏུ་གོང་མས་སྐབས་དེར་པེ་ཅིན་དུ་བཞུགས་པའི་ཤར་རྩེ་མཁན་པོ་རྡོར་ངག་དབང་ཚུལ་ཁྲིམས་བསྐོ་བཞག་མཛད་ཅིང་། བོད་ཕྱིར་ཕེབས་ནས་དང་ཐོག་བཞུགས་གནས་དགའ་ལྡན་ཁང་གསར་བྱས་ལ་ཕྱིས་སུ་ཚེ་སྨོན་གླིང་དུ་སྤོ་བཞུགས་མཛད་པ་ནས་བཟུང་དབུས་གཙང་གླིང་བཞིའི་གཉིས་པ་ཚེ་སྨོ