དགའ་ལྡན་ཕོ་བྲང་གི་སྐབས་སུ་ཁྲིམས་ཡིག་གཏམ་འབེབས་བྱས་པའི་སྐོར།
ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་བ་དང་ཕྱག་མཛོད་བསོད་ནམས་རབ་བརྟན། སོག་པོ་གུ་ཤྲི་ཧན་སོགས་ཀྱིས་གཙང་ཕམ་པར་བྱས་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་གསར་དུ་བཙུགས་པ་དང་། སྲིད་དབང་སྲ་བརྟན་གྱི་ཆེ་དུ་ཏྰ་ལའི་བླ་མས་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་ཞེས་པ་ཞིག་ཁྱབ་བསྒྲགས་གནང་འདུག་ཀྱང་དོན་དུ་གཙང་སྡེ་སྲིད་ཀྱི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་དང་གཅིག་པར་སྣང་བས་འདིར་མ་བཀོད། དེའི་རྗེས་སུ་གནས་དུས་ཀྱི་དགོས་མཁོ་དང་བསྟུན་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས《བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང》ཞེས་པ་ཞིག་རྩོམ་སྒྲིག་མཛད་ཡོད་པ་དང་། འདིར་ཁྲིམས་ཡིག་དེ་ལ་དོན་ཚན་ཉེར་གཅིག་ཡོད་པ་དེའི་དོན་ཚན་སོ་སོ་མདོར་གསལ་དུ་དགོད་པར་བྱའོ།།
དང་པོ། སྲིད་སྐྱོང་བའི་ས་སྐྱོང་དེའི་བྱ་གཞག་གི་གཙོ་བོ། གཉིས་པ། ལས་ཚན་བཅུ་གསུམ་གྱི་འོས་འགན་སྐོར། གསུམ་པ། བློན་པོའམ་ཕྱིང་སང་དུ་གྲགས་པའི་འོས་འགན། བཞི་བ། དམག་དཔོན་དང་མདའ་དཔོན་གཉིས་འཐུས་ཤོར་གྱི་འོས་འགན། ལྔ་བ། ཁྲིམས་ཀྱི་ཞལ་ལྕེ་གཅོད་པའི་སྔོན་དུ་ཞིབ་བཤེར་བྱེད་རྒྱུའི་འོས་འགན། དྲུག་བ། མགྲོན་གཉེར་གྱི་འོས་འགན། བདུན་པ། དྲུང་ཡིག་གི་འོས་འགན། བརྒྱད་པ། དངོས་རྫས་བདག་གཉེར་བྱེད་སྟངས་ཀྱི་སྐོར། དགུ་བ། རྒྱལ་པོའི་བྱ་བཞག་ཕྲ་ཞིབ་ཐམས་ཅད་རྩིས་ཀྱི་གཏན་ལ་འབེབས་དགོས་པའི་སྐོར། བཅུ་བ། རྟ་མཛོའི་དཔོན་གྱིས་བགྱིད་པའི་རིམ་པ། བཅུ་གཅིག རྩེ་ཞོལ་ལྷ་སས་མཚོན་པའི་ཉེ་སྐོར་གྱི་གཉེར་བ་དང་། མི་དཔོན་བཅས་ཀྱིས་བགྱིད་འོས་ཀྱི་རིམ་པ། བཅུ་གཉིས། གསོལ་གཟིམས་ཕྱག་ཚང་པས་མཚོན་པའི་ནང་སྐོར་གྱི་བགྱི་བ། བཅུ་གསུམ། བཟོ་རིགས་འུ་ལག་དང་བཅས་པའི་དོ་དམ་པའི་བགྱི་བ། བཅུ་བཞི། སྡོམ་གཅོད་པའམ་འགག་པ་རྣམས་ཀྱི་འོས་འགན་སྐོར། བཅོ་ལྔ། དཀོར་གཉེར་དུ་གཏོགས་པ་རྣམས་ཀྱིས་བགྱི་པའི་འོས་འགན། བཅུ་དྲུག བྱང་རིགས་ཀྱི་རྡ་རོ་ཁ་དང་། རྩྭ་ཤིང་། ཁང་པ། གདན་སོགས་ཕྲན་ཚེགས་ཀྱི་གཉེར་པའི་འོས་འགན། བཅུ་བདུན། ཕྱོགས་སུ་མངགས་པའི་ཚོང་དཔོན་དང་གསེར་ཡིག་པའི་འོས་འགན། བཅོ་བརྒྱད། ཡོང་སྡུད་པའི་རིམ་པའི་སྐོར།
བཅུ་དགུ། བཀར་རྒྱ་ཉིས་གཤོར་བགྱི་བའི་རིམ་པ། ཉི་ཤུ་བ། རྫོང་སྒོ་སོ་སོའི་རྫོང་སྡོད་ཀྱི་དཔོན་པོ་དག་གིས་བསྲུང་བྱ་དང་བསྒྲུབ་བྱ་གང་དང་གང་གཏན་འབེབས་བྱས་པའི་སྐོར། ཉེར་གཅིག གཞིས་གཉེར་གྱིས་བགྱིད་དགོས་པའི་རིམ་པ་སོགས་ཀྱི་རྩ་ཁྲིམས་སམ་ཤེས་བྱ་གཏན་འབེབས་བྱས་པ་ཞིག་ཡིན། ཁྲིམས་ཡིག་འདིའི་ནང་དོན་ཞིབ་ཏུ་ཤེས་འདོད་ཡོད་པ་རྣམས་ཀྱིས་《དྭངས་ཤེལ་མེ་ལོང་》ཉིད་ལ་གཟིགས་ན་འཐུས་ཀྱང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་བུ་ཆོས་སྲིད་གཉིས་ཀ་ལ་ཤིན་ཏུ་མཁས་པ་ཞིག་གིས་ཁྲིམས་ཡིག་འདི་ལྟ་བུ་ཞིག་བརྩམས་ཞེས་པ་ནི་ཡིད་ཆེས་དཀའ་འོ།།
བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ལས།