དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པའི་སྐོར།
གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཐོག་མར་མདོ་ཁམས་བཟུང་བ་དང་། དེ་ནས་རིམ་བཞིན་གཙང་སྡེ་སྲིད་ཀརྨ་བསྟོན་སྐྱོང་དབང་པོ་དབང་དུ་བསྡུས། གཙང་པ་སྡེ་སྲིད་རྗེས་འབྲངས་པ་དང་བཅས་པ་ཆམ་ལ་ཕབ། རབ་བྱུང་བཅུ་གཅིག་པའི་ཆུ་རྟ(༡༦༤༢)ལོའི་ཟླ༣པར་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་ལྡན་འབྲས་སྤུངས་ནས་གཞིས་རྩེར་གདན་དྲངས། ཚོམས་ཆེན་དུ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་། བསོད་ནམས་ཆོས་འཕེལ་སོགས་བོད་སོག་གི་དཔོན་རིགས་མང་པོ་ཚོགས། དབུས་སུ་དེ་སྔ་ཧོར་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པར་ཕུལ་བའི་མ་སྐྱེས་དགྲའི་རྟེན་སྐལ་རྒྱལ་བ་ཉི་མའི་གཉེན་གྱི་འཕེལ་གདུང་རྒྱལ་མཁར་རྩེར་བཞུགས་པར་གྲགས་པ་དང་། ཁྲུས་ལུང་མ་ཎི་མའམ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་གསལ་མེ་ལོང་སོགས་ནང་རྟེན། བླ་སྐུ་ལི་མ་རྒྱ་ནག་ལས་མཚོན་པའི་མཆོད་རྟེན་མང་པོ། དེ་བཞིན་གནའ་རྫས་ཁྱད་པར་ཅན་དུ་མ་རྒྱལ་མཆོག་ལྔ་པ་ཆེན་མོར་ཕུལ་བ་དང་འབྲེལ་གཙང་པ་རྒྱལ་པོའི་ཕོ་བྲང་གཞིས་ཀ་བསམ་གྲུབ་རྩེས་ཐོག་དྲངས་བོད་ཁྲི་སྐོར་བཅུ་གསུམ་གྱི་དབང་ཆ་ཡོངས་རྫོགས་ཕུལ་བ་ཡིན་ཞེས་ཁྱབ་བསྒྲགས་མཛད། ཕྱག་མཛོད་བསོད་ནམས་ཆོས་འཕེལ(མཚན་གཞན་བསོད་ནམས་རབ་བརྟན་དང་། རྒྱ་ལོ་ཆོས་མཛད་ཟེར།)ལ་སྡེ་སྲིད་ཀྱི་གོ་གནས་གནང་། ཕྱི་ནང་གི་སྲིད་ཀྱི་ལས་དོན་མཐའ་དག་གི་འགན་ཁུར་དགོས་པའི་བཀའ་ཕབ། དེ་ནས་བཟུང་གནམ་བསྐོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས། ལོ་འདིའི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་གཞིས་རྩེ་ནས་ཆིབས་ཁ་བསྒྱུར་ཏེ་ས་གནས་འགའ་ཞིག་ལ་སྐོར་ཞིབ་གནང་། ཟླ་ཤས་སོང་རྗེས་ལྷ་སར་ཕྱིར་ཕེབས། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་དང་། སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་སྲིད་དབང་བཟུང་རྗེས་ཀརྨ་བསྟན་སྐྱོང་དབང་པོའི་རྗེས་འབྲངས་པ་སྐུ་དྲག་དཔོན་རིགས་དང་། ལྷ་སྡེ་ཁག་གི་གཞིས་ཀ་དང་འབངས་འཁོར་གཡོག་རྣམས་གཞུང་བཞེས་བཏང་སྟེ་དགའ་ལྡན་ཕོ་བྲང་སྲིད་གཞུང་འཛུགས་སྐབས་བྱས་རྗེས་འཇོག་མཁན་དཔོན་རིགས་དང་། དགོན་སྡེ་ཁག་ལ་གནང་། དེར་བརྟེན་སྐུ་དྲག་དཔོན་རིགས་གསར་རྙིང་དབར་གྱི་འགལ་བ་དེ་སྔར་ལས་རྙོག་འཛིང་ཆེ་བར་གྱུར་། གཙང་དང་། ལྷོ་ཁ་ས་ཁུལ་གྱི་ཀརྨ་བསྟན་སྐྱོང་དབང་པོའི་རྗེས་འབྲངས་པར་རང་ཉིད་ཕམ་པར་སྡུག་འཁུར་མི་ཐུབ་པར་དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་བྱེད་པའི་ཟིང་ཆ་བསླངས་ཏེ་གཙང་དང་ལྷོ་ཁ་ས་ཁུལ་གྱི་ས་གནས་འགའ་ཞིག་བཟུང་། དེ་མཚུངས་ཀརྨ་པ་ཆོས་དབྱིངས་རྡོ་རྗེས་ཀོང་པོ་ཁུལ་གྱི་ཕན་བདེ་དགོན་པ་སོགས་ཀརྨ་བསྟན་སྐྱོང་དབང་པོའི་རྗེས་འབྲངས་པ་དཔོན་རིགས་ཁག་དང་། དགོན་སྡེ་ཁག་ལ་ཤོག་སྦུབས་རླུང་འཚང་གིས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ(༡༦༤༢)ལོའི་ཟླ་བཅུ་གཅིག་པར་ཟིང་ཆ་ཤུགས་ཆེན་བསླངས་ཏེ་ཀོང་པོ་ཁུལ་གྱི་དགེ་ལུགས་པའི་དགོན་པ་མེར་བསྲེགས་པ་དང་། དགེ་འདུན་པ་ལྔ་བརྒྱ་ལྷག་ཙམ་དམར་གསོད་བཏང་བ། རིམ་བཞིན་ས་གནས་མང་པོ་བཙན་བཟུང་བྱས། བཙུགས་མ་ཐག་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་ལའང་ཉེན་ཁ་བྱུང་བར་བརྟེན་སྡེ་སྲིད་བསོད་ནམས་ཆོས་འཕེལ་དང་། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་དམག་དཔོན་ཆེན་པོ་བསྟན་འཛིན་དྰ་ལའི་ཧན་སོགས་བོད་སོག་གི་དཔུང་དམག་ཁྲི་འགའ་ཞིག་བཏང་སྟེ་དྲག་གནོན་བྱས། ཀོང་ཡུལ་དུ་ཀརྨ་པའི་རྗེས་འབྲངས་པ་དཔོན་རིགས་དང་། བཀའ་བརྒྱུད་པའི་གྲྭ་པ་སོགས་མི་གྲངས་བདུན་སྟོང་ལྷག་ཙམ་དམར་གསོད་བཏང་། ཀརྨ་ཆོས་དབྱིངས་རྡོ་རྗེ་འཇིགས་སྐྲག་རབ་ཏུ་སྐྱེས་ཏེ་ཉིན་མཚན་བསྟུད་མར་འཇལ་ཡུལ་དུ་བྲོས་བྱོལ་ཕྱིན། དུས་དེར་རྒྱལ་མཆོག་པ་ངག་དབང་བློ་བཟང་རྒྱ་མཚོ་དང་། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་སོགས་ཀྱིས་བ་མ་ཤི་སྙང་མའི་རྒྱུན་མི་ཆད་ཅེས་པའི་དཔེ་ལྟར། ཀརྨ་བསྟན་སྐྱོང་དབང་པོའི་རྗེས་འབྲངས་པ་གཙོ་བོ་རྣམས་རྩ་མེད་དུ་བཏང་ན་ད་དུང་གཅིག་མཇུག་གཉིས་མཐུད་ཀྱིས་ཟིང་ཆ་ལངས་ནས་ཁོ་པ་ཚོའི་ལག་ཏུ་ཡོད་པའི་སྲིད་དབང་དེའང་ཤོར་ཉེན་ཡོད་ལ། རང་ཉིད་ཀྱི་སྲོག་ལའང་ཉེན་པ་གནས་ཡོད་པ་དེ་གསལ་བོར་རྟོགས། སྲིད་དབང་འཕྲོག་ལེན་བྱེད་པ་ནི་ཁྱོད་ཤ་ང་གསོན་གྱི་འཐབ་རྩོད་ཡིན་པས་ཁོ་པ་རྣམས་ཀྱིས་ཀརྨ་བསྟན་སྐྱོང་དབང་པོའི་རྗེས་འབྲངས་པ་དཔོན་རིགས་སེར་སྐྱ་ཆེ་གྲས་སྲོག་བཀུམ། ཕ་གཞིས་ཡོངས་རྫོགས་གཞུང་བཞེསས་བཏང་། ཀརྨ་བཀའ་རྒྱུད་ཀྱི་དགོན་པ་མང་ཆེ་བ་གཏོར།
ཆོས་བྱེད་སྐྱེས་བུ་རྣམས་ལ་ལག་ཐེལ་བརྒྱབ་ནས་དགེ་ལུགས་པའི་དགོན་པ་ཁག་ལ་རྩིས་སྤྲད་དེ་བཙན་ཤེད་ཀྱིས་དགེ་ལུགས་པའི་ཆོས་སུ་བཅུག དུས་དེར་དབང་བསྒྱུར་གྲལ་རིམ་ནང་ཁུལ་སྲིད་དབང་འཕྲོག་ལེན་བྱེད་པའི་འཐབ་རྩོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ནི་ཆོས་ལུགས་ཀྱི་ཁེ་ཕན་ལ་ཁྱེར་ཏེ་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་གཏོང་ཐབས་བྱེད་པ་དེ་རེད། ཁོ་པོ་ཚོས་ཆབ་སྲིད་ཀྱི་འཐབ་རྩོད་ལ་ཆོས་ལུགས་ཀྱི་མཛེས་རྒྱན་སྤྲས་ཏེ་རང་ཉིད་ཀྱི་དབང