logo

རྒྱལ་དབང་ལྔ་བ་ཆེན་པོས་བོས་སྲིད་མཛད་ཚུལ།

རྩོམ་པ་པོ།:རྒྱལ་མོ་འབྲུག་པ། ཡོང་ཁུངས།:རྒྱལ་བ་སྐུ་འཕྲེང་ལྔ་པ་ནི་ངག་དབང་བློ་བཟང་རྒྱ་ དུས་ཚོད།:2009-09-02 ཀློག་གྲངས།:

  རྒྱལ་བ་སྐུ་འཕྲེང་ལྔ་པ་ནི་ངག་དབང་བློ་བཟང་རྒྱ་མཚོ་ཡིན་ལ།   ཁོང་རབ་བྱུང་བཅུ་པའི་མེ་སྦྲུལ་སྤྱི་ལོ༡༦༡༧ལ་སྡེ་སྲིད་ཕག་མོ་གྲུ་བའི་བློན་ཆེན་ཧོར་བདུད་འདུལ་རབ་བརྟན་གྱི་སྲས་སུ་ཡར་ཀླུང་འཕྱོངས་རྒྱས་སུ་སྐུ་འཁྲུངས། སྐབས་དེར་གཙང་པ་སྡེ་སྲིད་ཀྱིས་བོད་དབུས་གཙང་ཀུན་ལ་དབང་བྱེད་པའི་སྐབས་ཡིན་ཐོག་རྒྱལ་བ་བཞི་པས་གཙང་པ་སྡེ་སྲིད་ལ་མངོན་སྤྱོད་ཀྱི་ལས་སྦྱོར་མཛད་པའི་རྐྱེན་སོགས་གང་ལྟར་གར་དགེ་གྲུབ་མཐའི་འཐབ་རྩོད་རྣོ་ངར་ཅན་དུ་ཕྱིན་པའི་དུས་ཡིན་སྟབས།  ཡང་སྲིད་ལྔ་བ་ངོས་འཛིན་བྱེད་མི་ཆོག་པར་བསྒྲགས་ཀྱང་མཐར་པཎ་ཆེན་སྐུ་འཕྲེང་བཞི་བའི་པ་བློ་བཟང་ཆོས་རྒྱན་གྱི་ཐབས་མཁས་ཐུགས་རྗེའི་མཐུ་ལ་བརྟེན་ནས་རབ་བྱུང་བཅུ་པའི་ཆུ་ཁྱི་སྤྱི་ལོ༡༦༢༢ལ་ཡང་སྲིད་དགུང་ལོ་དྲུག་བཞེས་པ་ངོས་འཛིན་ལེགས་པར་ཞུས་ཏེ།  པཎ་ཆེན་རིན་པོ་ཆེ་གཙོས་ཀྱི་གདན་ས་གསུམ་གྱི་བླ་གྲྭ་རྣམས་ནས་དཔལ་ལྡན་འབྲས་སྤུངས་སུ་གདན་དྲངས་ཏེ་དགའ་ལྡན་ཕོ་བྲང་གི་ཁྲིར་མངའ་གསོལ།  དེ་ནས་པཎ་ཆེན་མཆོག་ལས་རབ་བྱུང་དང་ཁོང་བླ་མའི་གཙོ་བོར་བསྟེན་ནས་སྐུའི་ན་ཚོད་དང་བསྟུན་པའི་རིམ་པ་བཞིན་མདོ་རྒྱུད་རིག་གནས་རྒྱ་མཚོར་གསན་བསམ་ལེགས་པར་གནང་ཞིང༌།  སྒོས་སུ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ལས་གསང་སྔགས་གྱི་སྐོར་དང་ཁྲི་ཆེན་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ལས་གཞུང་ཆེན་དཀའ་པོད་ལྔ་དང་སྨིན་གྲོལ་པཎ་ཆེན་ཡབ་སྲས་ལས་སྒྲ་དང་སྙན་ངག་གི་སྐོར།  དེ་མིན་བཤེས་གཉེན་དམ་པ་ཆེས་མང་པོ་ལས་ཤེས་བྱ་སྤྱི་དང་ཁྱད་པར་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ལ་ནང་བྱན་ཆུད་པར་མཛད་པས།  ཆོས་སྲིད་ཀྱི་གཙུག་ལག་མཐའ་དག་ལ་མཁྱེན་པའི་ཀློང་བརྡོལ་བར་གྱུར་པས་ངེས་པ་དོན་གྱི་རྒྱལ་བའི་དབང་པོའམ་ཐམས་ཅད་མཁྱེན་པའི་མཚན་དོན་ཚང་པར་གྲུབ་པས་ཀུན་གྱིས་རྒྱལ་དབང་ལྔ་པ་ཆེན་པོ་ཞེས་བརྗོད་དོ།།

  ཡང་སྐབས་དེར་གཙང་པ་སྡེ་སྲིད་ཡབ་སྲས་ཀྱིས་རང་གི་སྟོབས་ཤུགས་ཡོད་ཚད་ཀྱིས་དགེ་ལུགས་པར་སྡང་ཟུག་མནན་ཤུགས་ཆེ་བ་མ་ཟད། མཆོ་སྔོན་དུ་འཁྱམས་པའི་ཧལ་ཧའི་ཆོག་ཐུ་རྒྱལ་པོ་དང་ཁམས་བེ་རི་རྒྱལ་པོ་བཅས་དཔུང་རོགས་སུ་བརྟེན་ནས་དགེ་ལུགས་པ་རྩ་མེད་བཟོ་རྩིས་གྱི་བསམ་སྦྱོར་སྤེལ་ནས་ཐོག་མར་མཚོ་སྔོན་དང་ཁམས་ཕྱོགས་སུ་དགེ་ལུགས་པའི་དགོན་སྡེ་མང་པོ་བཅོམ་བརླག་བགྱི་བའི་ཚེ།  དགེ་ལུགས་པའི་མཐོ་རིམ་མི་སྣ་པཎ་ཆེན་སྐུ་འཕྲེང་བཞི་པ་དང་རྒྱལ་བ་ལྔ་བའི་ཕྱག་མཛོད་བསོད་ནམས་ཆོས་འཕེལ་ལམ་བསོད་ནམས་རབ་བརྟན་གཉིས་གྲོས་ཐོག་ནས།  སྐབས་དེར་ཤིན་ཅང་དུ་ཡོད་པའི་ཨོ་རོད་ཚོ་བཞིའི་ཡ་གྱལ་ཧུ་ཤོག་ཐུ་ཚོ་བའི་མགོ་དཔོན་གུ་ཤྲི་ཧན་ལ་རྒྱབ་རྟེན་བཅོལ་བ་དང༌།  དེས་ཀྱང་དཔུང་བཏེགས་ནས་ཐོག་མར་མཆོ་སྔོན་ནས་ཆོག་ཐུའི་རུ་སྡེ་བཅོམ་ཞིང་རིམ་བཞིན་ཁམས་བེ་རི་རྒྱལ་པོ་འཁོར་དང་བཅས་པ་བཅོམ་སྟེ་རབ་བྱུང་བཅུ་པའི་ས་ཡོས་སྤྱི་ལོ༡༦༣༩ལ་དཔུང་གཏོས་ཆེ་བ་བར་ཁམས་བརྒྱུད་ཐད་ཀར་དབུས་གཙང་དུ་བཏེགས་ནས་གཙང་པ་སྡེ་སྲིད་རྗེས་འབྲངས་དང་བཅས་པ་ཚར་བཅད།  རབ་བྱུང་བཅུ་པའི་ཆུ་རྟ་སྤྱི་ལོ༡༦༤༢ལ་གུ་ཤྲི་ཧན་གཙོས་པའི་སོག་དམག་རྣམས་གཙང་དུ་སླེབས་ཏེ་གཙང་པ་སྡེ་སྲིད་ཀྱི་ཕོ་བྲང་གཞིས་ག་བསམ་གྲུབ་རྩེ་རྩིས་བླངས་ཤིང་གཡུལ་ལས་རྣམ་པར་རྒྱལ་བ་བྱས་ཐོག  གུ་ཤྲི་ཧན་གྱིས་རྒྱལ་བ་ལྔ་བ་ཆེན་པོ་གཙང་ཕྱོགས་སུ་གདན་དྲངས་ཏེ་གཞིས་རྩེ་ཕོ་བྲང་གི་བོད་སྔ་རབས་ནས་བརྒྱུད་པའི་གཅེས་ནོར་དང་ལྷ་རྟེན་མཆོད་གསུམ་བྱིན་ཅན་རྣམ་གྲངས་མང་པོས་ཐོག་དྲངས།  བོད་ཁྲི་སྐོར་བཅུ་གསུམ་གྱི་བདག་དབང་ཡོངས་རྫོགས་རྒྱལ་བ་ལྔ་བ་ཆེན་པོར་ཕུལ་ནས་རང་ཉིད་རིགས་རྒྱུད་དང་བཅས་པ་རྒྱལ་བ་མཆོག་གི་ཆོས་འབངས་སུ་འབུལ་སྦྱོར་མཛད་བསྟུན་རྒྱལ་པོའི་མཚན་བཟུང་ནས་འདམ་གཞུང་དུ་སྒར་གཞིས་བཏབ་སྟེ་བཞུགས།  རྒྱལ་དབང་མཆོག་གིས་རང་གི་བཞུགས་གནས་ཀྱི་ཕོ་བྲང་གི་མཚན་དང་སྦྲེལ་ནས་དགའ་ལྡན་ཕོ་བྲང་ཞེས་པའི་བོད་ས་གནས་སྲིད་གཞུང་དངོས་སུ་བཙུགས་ཐོག་ཆབ་སྲིད་ཀྱི་བྱ་བ་རྣམས་ཕྱག་མཛོད་བསོད་ནམས་ཆོས་འཕེལ་སྡེ་སྲིད་ཀྱི་ཁྲིར་བཀོད་དེ་གངས་ལྗོངས་ཆོས་སྲིད་ཀྱི་འཕྲིན་ལས་རྒྱ་ཆེན་པོར་སྤེལ་བར་མཛད་དོ།།

  དེ་ལྟར་རྒྱལ་དབང་ལྔ་བ་ཆེན་པོ་ནི་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་ལས་ཏོག་ལྟར་མངོན་པར་མཐོ་ཞིང་མཚན་སྙན་རབ་ཏུ་རྒྱས་པ་ཞིག་ཡིན་སྟབས་བོད་ཀྱི་ལོ་རྒྱུས་སྟེང་གོ་གནས་ཆེན་པོ་ཟིན་པའི་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོར་ཆེན་པོ་ངེས་ཤིང༌།  ཁོང་གིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས་ཆོས་སྲིད་ལུགས་གཉིས་ཀྱི་ཐད་ལ་མཁས་མཛངས་རླབས་ཆེན་གྱི་མཛད་འཕྲིན་རབས་དང་རིམ་པ་སྤེལ་བ་ཡིན་ཏེ།  ཐོག་མར་ཆོས་ལུགས་ཐད་བཀའ་བརྒྱུད་དང་ཇོ་ནང་ཕུད་པའི་གྲུབ་མཐའ་སོ་སོ་རང་རང་གི་ལུགས་ལྟར་གནས་པ་ལས་གྲུབ་མཐའི་རྩོད་འཁྱེར་གྱི་འཁྲུག་རྩོད་ཞི་བར་འཇགས་ཐོག་བོད་མི་རིགས་ནང་ཁུལ་གྱི་མི་དམངས་མཐུན་སྒྲིལ་དང་ལྷིང་འཇགས་ངང་ལེགས་པར་བསྐྱངས་པར་མཛད།  ཁོང་གི་སྐུ་ཚེ་ཧྲིལ་པོའི་མཛད་པ་ཡོངས་རྫོགས་བརྗོད་ཀྱིས་མི་ལང་བས་ཞིབ་པར་མཁྱེན་འདོད་ན་རང་རྣམ་དུ་ཀུ་ལའི་གོས་བཟངསོགས་ལ་གཟུགས་པར་ཞུ་ལ།  འདིར་ཁོང་གི་སྲིད་ཕྱོགས་དང་འབྲེལ་བའི་མཛད་འཕྲིན


འབྲེལ་ཡོད་འོས་སྦྱོར།