འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་མཇལ་བའི་ལོ་རྒྱུས།
འཕགས་པ་ཐོགས་མེད་ཀྱིས་རི་བོ་བྱ་རྐང་དུ་མི་ལོ་བཅུ་གཉིས་རིང་རྗེ་བཙུན་བྱམས་མགོན་བསྒྲུབས་པའི་ལོ་རྒྱུས་ནི་ཡོངས་གྲགས་བསྟན་བཅོས་མང་པོ་ནས་གསལ་ཡང༌། འདིར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ཞེས་པ་ལས་དུམ་བུ་ཞིག་དྲངས་ན། དེ་ཉིད་ལས། དེ་ནས་རྗེ་བཙུན་བྱམས་པ་བསྒྲུབས་ལ་བསྟན་པ་དར་བར་བྱའོ་དགོངས་ཏེ་རི་བོ་བྱ་རྐང་གི་ཕུག་བསྒྲུབ་ཏུ་བྱོན་ཏེ་ལོ་གསུམ་ཏུ་བསྒྲུབ་པས་མཚན་མ་ཅུང་ཟད་ཀྱང་མ་མཐོང་བས་སྐྱོ་སྟེ་ཕྱིར་ཐོན་པ་ན་རྒན་མོ་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་བུ་ལ་ཁབ་བྱེད་པ་མཐོང་ནས། ཁབ་ཇི་ལྟར་འབྱུང་ཞེས་དྲིས་པས། སྙིང་སྟོབས་ལྡན་པའི་སྐྱེ་བུ་ཡིས། །བསྒྲུབ་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣགས་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག ། ཟེར་བས་བརྩོན་འགྲུས་རྩོམ་དགོས་པར་དགོངས་ནས་སླར་ཡང་ལོ་གསུམ་དུ་མཚམས་བཅད་དེ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་གང་ཡང་མ་བྱུང་བས་སྐྱོ་སྟེ་ཕྱིར་འཐོན་པ་ན། ཆུ་ཐིགས་ཀྱིས་བྲག་ཟད་པར་མཐོང་ནས་བརྩོན་འགྲུས་ཡུན་རིང་དུ་བསྒྲུབ་དགོས་པར་མཐོང་ནས་ཡང་ལོ་གསུམ་མཚམས་བཅད་དེ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་གང་ཡང་མ་བྱུང་བས་སྐྱོ་སྟེ་ཕྱིར་འཐོན་པ་ན། བྱ་སྒྲོས་བྲག་ཟད་པར་མཐོང་ནས་ད་དུང་བརྩོན་པ་བྱེད་དགོས་པར་དགོངས་ནས་སླར་ཡང་མཚམས་བཅད་དེ་བསྒྲུབས། དེ་ལྟར་མི་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་མ་བྱུང་བས་སྐྱོ་སྟེ་ཕྱིར་འཐོན་ནས་ཕྱིན་པ་ན། ཁྱི་མོ་རོ་སྨད་འབུས་གཞིགས་པ། རོ་སྟོད་ཟུགས་ཟ་བ་ཞིག་མཐོང་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། འབུ་རྣམས་བསལ་ན་འབུ་འཆི། མ་བསལ་ན་ཁྱི་མོ་འཆི་བར་སྣང་བས་རང་གི་ལུས་ལས་ཤ་བཅད། དེ་འབུ་རྣམས་བླང་ངོ་སྙམ་སྟེ་གྲོང་ཁྱེར་ཨ་ཙན་ཏ་ཞེས་བྱ་བར་ཕྱིན་ཏེ། གསེག་ཤིང་གཏེང་བར་བཅུག་ནས་གསེར་གྱི་སྤུ་གྲི་གཡར་ཏེ་རང་གི་ལུས་ལས་ཤ་བཅད་ལག་པས་བླངས་ན་འབུ་རྣམས་ཤི་ཡི་དོགས་ཏེ། སྤྱན་བཙུམས་ཏེ་ལྗགས་ཀྱིས་བླངས་པ་ན་ཁྱི་མོ་མེད་པར་རྗེ་བཙུན་འོད་དང་ལྡན་པར་མཐོང་ནས། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱ་འབད་ཀྱང་འབྲས་མ་མཆིས། །ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང༌། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཙམ་མ་བྱུང་ན་ཐུགས་རྗེ་རེ་ཆུང་ཞེས་འཕངས་པས་རྗེ་བཙུན་གྱིས། ལྷ་ཡི་རྒྱལ་པོས་ཆར་བབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ང་དང་པོ་ནས་ཡོད་དེ་ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་ལས་སྒྲིབ་དག་ནས་མཐོང་བ་ཡིན། དེ་ལྟར་ཡིན་པ་ཁྱོད་རང་ང་ཕྲག་ཐོག་ཏུ་ཁྱེར་ལ་མི་རྣམས་ལ་སྟོན་ཅིག་གསུངས་ནས་བསྟན་པས་མཐོང་བ་མ་བྱུང་བས་དེས་ཡིད་ཆེས་གོ ། ཞེས་གསུངས་པ་ལྟར་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་དེ་ལྟ་བུ་རི་བོ་བྱ་རྐང་གི་གནས་དེར་བྱུང་ཡོད་ཅིང༌། རྗེ་བཙུན་བྱམས་མགོན་གྱིས་ཐོགས་མེད་ལ་ཅི་འདོད་གསུངས་པར། ཐེག་པ་ཆེན་པོའི་ཆོས་དར་བར་འདོད་ཞུས་པར། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ཏེ་རི་བོ་བྱ་རྐང་གི་རྩེ་མོ་ནས་དགའ་ལྡན་ལྷ་ཡི་ཡུལ་དུ་ཁྲིད་ཕེབས། དགའ་ལྡན་ལྷ་ཡི་ཞག་གཅིག་གི་སྔ་དྲོའི་ཆ་གཅིག་སྟེ་མི་ལོ་བཞི་བཅུའི་རིང་ཐེག་པ་ཆེན་པོའི་ཆོས་གསན། བྱམས་ཆོས་སྡེ་ལྔ་གསུངས་པ་མི་བརྗེད་པའི་གཟུངས་ཐོབ་པའི་འཕགས་པ་ཐོགས་མེད་ཀྱི་བློ་ལ་ངེས་ཏེ་སླར་མི་ཡུལ་དུ་བྱོན་པའང་རང་གི་རྫུ་འཕྲུལ་གྱིས་ཕེབས་ནས་བྱམས་ཆོས་སྡེ་ལྔ་ཡི་གེར་ཕབ། དེ་དག་གི་འགྲེལ་པ་ལ་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་མཛད། ཐེག་པ་ཆེན་པོའི་གཞུང་གི་བསྟན་བཅོས་དེ་མིན་ཡང་མང་པོ་མཛད་ཅིང༌། བྱང་ཆུབ་ལམ་གྱི་རིམ་པའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་ཅིང་བསྟན་པ་ཉི་མོར་མཛད་དོ༎
བོད་བརྒྱུད་ནང་བསྟན་ལས་བདམས།