logo

སྔོ་ཚ་ཆོས་སྐུའི་མཛད་རྣམ་རགས་རིམ་ཙམ་བཀོད་པ།

རྩོམ་པ་པོ།:ལྷུན་གྲུབ་རྣམ་རྒྱལ། ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས། དུས་ཚོད།:2022-03-25 ཀློག་གྲངས།:
སྙིང་པོ་ཀྱཻ་རྡོ་རྗེ་རིན་པོ་ཆེའི་རྒྱན་དང་འདྲ་བའི་བཤད་པ་དང་འབྲེལ་ཏེ་སྔོ་ཚ་ཆོས་སྐུའི་མཛད་རྣམ་རགས་རིམ་ཙམ་བཀོད་པ།
ལྷུན་གྲུབ་རྣམ་རྒྱལ།

གླེང་གཞི།

        སྔོ་ཚ་ཆོས་སྐུ་ནི། རྔོག་ཞེ་སྡང་རྡོ་རྗེའི་བརྒྱུད་འཛིན་གྱི་དངོས་སློབ་ཆེད་དུ་འཕགས་པའི་རིམ་གཉིས་ཀྱི་རྣལ་འབྱོར་པ་ཞིག་ཡིན་ཡང་། ཁོང་གི་རྣམ་ཐར་འཁོད་པའི་ཆོས་འབྱུང་དང་ལོ་རྒྱུས་དེ་སྔར་མཇལ་སྐལ་དུ་མེད་པས། འདི་ཡང་ལོ་རྒྱུས་ཀྱི་སྟོང་ཆ་ཞིག་མིན་ནམ་སྙམ་སྟེ། ད་ཐེངས་ཕྲན་གྱིས་དམ་པ་ཁོང་གིས་མཛད་པའི་སྙིང་པོ་ཀྱཻ་རྡོ་རྗེ་རིན་པོ་ཆེའི་རྒྱན་དང་འདྲ་བའི་བཤད་པ་ཞེས་པའི་ཆོས་མཆོག་འདིར་མཇལ་བའི་སྐབས་དང་བསྟུན་ནས། ཡིག་ཆ་དག་ལ་ཁོང་གི་མཚན་ཙམ་འཁོད་པ་རྣམས་གུང་བསྒྲིགས་ཏེ་ས་དཔྱད་མ་སྟོང་ཙམ་གྱི་རྣམ་ཐར་ཞིག་འབྲི་བའི་ཁུལ་དུ་བླངས་པ་ཡིན།
རྣམ་ཐར་དངོས།
        དེ་ཡང་རིམ་གཉིས་ཀྱི་འབྱོར་པ་ཆེན་པོ་རྔོག་ལུགས་འཛིན་པར་མི་འཇིགས་པའི་སྤོབས་པ་རྒྱས་པའི་སྔོ་ཚ་ཆོས་སྐུ་ནི། ཡབ་ཡུམ་དང་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་གསལ་བོར་མེད་ཀྱང་། དེ་ཡང་ཁོང་གིས་མཛད་པའི་སྙིང་པོ་ཀྱཻ་རྡོ་རྗེ་རིན་པོ་ཆེའི་རྒྱན་དང་འདྲ་བའི་བཤད་པ་ཞེས་པའི་མཇུག་བྱང་དུ། རྣལ་འབྱོར་མའི་རྒྱུད་ལ་ཤིན་ཏུ་མཁས་པ་སློབ་དཔོན་ཞེ་སྡོང་རྡོ་རྗེའི་གདམས་ངག་ལ་བརྟེན་ནས་གཙང་གི་བནྡེ་ཆོས་སྐུས་སྦྱར་བའོ་ཞེས་གསུངས་པ་ལ་བལྟས་ན། རྗེ་ཁོང་གི་སྐུ་ཡུལ་གཙང་དང་དུས་རབས་བཅུ་གཉིས་པའི་ནང་ཙམ་ལ་སྐུ་འཁྲུངས་པར་གསལ། དེ་ཡང་བནྡེ་ཞེས་པའི་ཐ་སྙད་འདིའི་ཐོག་ལ་ཉེ་དུས་སུ་ཚ་ཚ་འུར་འུར་གྱིས་རྩོད་པ་གང་མང་ཞིག་གནང་སོང་ཡང་། ཕྱོགས་གཅིག་གི་བཤད་ཚུལ་ལྟར་ན་འདི་ཡང་རབ་བྱུང་གི་རྟེན་ཅན་ཞིག་ཡིན་པ་འདོད་དགོས་པ་ལྟར་སྣང་ཡང་། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི་ཁོང་གི་གསུང་ཆོས་ཀྱི་དབུ་ལ་ཁོང་གི་སྐུ་བརྙན་ཞིག་བྲིས་ཡོད་པ་དེ་ནི། དབུ་སྐྲ་ཁམ་ནག་ལ་ཧ་ཅང་རིང་ཞིང་སྐུ་རྒྱབ་ནས་འཕྱང་བའི་གོས་དཀར་ལྕང་ལོ་ཅན་ཞིག་བྲིས་ཡོད་པ་ལས་རབ་བྱུང་གི་ཚུལ་དུ་བྲིས་མི་འདུག །འོན་ཀྱང་དེབ་དེའི་མགོ་ལ་རྒན་ཐུབ་བསྟན་འོད་ཟེར་གྱིས་བྲིས་པའི་རྣམ་ཐར་བསྡུས་པ་ཞིག་ཡོད་པ་དེ་ལ་རྟེན་གང་ཡིན་ཁ་བསྐང་གནང་མེད་པར་མ་ཟད། ཡིག་ཚང་དག་གི་ནང་ལ་ཡང་ཁོང་གི་རྟེན་གང་ཡིན་གསལ་ཁ་ཡོད་པ་ཞིག་དེ་སྔར་ཁོ་བོས་མཇལ་མ་སོང་བས་རྟེན་གང་ཡིན་ཁ་མཚམས་བཅད་ཐབས་བྲལ། འོན་ཀྱང་རྗེ་མར་པའི་རྣལ་མགུར་ཁག་ལ་མཇལ་ན། བནྡེ་ཞེས་པའི་ཐ་སྙད་འདི་ནི་རབ་བྱུང་གཅིག་པོ་ལ་གོ་དགོས་པ་མ་ཡིན་ཏེ། དེ་ཡང་དགྱེས་མཛད་ལོ་ཙཱ་ཆེན་མོའི་མགུ་ལས། ་་་་བན་ཆུང་བོད་དུ་འགྲོ་བ་ལ། །་་་ཞེས་པ་དང་། ཡང་་་་་སྒྲ་སྒྱུར་བོད་ཀྱི་བན་ཆུང་ང། །་་་་ཞེས་པ་དང་། ཡང་་་་་ང་མར་པ་བྱ་བའི་བནྡེ་ལ་་་་ཞེས་པ་སོགས་མདོར་ན་དགྱེས་མཛད་ལོ་ཙཱ་ཆེན་མོའི་རྣམ་ཐར་ཁག་གི་ནང་དུ་མ་གྲོས་གཅིག་མཐུན་གྱིས་རྗེ་མར་པའི་མཚན་གྱི་དབུ་ལ་བན་དང་བནྡེ་ཞེས་བྲིས་པ་དུ་མ་ཞིག་ཡོད་པར་མ་ཟད། གཞན་རྔོག་གི་སློབ་བརྒྱུད་སོགས་ལ་བལྟས་ན། བནྡེ་ཞེས་པ་འདི་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་སུ་འཇུག་པའི་རབ་བྱུང་དང་ཁྱིམ་པ་གཉིས་ཁྱད་མེད་དུ་འཇུག་པ་ལས། དམིགས་བསལ་དུ་རབ་བྱུང་པ་ཁོ་ནར་འཇུག་པའི་ཐ་སྙད་ཅིག་མིན་པར་གསལ་ལ། འདིའི་ཐོག་ལ་སྔོན་ནས་ཀྱང་རྒན་ཐུབ་བསྟན་ཕུན་ཚོགས་སོགས་ཀྱིས་ལུང་རིགས་གཉིས་ཀྱི་སྒོ་ནས་གསལ་བཤད་ལེགས་པར་གནང་འདུག་པས་བསྐྱར་བཤད་བྱེད་པའི་ངལ་བ་སྤངས། དེ་ཡང་ཆོས་འབྱུང་དང་གསན་ཡིག་ཁག་ཏུ་རྗེ་ཁོང་གི་མཚན་གྱི་མགོ་ལ་རྔོག་ཚ་དང་སྔོ་ཚ། རྡོ་ཚ་ཞེས་འབྲི་ཚུལ་མི་འདྲ་བ་གསུམ་ཙམ་ཡོད་ཅིང་། དེ་ཡང་རྗེ་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྔོག་མདོ་སྡེའི་སློབ་མའི་མཚན་བགྲང་སྐབས་“རྔོག་ཚ་ཆོས་སྐུ་”ཞེས་པ་དང་། དེ་དང་མཐུན་པ་རྗེ་ཙོང་ཁ་པའི་རྣམ་ཐར་དང་གསན་ཡིག་ཁག་གི་ནང་དུ། རྔོག་ཚ་ཆོས་སྐུ་ཞེས་བཀོད་ཡོད་པར་བལྟས་ན་ཁོང་ནི་རྔོག་གི་ཚ་བོ་ཡིན་པའི་ཚུལ་བྲིས་འདུག་པར་མ་ཟད། ཁོང་གིས་མཛད་པའི་ཀྱཻ་རྡོར་གྱི་མཆོད་བརྗོད་དུ། ལས་འཕྲོ་ལྡན་པའི་ཞང་གི་ཇོ་སྲས་བདག །ཅེས་གསུངས་པ་ལ་དཔག་ན་རྔོག་གི་ཚ་བོ་ཡིན་པའི་དོན་མིན་ནམ་སྙམ། འོན་ཀྱང་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ་ནང་དུ་རྡོ་ཚ་ཆོས་སྐུ་ཞེས་བྲིས་འདུག་ཀྱང་འདི་ནི་མ་དག་པར་སེམས། དཔོན་ཚང་ཚེ་དབང་རྒྱལ་གྱིས་མཛད་པའི་ལྷོ་རོང་ཆོས་འབྱུང་དང་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོ་གཉིས་ལ་སྔོ་ཚ་ཆོས་སྐུ་ཞེས་བྲིས་འདུག་ལ། འདི་ལ་ཁུངས་གཏུག་ནས་རྒན་ཐུབ་བསྟན་འོད་ཟེར་ལགས་ཀྱིས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས་པའི་རྔོག་གི་ཆོས་སྐོར་ལས། གཙང་གི་བནྡེ་ཁོང་གི་མཚམས་སྦྱོར་ཅུང་ཙམ་བྲིས་ཡོད་པ་དེ་ལ། སྔོ་ཚ་ཆོས་སྐུ་ཞེས་བྲིས་ཤིང་སྔོ་ཚ་ནི་ཁོང་གི་གདུང་རུས་ཡིན་པ་གསུངས་འདུག་ལ། སྔགས་འཆང་ཆེན་མོ་མི་ཉག་གྲགས་པ་རིན་ཆེན་གྱིས་མཛད་པའི་གདན་བཞིའི་དཀྱིལ་འཁོར་ལྷ་ཚོགས་རྣལ་འབྱོར་བཞིའི་སྒྲུབ་ཐབས་ཞེས་བྱ་བའི་མཇུག་བྱང་དུ། དཔལ་ལྡན་བླ་མ་དམ་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྔོ་ཚ་རིན་པོ་ཆེ་ཤེས་རབ་དཔལ་བཟང་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་སྤྱི་བོའི་གཙུག་གིས་བླངས་ཤིང་། ཞེས་མཚན་གྱི་དབུ་ལ་སྔོ་ཚ་ཞེས་བྲིས་པའི་སྐྱེས་ཆེན་དམ་པ་ཤེས་རབ་དཔལ་བཟང་ཞེས་པའི་རིམ་གཉིས་ཀྱི་རྣལ་འབྱོར་པ་ཆེ་པོ་ཞིག་ཡོད་ཚུལ་བྲིས་འདུག་པར་བལྟས་ན་སྔོ་ཚ་ཞེས་པ་འདི་ནི་རུས་རྒྱུད་ཅིག་གི་མིང་ཡིན་པར་གསལ་འདུག་སྙམ། དེ་ནས་སྔོ་ཚ་ཆོས་སྐུ་ཁོང་གིས་རྔོག་མདོ་སྡེའི་ཞབས་རྡུལ་སྤྱི་བོར་བླངས་ནས་རྔོག་ཆོས་མཐའ་དག་བུམ་པ་གོང་བྱོའི་ཚུལ་ལེགས་པར་ཞུས་ནས། རྔོག་བརྒྱུད་འཛིན་ཅིང་སྤེལ་བའི་བྱེད་པོར་བཞུགས། དེ་ཡང་ཁོང་གིས་མཛད་པའི་ཀྱཻ་རྡོར་ལས། རྔོག་སྟོན་ཡབ་སྲས་བླ་མ་ཤོ་པ་ལས། །བརྒྱུད་པའི་མན་ངག་མ་ལུས་ཞལ་གདམས་བཅས། །ལས་འཕྲོ་ལྡན་པའི་ཞང་གི་ཇོ་སྲས་བདག །བསོད་ནམས་ཆེན་པོར་ལྡན་པས་འདི་དང་འཕྲད། །ཅེས་གསུངས་པ་ལ་གཞིགས་ན་བླ་མ་ཤོ་པ་ཟེར་བ་ཞིག་ལས་ཀྱང་ཆོས་འདི་གསན་ཚུལ་འཁོད་འདུག །འོན་ཀྱང་བླ་མ་ཤོ་པ་ཟེར་བ་འདི་སུ་ཡིན་མ་ངེས། དེ་ནས་ཁོང་གིས་སྔོ་ཚ་དཀོན་མཆོག་དཔལ་དང་བྷོ་དེ་ཨ་སེང་སོགས་ཞལ་སློབ་དུ་མ་ཞིག་བསྐྱངས་ནས་དགོངས་པ་ཞིང་གཞན་ལ་གཤེགས།
དེ་ཡང་རྔོག་ཆོས་ཀྱི་སྐོར་སྔོ་ཚ་ཆོས་སྐུ་ལས་བརྒྱུད་པ་ཇི་ལྟར་འཕེལ་ཚུལ་ནི།
        དེ་ཡང་ལྷོ་རོང་ཆོས་འབྱུང་ལས། “མདོ་སྡེའི་སློབ་མ་སྔོ་ཚ་ཆོས་སྐུ། རྔོག་ལུགས་ཚང་བར་བྷོ་དེ་ཨ་སེང་ལས་ཆད་པར་ཡོད། དེས་ཕག་མོ་གྲུ་པ༡༡༡༠-༡༡༧༠འམཔའི་སློབ་མགླིང་རསའབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ་གླིང་རས་པདྨ་རྡོ་རྗེ། ༡༡༢༨-༡༡༨༨ དེས་རྒྱ་རསའགྲོ་མགོན་གཙང་པ་རྒྱ་རས་པ་ཡེ་ཤེས་རྡོ་རྗེ།༡༡༦༡-༡༢༡༡། དབོན་བྱང་ཆུབ། མེར་འགོ་བ་ནས་སངས་རྒྱས་དབོན། ཡང་གཙང་པ་རྒྱརས། དེས་དབོན་བྱང་ཆུབ། དེས་འཛིན་སྟོན་རྣལ་འབྱོར་ལ། དེས་རྗེ་བཙུན་སངས་རྒྱས་དབོན་ལ་ཀྱེཀྱཻརྡོར་ལུགས་དང་། དུད་སོལ་མའི་སྐོར་རྣམས་རིམ་པ་ལྟར་བརྒྱུད་ནས་ད་ལྟ་བར་མ་ཆད་པར་ཡོད། རྒྱ་ཚ་རྡོ་སེང་དང་། ཆོས་སྐུ་གཉིས་ཀ་ལས་སྔོ་ཚ་དཀོན་མཆོག་དཔལ་ནས་དྲན་སྟོན་མཐའ་བྲལ། དྲན་སྟོན་ཤེས་རབ། མན་ལུང་གུ་རུ། མན་ལུང་ཀུན་མཁྱེན་ནས་བརྒྱུད་ཅེས་”རྔོག་ལུགས་དགྱེས་རྡོར་གྱི་བརྒྱུད་མ་ཆད་པ་ལེགས་པར་དར།
        དེ་ཡང་ཆོས་རྒྱལ་འཕགས་པའི་ལམ་འབྲས་སྐོར་སོགས་ཀྱི་གསན་ཡིག་བླ་མ་བརྒྱུད་པའི་མཚན་གྱི་རྣམ་གྲངས་ལས། ་་་རྔོག་མདོ་སྡེ། སྔོ་ཚ་ཆོས་སྐུ། སྔོ་ཚ་དཀོན་མཆོག །ཀློག་སྐྱ་དབང་ཕྱུག་གྲགས་པ། བླ་མ་ལྡོང་སྟོན། བླ་མ་ཆོས་ཀྱི་རྒྱལ་པོ་ལས། མ་ཧཱ་མཱ་ཡའི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་བ་དང་རྩ་བའི་རྒྱུད་ལན་ཡག་དྲུག་དང་བཅས་པ་རྣམས་བརྒྱུད་དོ་ཞེས་པ་དང་། ཡང་དེ་ཉིད་ལས་་་་་་རྔོག་མདོ་སྡེ། སྔོ་ཚ་ཆོས་སྐུ། སྔོ་ཚ་དཀོན་མཆོག །ཀློག་སྐྱ་དབང་ཕྱུག་གྲགས་པ། བླ་མ་ལྡོང་སྟོན། བླ་མ་ཆོས་ཀྱི་རྒྱལ་པོ་ལས། བླ་མ་ཆོས་ཀྱི་རྒྱལ་པོ་ལས་དཔལ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང་། རྡོ་རྗེ་གདན་བཞིའི་འགྲེལ་པ་ཡན་ལག་དང་བཅས་པ་རྣམས་བརྒྱུད་དོ་ཞེས་པ་ལྟར་སྔོ་ཚ་ཆོས་སྐུ་ལས་བརྒྱུད་པའི་མ་ཧཱ་མཱ་ཡ་དང་གདན་བཞིའི་སྐོར་ས་སྐྱའི་ཕྱོགས་ལ་དར་བར་བྱུང་། ཡང་སྔོ་ཚ་ཆོས་སྐུ་སློབ་མ་སྔོ་ཚ་དཀོན་པ་ལས་རིམ་གྱིས་དགེ་ལྡན་བཀའ་བརྒྱུད་ལ་རྔོག་ལུགས་དགྱེས་རྡོར་སོགས་ལེགས་པར་དར་བར་རྗེ་རིན་པོ་ཆེ་དང་མཁས་གྲུབ་རྗེའི་རྣམ་ཐར་དང་གསན་ཡིག་སོགས་ལ་བལྟས་ན་གསལ་བོར་ཡོད་པ་ལྟར་ལགས་སོ། །
ཁོང་གིས་མཛད་པའི་སྙིང་པོ་ཀྱཻ་རྡོ་རྗེ་རིན་པོ་ཆེའི་རྒྱན་དང་འདྲ་བའི་བཤད་པའི་མ་དཔེ།
        གཙང་གི་བནྡེ་སྔོ་ཚ་ཆོས་སྐུ་ཁོང་གིས་མཛད་པའི་གསུང་ཆོས་རྔོག་གི་ཆོས་སྐོར་ཞེས་པའི་དེབ་ཕྲེང་གི་ནང་དུ་ད་སྐབས་བཞུགས་པ་སྙིང་པོ་ཀྱཻ་རྡོ་རྗེ་རིན་པོ་ཆེའི་དྲ་བའི་བཤད་པ་ཞེས་པའི་པོད་གཅིག་ཡོད་པ་དང་། གཞུང་འདི་བརྩོམས་པའི་དགོས་པ་ནི། དེ་ཡང་གཞུང་འདིའི་རྩ་བའི་དམ་བཅའི་སྐབས་སུ། སྙིང་པོའི་རྒྱུད་རྒྱལ་དགྱེས་པ་རྡོ་རྗེ་ལ། །མཚོ་སྐྱེས་མིང་བཟང་ཤཱནྟི་ལ་སོགས་པའི། །གྲུབ་ཐུབ་མཁས་སུ་དེ་དང་མཁས་ལས་ཀྱང་། །འདི་དོན་ཕྱོགས་རེ་ཙམ་ལས་མ་རྟོགས་པས། །བླ་མའི་མན་ངག་ཉི་མའི་འོད་འདྲ་འདིས། །འགྲེལ་པ་སྐར་མ་ཟླ་འོད་ནུབ་པར་བྱས། །དེ་ཕྱིར་སློབ་མ་མཆོག་གིས་གསོལ་བཏབ་ནས། །རིན་ཆེན་རྒྱན་འདྲ་ཚིག་གི་རྒྱན། །ཞེས་གསུངས་པ་ལྟར་དེ་ཡང་རྗེ་ལྷོ་བྲག་པས། རྒྱུད་དགྱེས་པ་རྡོ་རྗེ་མ་གཏོགས་པ་་་་ཞེས་རྗེ་མར་པའི་རྒྱུད་ཆེན་བཅུ་གསུམ་ལས་ཁྱད་དུ་འཕགས་པ་འདི་ཉིད་ཀྱི་བརྒྱུད་འཛིན་པ་གཙོ་བོར་རྔོག་སློབ་བརྒྱུད་དང་བཅས་པ་ཡིན་ཞིང་། བླ་མའི་མན་ངག་ཉི་མའི་འོད་འདྲ་འདིས། །འགྲེལ་པ་སྐར་མ་ཟླ་འོད་ནུབ་པར་བྱེད། །ཅེས་གསུངས་པར་ལྟར་སྐབས་དེར་དགྱེས་རྡོར་རྔོག་ལས་བརྒྱུད་པ་འདི་ཉིད་ཁུངས་བཙུན་ཞིང་འགྲེལ་བཤད་ཧ་ཅང་ལེགས་པས། བརྒྱུད་ཚུལ་གཞན་དང་འགྲེལ་བཤད་གཞན་པ་དག་བག་ལ་ཁུམ་པ་ལྟར་བྱས་པས་གངས་རིའི་ལྗོངས་སུ་རྒྱུད་བཤད་འདི་ཉིད་ཉི་འོད་ལྟར་གསལ་བར་སྣང་། དེ་ལྟ་བུའི་ཁུངས་བཙུན་ཞིང་བརྒྱུད་ཚུལ་ལེགས་པ་འདི་ཉིད་བཤད་སྒྲོས་གཞན་གྱིས་མ་ལྷད་པའི་སྒོ་ནས་སློབ་མ་མཆོགབྷོ་དེ་ཨ་སེང་དང་སྔོ་ཚ་དཀོན་མཆོག་དཔལགིས་གསོལ་བ་བཏབ་པ་བཞིན་ཁོང་གིས་མཛད་པར་གསལ། ཕྲན་གྱིས་བལྟས་པའི་དཔེ་ཆ་དེ་ནི་འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་ཐོན་པའི་དབུ་མེད་ཕྱག་བྲིས་སྐྱར་པར་མ་དེ་ཡིན་ཞིང་། བསྡོམས་པས་ལྡེབ་མ་༩༩ཡོད། འདིའི་ཡིག་གཟུགས་ལ་བལྟས་ན་གསང་ཕུའི་ཡིག་གཟུགས་སམ་དེ་ལས་བྱུང་བའི་འབྲི་ཚུགས་ཤིག་མིན་ནམ་སྙམ། བསྟན་བཅོས་འདིའི་མཇུག་བྱང་དུ་“ཆོས་སྨྲ་བའི་བཙུན་པ་ཞང་གི་བན་དྷེ་རྡོ་རྗེ་དབང་ཕྱུག་བདག་གི་ཐུགས་དམ་གྱི་ཕྱག་དཔེ་ལགས་སོ”ཞེས་མཆན་གྱི་ཚུལ་དུ་བྲིས་མཛད་འདུག་ཀྱང་། ཁོང་གིས་ཆོས་འདིའི་བརྒྱུད་པ་བགྲང་སྐབས་སྔོ་ཚ་ཆོས་སྐུ་ལས་བརྒྱུད་ཚུལ་བྲིས་མི་འདུག །འདིའི་ནང་དུ་ཁ་སྐད་དང་བརྡ་རྙིང་ཧ་ཅང་མང་བར་མ་ཟད་བརྡ་སྤྲོད་ཀྱི་འགྲོ་ལུགས་མི་མཐུན་པ་ཁ་ཤས་འདུག་པ་ལས། མཚོན་དོན་ཙམ་བཀོད་ན། གཞུང་དེ་ཉིད་ལས“ཤེས་རབ་ཆེ་བ༡ཞིགབཞུགས”ཞེས་པ་སོགས་ཚིག་ཕྲད་ཅིག་དང་ཞིག །ཤིག་གསུམ་འཇུག་ཡུལ་རྗེས་འཇུག་ལ་མི་ལྟོས་པ་ཁྱད་མེད་དུ་༡འདི་ཁོ་ན་བྲིས་འདུག །ཡང་དེ་ཉིད་ལས་“སློབ་དཔོན་ལ་མ་འདལམཎྜལཕུལ་ཞིང་གདོང་གཡོགས་བཅིངས་ཏེ་ཡོལ་བའི་ནང་དུ་བཅུག་སྟེ་དལདཀྱིལ་འཁོརགྱི་སྒོ་བཞི་ལས་འཇུག་པ་བྱ་”ཞེས་མཎྜ་ལ་མ་འདལ་དང་དཀྱིལ་འཁོར་ལ་དལ་དང་ད་ལ་ཅི་རིགས་བྲིས་འདུག །
        གསུང་ཆོས་འདི་ནི་སྔོན་གྱི་སྐྱེས་ཆེན་རྣམས་ཀྱིས་བསྟན་བཅོས་རྩོམ་ཚུལ་ལྟར་ཀླད་ཀྱི་དོན་དང་གཞུང་གི་དོན། མཇུག་གི་དོན་ཏེ་དོན་ཚན་གསུམ་གྱི་ཁོངས་སུ་གཏོགས་ཤིང་། ཀླད་ཀྱི་དོན་ལ་དང་པོ་གཞུང་འདིའི་བླ་མ་བརྒྱུད་པའི་རིམ་པ་དང་འབྲེལ་ཏེ་རང་ཉིད་ལས་འཕྲོ་བཟང་པོའི་མཐུ་དང་བསོད་ནམས་བསགས་པའི་སྟོབས་ལས། ཆེར་དུ་འཕགས་པའི་ཆོས་མཆོག་འདི་ཉིད་ཐུབ་ཚུལ་དང་། རྒྱུད་འདིའི་སྟོབས་ལས་བདག་གཞན་ཀུན་གྱིས་ཟག་མེད་ཀྱི་དོན་རྟོགས་ནས་འགྲོ་བའི་དེད་དཔོན་འགྱུར་བའི་ཐུགས་སྨོན་གནང་ཡོད། དེ་ནས་མཆོད་བརྗོད་དང་། དེ་ནས་རྒྱུད་ཀྱི་ཆེ་བ་དང་འབྲེལ་ཏེ་རྩོམ་པ་དམ་བཅའ་མཛད་ཡོད། དེ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་དགྱེས་པ་རྡོ་རྗེ་འདི་ཉིད་རྒྱུད་གང་གཏོགས་ངོས་བཟུང་བ་དང་། ཕུན་སུམ་ཚོགས་པའི་གླེང་གཞི་བསྟན་པ། སྡུད་པ་པོ་གང་གིས་བསྡུས་པ། མི་ཡུལ་དུ་སུས་གདན་དྲངས་པ། རྒྱུད་འདི་ཕྱིན་ཅི་མ་ལོག་པ་སུས་ཤེས་ཚུལ། རྒྱུད་ཀྱི་བསྡུས་པའི་འཐད་པ་དང་དྲུག་བཤད་ཅིང་། དེ་ནས་གཞུང་དངོས་ལ་བརྟག་པ་དང་པོ་ལ་ལེའུ་བཅུ་གཅིག་དང་བརྟག་པ་གཉིས་པ་ལ་ལེའུ་བཅུ་གཉིས་ཡོད། མཇུག་ཏུ་བརྟག་པའི་མཚན་བཤད་པ་དང་སྦྱར་བྱང་སྨོན་ཚིག་དང་བཅས་པའི་སྒོ་ནས་མཇུག་བསྡུས་ཡོད་ཅིང་། གཞུང་འདི་འགྲེལ་བཤད་གནང་སྐབས་མ་ཧཱ་མཱ་ཡ། གུར། གདན་བཞི། སམྦྷི་ཊི་སོགས་ཀྱི་ལུང་རིགས་ཟུང་ལྡན་གྱིས་དགག་བཞག་སྤང་གསུམ་དང་འབྲེལ་བའི་སྒོ་ནས་དགྱེས་པ་རྡོ་རྗེའི་དོན་གསལ་ཞིང་ལེགས་པར་འཆད་ཡོད་པས། ཁོང་ནི་ལུང་རིགས་ཀྱིས་ཕྱུག་པའི་མཁས་གྲུབ་ཡ་མ་བྲལ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་ངང་གིས་རྟོགས་ནུས་སོ། །
        ཞེས་བོད་ལྗོངས་ལྷོ་གྲོ་བོ་ལུང་བོད་བསྟན་གསུང་རབ་པར་ཁང་ཆེ་མོ་ནས་རྗེ་སྔོ་ཚ་ཆོས་སྐུ་ཁོང་གིས་མཛད་པའི་ཆོས་མཆོག་འདི་ཉིད་མཇལ་བའི་སྐལ་བ་ཐོབ་པས། བརྗེད་ཐོའི་ཚུལ་དུ་དབུས་འགྱུར་ཉི་མའི་གྲོང་ནས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་གླང་སྟེ་ཕྱི་ལོ་༢༠༢༡/༥/༢༣ཉིན་ངལ་གསོའི་གོ་སྐབས་དང་བསྟུན་ཏེ་ལྷུན་གྲུབ་རྣམ་རྒྱལ་གྱིས་བྲིས།
 
འབྲེལ་ཡོད་འོས་སྦྱོར།