logo

བཟོ་ལྟ་ཧ་ལས་པའི་རི་བོ་ཁེར་ལངས་ཏེ་གདོན་འདྲེ་མཆོད་རྟེན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-23 ཀློག་གྲངས།:

བཟོ་ལྟ་ཧ་ལས་པའི་རི་བོ་ཁེར་ལངས་ཏེ་གདོན་འདྲེ་མཆོད་རྟེན།
བཟོ་ལྟ་ཧ་ལས་པའི་རི་བོ་ཁེར་ལངས་ཏེ་གདོན་འདྲེ་མཆོད་རྟེན།

བཟོ་ལྟ་ཧ་ལས་པའི་རི་བོ་ཁེར་ལངས།
གདོན་འདྲེ་མཆོད་རྟེན།

     ཨ་མེ་རི་ཁའི་ཧོའེ་ཨོ་མིང་ཀྲོའུ་རུ་གྱེན་དུ་བསླངས་འདུག་པའི་རི་བོ་ཁེར་རྐྱང་ཞིག་ཡོད་པ་དང་། དེ་ལ་སྐྱི་གཡའ་བར་བྱེད་པའི་མིང་ཞིག་ཡོད་དེ། གདོན་འདྲེ་མཆོད་རྟེན་ཞེས་འབོད། དེ་ཉིད་བདེ་ཐང་དུ་ཁེར་ལངས་བྱས་ཡོད་པ་དང་། བར་སྣང་དུ་ཀྲོང་ངེར་འགྱིང་བའི་གནམ་འདེགས་ཀྱི་ཀ་བ་ཞིག་དང་གཉིས་སུ་མེད་པས། བཟོ་ལྟ་ཤིན་ཏུ་ཧ་ལས་པ་ཞིག་རེད།
     གདོན་འདྲེ་མཆོད་རྟེན་ནི་དྲང་ཞིང་རིང་བའི་ཀ་གཟུགས་རྡོ་ཚོགས་ལས་གྲུབ་ཅིང་། མཐོ་ཚད་ལ་སྨིས265དང་། ཞབས་ངོས་ཀྱི་ཚངས་ཐིག་ལ་སྨིས300ཡོད། སྟེང་ངོས་ཀྱི་ཚངས་ཐིག་ལ་སྨིས80ནས90ཡོད། མདོག་ཁམ་སེར་གྱི་བྲག་རྡོས་གྲུབ་པ་ཡིན། གནམ་ངོ་རིབ་ཅིང་ཆར་འབབ་དུས་སུ། བར་སྣང་དུ་ཟུག་པའི་བྲག་རིའི་རྩེ་མོ་སྤྲིན་པས་གཡོགས་ཤིང་། ནག་སྐྱར་སྣང་བའི་ཁ་དོག་གིས་མི་ལ་འཇིགས་ཡེར་བའི་ཚོར་བ་སྦྱིན་འོང་།
     གདོན་འདྲེ་མཆོད་རྟེན་གྱི་ཕྱི་ངོས་རླུང་གིས་ཟད་པ་ཤིན་ཏུ་གསལ་སྟེ། རྡོ་བའི་ངོས་རེ་རེ་ནི་གྲིས་གཏུབས་པ་བཞིན་དུ་དྲང་། རྒྱང་རིང་ནས་བལྟས་ན་སྐྱ་ཐེར་ཐེར་དུ་འདུག་ཀྱང་། ཞིབ་ཏུ་བལྟས་ན་ངོས་ལ་ལར་སྤང་རྩི་ལྗང་གུ་དང་། ལྗང་སེར། ཁམ་མདོག་སོགས་སྐྱེས་ཡོད། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་དེ་སྔ་གདེན་འདྲེ་མཆོད་རྟེན་ཨ་མེ་རི་ཁའི་ཆེས་ཐོག་མའི་རྒྱལ་ཁབ་ཀྱི་ཡུལ་ལྗོངས་གྲགས་ཅན་གྱི་ཁོངས་སུ་བདམས་ཤིང་། དེ་ཉིད་ལ་སའི་གོ་ལའི་སྟེང་གི་ཆེས་ཧ་ལས་པའི་རི་བོའི་གྲས་ཞེས་བརྗོད་པ་དང་། ཧའོ་ལའེ་ཝུའུ་ཡིས་ཕབ་བསྐྲུན་བྱས་པའི་ཚན་རིག་འཕྲུལ་སྣང་སྐོར་གྱི་གློག་བརྙན་ལས་ཀྱང་། གདོན་འདྲེ་མཆོད་རྟེན་ནི་སྐར་མ་གཞན་གྱི་མི་ཡིས་འཇིག་རྟེན་འཕུར་གྲུར་ཁ་ལོ་བསྒྱུར་ནས་སའི་གོ་ལར་འབབ་སའི་གནས་ཡིན་པ་བསྟན།
     འོ་ན་གདོན་འདྲེ་མཆོད་རྟེན་ནི་ཇི་ལྟར་གྲུབ་པ་ཡིན་ཞེ་ན། མ་གཞི་གནས་དེ་ནི་དེ་སྔ་མཚོ་ཆུས་བསྣུབས་མྱོང་ལ། ས་ཤུན་འགྱུར་ལྡོག་གིས་གནའ་སྔ་མོའི་སྙིགས་བསོགས་བྲག་རྡོ་ལ་གས་ཁ་བཟོས་ཤིང་། ས་འོག་གི་ཞུན་བྲག་ཟགས་ཐོན་བྱུང་བ་འཁྱགས་ནས་ཕྱིར་སྐུམ་རྗེས། བྲག་རྡོའི་དྲང་འཕྱང་དུ་ཡོད་པའི་སྲུབས་ཀ་བཀག རྗེས་སུ་བྲག་རྡོའི་ཁག་དེ་ས་ངོས་ལས་འབུར་དུ་ཐོན་ཞིང་། ལོ་ངོ་ཁྲི་སྟོང་མང་བོར་རླུང་གིས་ཟད་སྐྱོན་ཐེབས་པས། ཉེ་འཁོར་གྱི་སོབ་པར་གྱུར་པའི་སྙིགས་བསོགས་བྲག་རྡོ་མེད་པར་གྱུར་པ་དང་། ལྷག་མར་ལུས་པའི་ཅུང་མཁྲེགས་པའི་ཁག་བར་སྣང་དུ་ཟུག་པའི་ཀ་གཟུགས་བྲག་རྡོར་གྱུར་བ་དེའོ།།


འབྲེལ་ཡོད་འོས་སྦྱོར།