logo

གཏེར་རྒྱུས་མདོག་སྒྱུར་བའི་མཚེའུ་སྟེ་མདོག་གསུམ་མཚེའུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-07-19 ཀློག་གྲངས།:


གཏེར་རྒྱུས་མདོག་སྒྱུར་བའི་མཚེའུ་སྟེ་མདོག་གསུམ་མཚེའུ།

གཏེར་རྒྱུས་མདོག་སྒྱུར་བའི་མཚེའུ་སྟེ་མདོག་གསུམ་མཚེའུ།

གཏེར་རྒྱུས་མདོག་སྒྱུར་བའི་མཚེའུ་སྟེ་མདོག་གསུམ་མཚེའུ།

     ཧིན་རྡུ་ཉི་ཞི་ཡའི་ཚ་ཁུལ་གྱི་མཛེས་ལྗོངས་ནི་རི་མོ་མཁན་གྱི་པིར་རྩེ་ལས་ཐོན་པ་ཇི་བཞིན་མཛེས་ཤིང་ཡི་གར་འོང་བས། ཐིག་དམར་སྟེང་གི་མརྒད་ཀྱི་ཕྲེང་གོག་གཅིག་ཅེས་བསྔགས་ལ། རྒྱལ་ཁབ་དེའི་མངའ་ཁོངས་སུ་གཏོགས་པའི་ཧྥོ་ལུའོ་ལེ་སི་གླིང་ཕྲན་སྟེང་གི་མདོག་གསུམ་མཚེའུ་ཡིས་མརྒད་ཀྱི་ཕྲེང་གོག་དེ་ལ་འོད་མདངས་རྣམ་པར་བཀྲ་བའི་ཁ་དོག་ཅིག་བསྣན་ཡོད།
     མདོག་གསུམ་མཚེའུ་ནི་དོན་དངོས་སུ་མཚེའུ་གསུམ་ཡིན་ཏེ། དེ་དག་ནི་ཧྥོ་ལུའོ་ལེ་སི་གླིང་ཕྲན་སྟེང་གི་ཁོ་ལི་མུའུ་ཐུའུ་མེ་རི་ཡི་རི་རྩེ་རུ་ཡོད་པ་དང་། མཚེའུ་དེ་གསུམ་ནི་མེ་རི་མཚེའུ་ཡིན་ཞིང་། དེ་དག་ཕན་ཚུན་འབྲེལ་ནས་ཡོད་ནའང་ཁ་དོག་སོ་སོ་ཡིན། དེར་བརྟེན། མདོག་གསུམ་མཚེའུ་ལ་གཡས་ཕྱོགས་ཀྱི་མཚེའུ་དང་། གཡོན་ཕྱོགས་ཀྱི་མཚེའུ།  རྒྱབ་ཕྱོགས་ཀྱི་མཚེའུ་གསུམ་དུ་དབྱེ། དེ་དག་ལས་རྒྱ་ཁྱོན་ཆེས་ཆེ་བ་ནི་གཡོན་ཕྱོགས་ཀྱི་མཚེའུ་ཡིན་པ་དང་། མཚེའུ་དེ་ཡི་ཁ་མདོག་ནི་དམར་བོ་དང་། གཡས་ཕྱོགས་ཀྱི་མཚེའུ་ཡི་མདོག་ནི་ལྗང་གུ  རྒྱབ་ཕྱོགས་ཀྱི་མཚེའུ་ཡི་མདོག་ནི་སྔོ་སྐྱར་སྣང་བ་ཡིན།
      ཉིན་གཅིག་གི་དུས་ཚོད་མི་འདྲ་བ་ལས། མདོག་གསུམ་མཚེའུ་ཡིས་མི་ལ་ཚོར་བ་འདྲ་མིན་སྣ་ཚོགས་སྦྱིན་ཐུབ་སྟེ། ཉིན་གུང་གི་དུས་སུ། སྨུག་སྤྲིན་དཀར་བོས་མདོག་གསུམ་མཚེའུ་ཡི་ངོས་ཡོངས་གཡོགས་པ་དེ་དུང་མདོག་གི་སེང་རས་ཤིག་བཀླུབས་པ་དང་མཚུངས་པས། ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན་མོད། འོན་ཀྱང་ཕྱི་དྲོར་ཐོན་མ་ཐག་མཚེའུ་ངོས་སུ་རྒྱུན་དུ་སྤྲིན་ནག་འཁྲིགས་ནས་ཉི་འོད་བསྒྲིབས་པ་དང་།  རླུང་གིས་ཁུར་ཡོང་བའི་མཚེའུ་ཁྲོད་ཀྱི་སྣོམ་པར་དཀའ་བའི་མུ་ཟིའི་དྲིས་མི་ལ་གྲང་རེག་བྲལ་ཀྱང་ཞེད་སྣང་སྐྱེད་པའི་ཚོར་བ་འབྱུང་བས། འཇིག་རྟེན་གཞན་ཞིག་ཏུ་བསླེབས་པ་དང་མཚུངས།
     མུ་ཟིའི་དྲི་གླེང་དུས། མདོག་གསུམ་མཚེའུ་ཡི་ཐུན་མོང་མ་ཡིན་པའི་ཁ་དོག་གི་གསང་བ་དེ་གླེང་དགོས། མདོག་གསུམ་མཚེའུ་ཡི་ཁ་དོག་མི་གཅིག་དོན་ནི། གཏེར་རྒྱུ་མི་འདྲ་བ་མང་དུ་འདུས་པའི་རྒྱུ་མཚན་ཏེ། གཡོན་ཕྱོགས་ཀྱི་མཚེའུ་ལ་ལྕགས་རིགས་ཀྱི་གཏེར་རྒྱུ་ཕུན་སུམ་ཚོགས་པ་འདུས་པས་ཁ་དོག་དམར་བོ་ཡིན་པ་དང་།  གཡུ་མདོག་ཏུ་སྣང་བའི་གཡས་ཕྱོགས་ཀྱི་མཚེའུ་དང་སྔོ་སྐྱར་མངོན་པའི་རྒྱབ་ཕྱོགས་ཀྱི་མཚེའུ་ལ་མུ་ཟི་འདུས་ཚད་ཤིན་ཏུ་མང་བའི་རྒྱུ་མཚན་གྱིས་སོ།།


འབྲེལ་ཡོད་འོས་སྦྱོར།