logo

ཏུའོ་ནའོ་ཆུ་བོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-21 ཀློག་གྲངས།:

ཏུའོ་ནའོ་ཆུ་བོ།

ཡོ་རོབ་མི་དམངས་ཀྱི་མ་ཡུམ་ཆུ་བོ།
ཏུའོ་ནའོ་ཆུ་བོ།

     ཏུའོ་ནའོ་ཆུ་བོ་ནི་ཡོ་རོབ་སྐམ་ས་ཆེན་པོའི་སྟེང་གི་ཆུ་བོ་ཆེན་པོ་གཉིས་པ་ཡིན་ནའང་། དེ་ཡི་སྐད་གྲགས་ཀུན་ལ་ཁྱབ། ཏུའོ་ནའོ་ཆུ་བོ་གླེང་དུས་མི་རྣམས་ཀྱིས་གླུ་དབྱངས་ཀྱི་གྲོང་ཁྱེར་དུ་བསྔགས་པའི་ཝེ་ཡེ་ན་དྲན་པ་དང་། ཏུའོ་ནའོ་ཆུ་བོའི་སྟེང་གི་མུ་ཏིག་རྡོག་པོ་སྟེ་གྲོང་ཁྱེར་པུའུ་ཏ་ཕེ་སི་ཡང་དྲན་འོང་། ཏུའོ་ནའོ་ཆུ་བོའི་སྤྱིའི་རིང་ཚད་ལ་སྟོང་སྨིས2960ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་བརྒྱུད་པའི་རྒྱལ་ཁབ་ཆེས་མང་བོའི་ཆུ་བོ་ཡིན། ཆུ་བོ་དེའི་མགོ་ཁུངས་ནི་འཇར་མན་གྱི་ནུབ་ལྷོའི་ཕྱོགས་སུ་ཡོད་པ་དང་། ནུབ་ནས་ཤར་ཕྱོགས་སུ་འབབ་པའི་འབབ་ཡུལ་དུ་ཨོ་སི་ཁྲུ་རི་ཡ་དང་། ཅེ་ཁེ། སི་ལོ་ལ་ཁེ། ཧང་ག་རི། ཁི་ལོ་ཏེ་ཡ། ནན་སི་ལ་ཧྥུ་སྔོན་མ། པུར་ཀ་རི་ཡ། རོ་མ་ཉི་ཡ། ཝུ་ཁི་ལེན་སོགས་རྒྱལ་ཁབ་དགུ་བརྒྱུད་མཐར་མཚོ་ནག་ཏུ་འབབ་བཞིན་ཡོད་པས། ལྷབ་ལྷུབ་ཏུ་གཡོ་བའི་དར་གོས་སྔོན་པོ་ཞིག་ཡོ་རོབ་སྐམ་ས་ཆེན་པོའི་སྟེང་བབས་པ་དང་ཀུན་ནས་མཚུངས། དེ་བས་མི་རྣམས་ཀྱིས་རྒྱུན་དུ་མཐིང་མདོག་གི་ཏུའོ་ནའོ་ཆུ་བོ་ཞེས་བསྔགས་བརྗོད་བྱེད།
     ཏུའོ་ནའོ་ཆུ་བོའི་འབབ་ཡུལ་གྱི་སྟོད་སྨད་བར་རྒྱུད་ལ་སོ་སོའི་ཁྱད་ཆོས་ལྡན་ཏེ། ཆུ་བོའི་མགོ་ཁུངས་ནས་ཝེ་ཡེ་ནའི་བར་ནི་སྟོད་རྒྱུད་ཡིན་པ་དང་། གནས་དེ་གའི་ཆུ་བོ་དྭངས་ཤིང་རི་བོ་ལྗང་མདོག་གིས་མནན་པས་ཞིང་སྡེའི་ཡུལ་ལྗོངས་མུ་རུ་སྦྲེལ་ཡོད། ཝེ་ཡེ་ན་ནས་ཐའེ་མོན་བར་ནི་ཆུ་བོའི་བར་རྒྱུད་ཡིན། དེ་ཡི་གྲམ་གཞུང་སྤྱིར་བཏང་དུ་ཞེང་ཚད་ཅུང་ཆེ་ཞིང་། ཆུ་རྟིང་གི་གཟར་ཚད་མི་ཆེ་བ་དང་ཆུ་ལམ་ཀྱག་ཀྱོག་ཏུ་ཡོད། ཐའེ་མོན་མན་ནས་མཚོ་ཁའི་བར་དེ་ཆུ་བོའི་སྨད་རྒྱུད་དུ་གཏོགས་ཤིང་། ཆུ་བོའི་སྨད་རྒྱུད་ཀྱི་འབབ་ཡུལ་ཁོད་ཡངས་ཤིང་ཆུ་བཞུར་ཚད་རྒྱུན་ལྡན་ཡིན། མཚོ་ཁར་ཉེ་དུས་ཆུ་བོའི་ཞེང་ཚད་ལ་ཧ་ལམ་སྟོང་སྨིས15ནས28བར་ཡོད་པས་ཆུ་ཐོག་སྐྱེལ་འདྲེན་ལས་རིགས་ཤིན་ཏུ་དར།
     ཏུའོ་ནའོ་ཆུ་བོའི་འགྲམ་ངོགས་གཉིས་སུ་མཛེས་སྡུག་ཡིད་འོང་གི་གྲོང་ཁྱེར་མང་པོ་ཞིག་ཡོད་ཅིང་། དེ་དག་ནི་ལྷབ་ལྷུབ་ཏུ་གཡོ་བའི་གོས་དར་སྔོན་པོ་དེའི་སྟེང་གི་ཕྲ་རྒྱན་ཏེ། འོད་ཆེམ་ཆེམ་བྱེད་པའི་མུ་ཏིག་གི་ཕྲེང་བ་ཞིག་དང་འདྲ། ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཝེ་ཡེ་ན་ནི་ཆུ་བོ་དེའི་སྟོད་རྒྱུད་ཀྱི་མཚམས་ཡིན་ལ། ལོ་རྒྱུས་ཤིན་ཏུ་རིང་ཞིང་རིག་གནས་དར་ཁྱབ་ཆེ་བའི་གྲོང་ཁྱེར་མིང་གྲགས་ལྡན་པ་ཞིག་ཡིན། གྲོང་ཁྱེར་པུའུ་ལ་ཏི་སི་ལ་ཧྥུ་ནི་ཏུའོ་ནའོ་ཆུ་བོའི་བར་རྒྱུད་དུ་ཆགས་ཤིང་། སི་ལོ་ཝ་ཁེ་ཡི་རྒྱལ་ས་ཡིན་པ་མ་ཟད། ཏུའོ་ནའོ་ཆུ་བོ་ཡི་གྲུ་ལམ་སྟེང་གི་གྲུ་ཁ་ཆེས་ཆེ་བ་ཞིག་ཀྱང་ཡིན། པུའུ་ཏ་ཕེ་སི་ནི་ཧང་ག་རི་ཡི་རྒྱལ་ས་ཡིན་ཏེ། ཆུ་བོའི་ནུབ་ངོགས་པུའུ་ཏ་དང་། ཤར་ངོགས་ཕེ་སིའི་གྲོང་ཁྱེར་གྱིས་གྲུབ་ཅིང་། ཏུའོ་ནའོ་ཆུ་བོའི་སྟེང་གི་མཛེས་པའི་ཟམ་ཆེན་བརྒྱད་ཀྱིས་ཕན་ཚུན་གཞི་གཅིག་ཏུ་སྦྲེལ་འདུག
      ཏུའོ་ནའོ་ཆུ་བོས་འགྲམ་ངོགས་གཉིས་སུ་འཚོ་སྡོད་བྱེད་པའི་མི་རྣམས་ལ་མཛེས་པའི་ཡུལ་ལྗོངས་ངོམ་པ་མ་ཟད། ད་དུང་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བར་གློག་ཤུགས་འབོར་ཆེན་དང་། ཆུ་ཐོག་སྐྱེལ་འདྲེན་མཁོ་སྤྲོད་བགྱིས་པས་ཡོ་རོབ་མི་དམངས་ཀྱིས་མ་ཡུམ་ཆུ་བོ་ཞེས་བརྗོད་པ་དོན་ལ་གནས་པ་ཞིག་གོ།


འབྲེལ་ཡོད་འོས་སྦྱོར།