ཡེ་ཀྭ་སོ་རྦབ་ཆུ།
འཛམ་གླིང་སྟེང་གི་ཞེང་ཚད་ཆེས་ཆེ་བའི་རྦབ་ཆུ།
ཡེ་ཀྭ་སོ་རྦབ་ཆུ།
པར་ཙིལ་དང་ཨ་ཀེན་ཐིན་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་ཆུ་བོའི་མིང་ལ་ཡེ་ཀྭ་སོ་ཆུ་བོ་ཞེས་འབོད་ཅིང་། དེ་བྱང་ནས་ལྷོ་རུ་བཞུར་ཀྱིན་ཡོད་པས་རྒྱལ་ཁབ་གཉིས་སོ་སོར་དབྱེ་ཞིང་། གློ་བུར་དུ་ཁ་ཕྱོགས་བསྒྱུར་ནས་ཤར་ཕྱོགས་སུ་འབབ་བཞིན་ཡོད། ཁ་ཕྱོགས་བསྒྱུར་སའི་དཀྱོགས་མཚམས་ཏེ། པར་ཙིལ་མཐོ་སྒང་གི་གཡང་གཟར་ཆེ་བའི་རྡོ་ལྗང་གི་ངོས་སུ་པཱ་ལ་ནའི་གྲོག་རོང་དུ་འབབ་ཀྱིན་ཡོད་ལ། ཐུར་འབབ་ཆུ་རྒྱུན་ཆེ་ཆུང275ལྷག་ལས་གྲུབ་པ་དེ་ནི་འཛམ་གླིང་སྟེང་གི་ཞེང་ཚད་ཆེས་ཆེ་བའི་རྦབ་ཆུ་སྟེ། རྟ་རྨིག་གི་དབྱིབས་སུ་ཡོད་པའི་རྦབ་ཆུ་ཆེན་པོ་ཡེ་ཀྭ་སོ་ཡིན།
ཡེ་ཀྭ་སོ་ཞེས་པ་ནི་ཡུལ་དེ་རུ་གཞིས་སྡོད་བྱས་ཡོད་པའི་ཀྭ་ལ་ཉི་པའི་སྐད་བརྡ་ཞིག་སྟེ། ཆུ་བོ་ཆེན་པོ་ཞེས་པའི་དོན་ཡིན། ཡེ་ཀྭ་སོ་ཆུ་བོའི་མགོ་ཁུངས་ནི་པར་ཙིལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པ་དང་། པཱ་ལ་ན་ཆུ་བོ་དང་མ་འདྲེས་པའི་སྔོན་དུ་ཆུ་རྒྱུན་དལ་ཞིང་བཞུར་སྒྲ་མེད་པས་མཚེའུ་ཞིག་དང་ཡོངས་སུ་མཚུངས་མོད། མུ་མཐུད་ནས་མདུན་དུ་བཞུར་དུས་གློ་བུར་དུ་གྲོག་རོང་ཞིག་དང་འཕྲད་ཅིང་། ངོས་མི་མཉམ་པའི་བྲག་རྡོའི་ཁྲོད་མར་བབས་པས་ཆེ་ཆུང་མི་འདྲ་བའི་རྦབ་ཆུ་མང་བོ་ངང་གིས་གྲུབ་པ་དང་། ཆུ་རྡུལ་ལིང་ལིང་དུ་ཐོར་བས་རྦབ་ཆུའི་ཞབས་ནས་བར་སྣང་དུ་སྨིས150ཡས་མས་སུ་རླངས་འཐིབས་ཤིང་། ཆུ་བོ་ཆེ་བའི་རྐྱེན་གྱི་བརྗིད་ཉམས་ལྡན་པའི་རྦབ་ཆུ་ཞིག་ལྷུན་གྱིས་གྲུབ། ཇི་སྐད་དུ་ཡི་ཀྭ་སོ་རྦབ་ཆུ་ཆེན་པོར་མ་བསླེབས་ན་དེ་ཡི་བརྗིད་ཆགས་ པའི་རྣམ་པ་རྟོགས་མི་ནུས་ཤིང་། པར་ཆས་ཀྱིས་ཀྱང་མི་སེམས་འགུལ་བའི་སྣང་བརྙན་གསོག་འཇོག་མི་ནུས་སྐད།
ཡེ་ཀྭ་སོ་ཆུ་བོས་བརྗིད་ཆགས་ཤིང་མཛེས་སྡུག་ལདྣ་པའི་རྦབ་ཆུ་ཆེན་པོ་ཞིག་བསྐྲུན་པ་ནི་གནས་དེ་ཡི་ས་གཤིས་དང་ས་བབ་ཀྱི་ཆ་རྐྱེན་དང་འབྲལ་མི་ཐུབ་སྟེ། ཡེ་ཀྭ་སོ་ཆུ་བོའི་ཆུ་རྟིང་གི་བྲག་རིམ་པར་ཙིལ་གྱི་པཱ་ལ་ནའི་ཆུ་བོ་དང་དྲང་འཕྱང་དུ་ཡོད་མོད། འོན་ཀྱང་ཆུ་བོས་བྲུས་པ་དང་བཤལ་བ་སོགས་པཱ་ལ་ན་ཆུ་བོ་དང་བསྡུར་ན་ཧ་ཅང་ཞན། དུས་ཡུན་རིང་བོའི་ཁྲོད་ཡེ་ཀྭ་སོ་ཆུ་བོ་དང་པཱ་ལ་ན་ཆུ་བོ་གཉིས་ཀྱི་འདྲེས་མཚམས་སུ་སྙོམས་ཚད་མི་འདྲ་བའི་ཆུ་རྟིང་ཆགས་པ་དང་། བགྲང་ལས་འདས་པའི་ལོ་ཟླ་མང་པོ་བརྒྱུད་མཐར། ད་ལྟའི་ཡེ་ཀྭ་སོ་རྦབ་ཆུ་ཆེན་པོ་དེ་གྲུབ་པ་རེད།