ཉི་ལུའོ་ཆུ་བོ།
ཧྥེ་གླིང་གི་ཚེ་སྲོག་གི་རྟེན་གཞི།
ཉི་ལུའོ་ཆུ་བོ།
ཉི་ལུའོ། ཉི་ལུའོ། དགུ་ཚིགས་ལས་རིང་ཞེས་པ་འདི་ནི་སུའུ་ཏན་པས་ཉི་ལུའོ་ཆུ་བོ་ལ་བསྔགས་པའི་ཁ་དཔེ་ཞིག་སྟེ། གནའ་ནས་ད་ལྟའི་བར་ཉི་ལུའོ་ཆུ་བོ་ལ་ཕུལ་བའི་སྙན་ཚིག་དང་སྒྲུང་གཏམ་སོགས་ནི་བགྲང་ལས་འདས། ཆུ་བོའི་མགོ་ཁུངས་ཐིག་དམར་ལྷོ་ཕྱོགས་ཀྱི་ཧྥེ་གླིང་ཤར་མའི་མཐོ་སྒང་ཡིན་ལ། ཆུ་བོའི་གཞུང་རྒྱུད་ཧྥེ་གླིང་བྱང་ཤར་ལ་གཏོགས་པའི་ཉི་ལུའོ་ཆུ་བོ་ནི་ཧྥེ་གླིང་གི་རྒྱལ་ཁབ་མང་བོའི་མ་ཡུམ་ཆུ་བོ་ཡིན་ཞེས་བརྗོད་ཀྱང་ཆོག
ཉི་ལུའོ་ཆུ་བོའི་སྤྱིའི་རིང་ཚད་ལ་སྟོང་སྨིས6670དང་། ཁཱ་ཀའེ་ལ་ཆུ་བོ་དང་པའེ་ཉི་ལུའོ་ཆུ་བོ། ཆིང་ཉི་ལུའོ་ཆུ་བོ་གསུམ་གྱིས་གྲུབ་ཅིང་། ཨེ་ཅིབ་དང་སུའུ་ཏན། ཝུའུ་ཀན་ཏ་སོགས་བརྒྱུད་ནས་བཞུར་བས། འཛམ་གླིང་དུ་རྒྱལ་ཁབ་མང་བོ་བརྒྱུད་ནས་བཞུར་བའི་རྒྱལ་སྤྱིའི་རང་བཞིན་གྱི་ཆུ་བོའི་གྲས་ཀྱི་གཅིག་ཡིན། འབབ་ཡུལ་གྱི་རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨིས་གྲུ་བཞི་མ་ཁྲི287ཡོད་པས། ཧྥེ་གླིང་སྐམ་སའི་རྒྱ་ཁྱོན་གྱི1/9ཡན་ཟིན།
ཉི་ལུའོ་ཆུ་བོའི་སྨད་རྒྱུད་ཀྱི་ཟུར་གསུམ་གླིང་ནི་ཆེས་སྔ་བའི་མིའི་རིགས་ཀྱི་ཤེས་རིག་དར་སའི་གྲས་ཡིན་ལ། གནའ་བོའི་ཨེ་ཅིབ་ཀྱང་གནས་དེ་རུ་བལྟམས་པ་རེད། གནའ་བོའི་ཨེ་ཅིབ་ཀྱི་ཤུལ་བཞག་རིག་གནས་གླེང་དུས། མི་རྣམས་ཀྱིས་ཡིད་ལ་ཐོག་མར་དྲན་པ་ནི་ཉི་ལུའོ་ཆུ་བོའི་འགྲམ་གྱི་མཐོ་ཞིང་བརྗིད་པའི་སྙུང་གཟུགས་བང་སོ་དང་། ཉི་ལུའོ་ཆུ་བོས་ཐོན་སྐྱེད་བྱས་པའི་ཤོག་བུ་བཟོ་བྱེད་ཀྱི་རྩྭ། ཆུ་ངོས་སུ་སྐྱོད་པའི་གནའ་བོའི་གྲུ་གཟིངས། ངོ་མཚར་ཞིང་དཔོག་དཀའ་བའི་མི་རོ་སྐམ་པོ་ཡིན། དེ་དག་གིས་མི་རིགས་དེའི་ལོ་ངོ་སྟོང་ཕྲག་དུ་མའི་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཟིན་ཐོ་རུ་བཀོད་ཡོད།
ལོ་ངོ་སྟོང་ཕྲག་མང་བོའི་རིང་ལ་ཉི་ལུའོ་ཆུ་བོ་ལོ་རེའི་ཟླ6ནས་ཟླ10བར་དུས་བཅད་ལྟར་རྒྱས་པས་ངོགས་གཉིས་ཀྱི་ས་གཤིས་གཤིན་པོ་རུ་བསྒྱུར། གནའ་སྔ་མོ་ནས་བཟུང་ཨེ་ཅིབ་ཀྱི་མིས་ཆུ་ལོག་ཇི་ལྟར་འགོག་པ་དང་། འགྲམ་ངོགས་གཉིས་ཀྱི་ས་གཤིན་ཞིང་ས་རུ་བསྒྱུར་ནས་བཀོལ་སྤྱོད་བྱེད་པའི་ཆོས་ཉིད་ཁོང་དུ་ཆུད་ཡོད། དེའི་ཕྱིར། ཉི་ལུའོ་ཆུ་བོའི་ལུང་གཞུང་དུ་མུ་འབྲེལ་བའི་སྲིང་བལ་གྱི་ཞིང་ས་དང་། དྲི་ཞིམ་འཐུལ་བའི་ཆུ་འབྲས་ཀྱི་མེ་ཏོག་གིས་ཁེངས་ཤིང་། དུས་ད་ལྟའི་བར་ཨེ་ཅིབ་ཀྱི་མི90%ཡན་ཆུ་བོའི་འབབ་རྒྱུད་ཀྱི་བདེ་ཐང་དང་། ཟུར་གསུམ་གླིང་གི་ས་ཁུལ་དུ་གཞིས་སྡོད་བྱས། ཉི་ལུའོ་ཆུ་བོས་འགྲམ་ངོགས་གཉིས་སུ་གཞིས་སྡོད་བྱེད་པའི་མི་དམངས་ལ་ནོར་གཡང་བསྩལ་ཞིང་། འོད་སྟོང་འབར་བའི་ཨེ་ཅིབ་ཀྱི་ཤེས་རིག་གསར་སྐྲུན་མཛད། དེ་བས་ཨེ་ཅིབ་པས་ཉི་ལུའོ་ཆུ་བོར་ཚེ་སྲོག་གི་མ་ཡུམ་ཞེས་འབོད།