ཡ་མ་སུན་ཆུ་བོ།
འཛམ་གླིང་སྟེང་གི་བཞུར་ཚད་ཆེས་ཆེ་བའི་ཆུ་བོ།
ཡ་མ་སུན་ཆུ་བོ།
ང་ཚོས་རྒྱུན་དུ་བརྙན་འཕྲིན་དང་གློག་བརྙན་ལས་ཡ་མ་སུན་ས་ཁུལ་གྱི་མཛེས་སྡུག་གི་ཡུལ་ལྗོངས་མཐོང་ཐུབ། རྒྱང་ཐག་རིང་བའི་མེ་གླིང་ལྷོ་མའི་ཡ་མ་སུན་གྱི་མཐའ་ཡས་པའི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་གྱིས་དངོས་གནས་མིའི་ཡིད་སེམས་འགུགས་པ་རེད། གལ་ཏེ་ཁྱོད་ཀྱིས་ཡ་མ་སུན་ཆུ་བོའི་གཞུང་རྒྱུད་དེད་ནས་སོང་ན། ཁོད་ཡངས་པའི་ཆུ་ངོས་ཀྱི་འགྲམ་ངོགས་གཉིས་སུ་རྫུབས་སྟུག་ཅིང་བར་གསེང་བྲལ་བའི་ཚ་ཁུལ་གྱི་ནགས་ཚལ་བདོག་ལ། ཆུ་བོ་རྙོག་མར་གནས་ཀྱང་ཨ་སྔོན་གཡའ་དག་པས། རླུང་འཚུབ་ལྡང་ཞིང་དྲག་ཆར་བབས་པའི་རྗེས་སུ། ཉི་མའི་འཛུམ་ཞལ་མངོན་ཞིང་འཇའ་གུར་གྱི་ལང་ཚོ་ངོམ་དུས། ཆུ་ངོས་སུ་སྔར་མུས་བཞིན་ལྷིང་འཇགས་སུ་གྱུར་ཏེ། གྲུ་ཁེམ་གྱི་སྒྲ་དང་ཆུ་རླབས་ཆིལ་ཆིལ་གྱི་སྒྲ་མ་གཏོགས་མེད་པས་མི་མེད་ལུང་སྟོང་དུ་བསླེབས་པ་ལྟ་བུར་སྣང་།
སྤྱིའི་རིང་ཚད་ལ་སྟོང་སྨིས6992ཡོད་པའི(སྤྱི་ལོ2008ལོའི་ཟླ7པར་པར་ཙིལ་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་གྲངས་ཀ)ཡ་མ་སུན་ཆུ་བོ་ནི་ཆུ་ལག་ཧ་ཅང་མང་བོའི་ཆུ་བོ་ཞིག་ཡིན། དེ་ཡི་མགོ་ཁུངས་ཕེ་རུ་རྒྱལ་ཁབ་ཀྱི་ཨན་ཏེ་ལུའོ་སི་རི་རྒྱུད་ལ་ཐུག་ཅིང་། འབབ་ཡུལ་གྱི་ས་རྒྱ་ཟིན་ཚད་དང་བཞུར་ཚད་གཉིས་ཀ་འཛམ་གླིང་གི་ཨང་དང་པོ་ཡིན། ཆུའི་གསོག་ཚད་ཀྱིས་འཛམ་གླིང་གི་ཚྭ་མེད་ཆུ་ཡི20%ཟིན། ཆུ་བོ་དེ་ལ་ཏིང་མེ་གླིང་མི་དམངས་ཀྱི་གཟི་བརྗིད་དུ་བརྩི་ལ། རྒྱལ་ཁབ་མང་བོ་བརྒྱུད་ནས་བཞུར་ཅིང་། གཙོ་བོ་པར་ཙིལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མཆིས།
ཡ་མ་སུན་ཆུ་བོའི་འབབ་ཡུལ་དུ་གཞི་ཁྱོན་ཆེ་བའི་ཆར་ཆུ་མང་བའི་ཚ་ཁུལ་གྱི་ནགས་ཚལ་ངང་གིས་གྲུབ་པས་ཡ་མ་སུན་ནགས་ཚལ་ཞེས་ཀྱང་བརྗོད། གནམ་གཤིས་ཚ་ཞིང་བརླན་བཤེར་ཆེ་བ། ཆར་འབབ་ཚད་མོད་པས་བགྲང་ལས་འདས་པའི་སྲོག་ཆགས་དང་རྩི་ཤིང་གི་དགའ་ཚལ་ཞིག་ཏུ་གྱུར། བསྡོམས་རྩིས་བྱས་པ་ལྟར་ན། ཡ་མ་སུན་ནགས་ཚལ་ཁྲོད་སྲོག་ཆགས་དང་རྩི་ཤིང་གི་རིགས་ཆིག་ཁྲི་ལྷག་ཡོད་པས། རིགས་མང་ཞིང་རྙོག་འཛིང་ཆེ་ལ་སྐྱེ་དངོས་རིག་པ་བས་ཀྱང་དབྱེ་བ་གསལ་ཐག་ཆོད་པ་ཞིག་འབྱེད་ཐུབ་བྱུང་མེད། སྨིས80ལྷག་ཡོད་པའི་གྲོག་མཁར་ལྗོན་པ་དང་། གློག་འདོན་སྤྲོད་བྱེད་ཐུབ་པའི་ཏེན་མེན་ཉ་མོ། རང་བཞིན་གདུག་རྩུབ་ཆེ་བའི་མི་གཟན་ཉ་མོ། བ་རྒྱས་བྱིའུ་འཛིན་པའི་འབུ་སྡོམ་ཆེན་པོ་སོགས་ནགས་ཚལ་ཁྲོད་ཀྱི་རྟོགས་དཀའ་བའི་ཡོད་ཚད་ཀྱི་ཡོད་ཚད་ལ་མི་རྣམས་ཧ་ལས་སོ།།