logo

༄༅།།གནའ་བོའི་ཀེ་རི་སེའི་རླབས་ཆེ་བའི་ཆབ་སྲིད་པ་པོ་ལི་ཁོ་ལི།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-01 ཀློག་གྲངས།:
པོ་ལི་ཁོ་ལི་ནི(སྤྱི་ལོ་སྔོན་གྱི495-429)གནའ་བོའི་ཀེ་རི་སེའི་བྲན་བདག་དམངས་གཙོའི་དུས་སྐབས་ཀྱི་ཁྱད་ཐོན་མི་སྣ་གཙོ་བོ་ཞིག་སྟེ། ཆབ་སྲིད་པ་མིང་གྲགས་ཅན་དང་། གནའ་རབས་ཀྱི་སྙན་གྲགས་ཆེ་བའི་ཐབས་ཇུས་པ་དང་གཏམ་བཤད་པ་ཞིག་ཀྱང་ཡིན།
པོ་ལི་ཁོ་ལི་ནི་ཡ་ཏེན་གྱི་ཁྱིམ་རྒྱུད་གྲགས་ཅན་ཞིག་ཏུ་སྐྱེས་ལ། ཆུང་དུས་ནས་ཆེས་ལེགས་པའི་སློབ་གསོ་ཉམས་སུ་མྱོང་བའི་སྐལ་བ་ཐོབ། གཞོན་དུས་ནི་ཟང་ཟིང་གི་འཐབ་འཁྲུག་ཁྲོད་བསྐྱལ་ཞིང་། ཀེ་རི་སེ་སྟག་གཟིག་ལས་རྣམ་པར་རྒྱལ་རྗེས། པོ་ལོ་ཁོ་ལི་རིམ་བཞིན་ཆབ་སྲིད་ཀྱི་གར་སྟེགས་སུ་བུད་དེ། འཐབ་འཁྲུག་གིས་བརླགས་པའི་ཡ་ཏེན་བསྐྱར་འཛུགས་བྱེད་པའི་བྱ་བར་ཞུགས།
པོ་ལི་ཁོ་ལིས་བསྟུད་མར་བཅོས་སྒྱུར་བརྒྱུད་ཡ་ཏེན་གྱི་བྲན་བདག་དམངས་གཙོའི་སྲིད་དབང་འཐུས་ཚང་དུ་བཏང་། དུས་མཚུངས་སུ་ཁོང་གི་རོགས་རམ་འོག་ཡ་ཏེན་པོ་ལུའོ་པུན་ཉི་སའི་རིམ་པ་དང་པོའི་འཐབ་འཁྲུག་ཁྲོད་སི་པ་ཏ་མི་རིགས་ལས་རྣམ་པར་རྒྱལ།
པོ་ལི་ཁོ་ལི་ནི་ཆབ་སྲིད་པ་དང་དམག་དོན་པ་ཞིག་ཡིན་པར་མ་ཟད། ཀེ་རི་སེའི་གནའ་རབས་རིག་གནས་ལ་གོང་བཀུར་དང་དར་སྤེལ་གཏོང་མཁན་ཞིག་ཀྱང་ཡིན། ཁོང་གིས་དབང་བསྒྱུར་སྐབས་ཀེ་རི་སེའི་གནའ་གཞུང་རིག་གནས་ཆེས་དར་རྒྱས་ཀྱི་དུས་སུ་སླེབས་པས་སུའུ་ཀོ་ལ་ཏི་དང་པོ་ལ་ཐུའུ་སོགས་མིང་དུ་གྲགས་པའི་བསམ་བློ་པ་མང་པོ་བྱུང་། འཛམ་གླིང་ན་མིང་དུ་གྲགས་པའི་ཀེ་རི་སེའི་ཤེས་ཡོན་ཅན་དང་སྒྱུ་རྩལ་པ་ཆེན་མོ་དག་ཡ་ཏེན་ལ་འཛོམས་ཏེ་གཞན་ལ་སློབ་ཁྲིད་ཀྱི་ཞོར་དུ། འཇིག་རྟེན་གྱི་གསང་བ་དང་མི་ཚེའི་བདེན་ལུགས་ལ་རྟོག་དཔྱོད་བྱས།
པོ་ལི་ཁོ་ལི་ལ་རླབས་ཆེན་གྱི་བསམ་བློ་དང་བརྗིད་ཉམས་ཀྱི་སྟངས་སྟབས་ལྡན་པར་མ་ཟད་ཁོང་གིས་གཞན་ལ་གུ་ཡངས་དང་ཞི་དུལ་མཛད་པའི་གཤིས་ཀ་དེར་ཚང་མས་བརྩི་བཀུར་ཐོབ།
བཤད་ཚུལ་ལྟར་ན། པོ་ལི་ཁོ་ལིས་སྐབས་དེའི་དམག་སྤྱི་ཆེན་མོའི་འགན་བཞེས་ཡོད་དེ། དོན་དངོས་སུ་ཡ་ཏེན་གྱི་དབང་བསྒྱུར་མཁན་དུ་གྱུར་རྗེས་རྒྱུན་དུ་མང་ཚོགས་དང་བསམ་བློ་བརྗེ་རེས་བྱེད་པ་དང་། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པ། ཁོང་ལ་ངོ་རྒོལ་བྱེད་མཁན་དང་སྡིགས་དམོད་བྱེད་མཁན་ཡོད་ཚེ་ཁོང་ཁྲོ་མི་ལངས་ལ་རང་དགར་འཛིན་བཟུང་དེ་བས་ཀྱང་མི་བྱེད།
ཉིན་ཞིག་གི་དགོང་མོར། པོ་ལི་ཁོ་ལིས་གཞུང་དོན་བསྒྲུབས་ཚར་ནས་རྐང་ཐང་ལ་ཁྱིམ་དུ་ལོག ལམ་བར་དུ་སྐུ་དྲག་ཅིག་ཁོང་གི་རྗེས་སུ་འབྲངས་འོངས་ནས་ཁོང་ལ་ངོ་ཚ་མེད་པའི་སྨྱོན་པ་ཁྱོད། སྐུ་དྲག་གི་ཁྱིམ་ནས་སྐྱེས་ཀྱང་ཐ་ཤལ་གྱི་དབུལ་བོ་ཚོ་དང་འབྲེལ་འདྲིས་བྱེད་ཅེས་དམོད་མོ་བཏང་། དེ་ལྟར་སྡིགས་དམོད་གཏོང་བཞིན་ཁོང་གི་སྡོད་ཁང་གི་སྒོ་ཁར་བསླེབས། སྐབས་དེར་མུན་རུབ་འདུག་པས་པོ་ལི་ཁོ་ལིས་དཔལ་འབར་བསྒྲོན་ནས་གཡོག་པོ་ཞིག་ལ་མི་དེ་རང་ཁྱིམ་་ལ་བསྐྱལ་དུ་བཅུག བྲན་གཡོག་སྤྱི་ཚོགས་ཀྱི་དབང་སྒྱུར་གྲལ་རིམ་ཁྲོད་ངོ་རྒོལ་བྱེད་མཁན་ལ་ཁོང་ལྟ་བུའི་རྣམ་འགྱུར་བཟང་བོ་འཛིན་མཁན་ནི་ཤིན་ཏུ་དཀོན་པས། ཡ་ཏེན་དམངས་ཚོགས་ཀྱིས་ཁོང་གི་གཤིས་སྤྱོད་ལ་བསྟོད་བསྔགས་དང་རྒྱབ་སྐྱོར་ཚད་མེད་བྱས་སོ།།
འབྲེལ་ཡོད་འོས་སྦྱོར།