logo

ནུབ་གླིང་ཤེས་རིག་གི་ཕ་ས། གྷི་རི་སི།

རྩོམ་པ་པོ།:ཚེ་དཔལ། ཡོང་ཁུངས།:གངས་ལྗོངས་ཉི་གཞོན། ༢༠༡༧ལོའི་དེབ་གཉིས་པ། དུས་ཚོད།:2022-01-06 ཀློག་གྲངས།:
        གྷི་རི་སི་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་གྷི་རི་སི་ཞེས་འབོད་པ་ནི་ཡོ་རོབ་གླིང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། རྒྱལ་ཁབ་འདི་ནི་བྷོའོ་ལོ་ནིས་སད་ཕྱེད་གླིང་དང་ཨེ་ལྗིན་རྒྱ་མཚོའི་གླིང་ཕྲན་3000ལྷག་གིས་གྲུབ། གྷི་རི་སི་ནི་ཡོ་རོབ་གླིང་དང་ཨེ་ཤ་ཡ། ཨ་ཧྥེ་རི་ཀ་གསུམ་གྱི་སྦྲེལ་མཚམས་ཀྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་། ནུབ་ནས་བྱང་བར་རིམ་བཞིན་ཨལ་པ་ཉི་ཡ་དང་དང་མ་སི་དོ་ཉི་ཡ། པུར་ག་རི་ཡ་བཅས་རྒྱལ་ཁབ་གསུམ་དང་འབྲེལ་ཞིང་བྱང་ཤར་གྱི་མཚམས་ཏུར་ཁེ་རྒྱལ་ཁབ་དང་འདབ་འབྲེལ་དུ་གནས། ཤར་ནས་ནུབ་བར་རིམ་བཞིན་ཨེ་ལྗིན་རྒྱ་མཚོ་དང་སྐོར་དཀྱིལ་རྒྱ་མཚོ། ཡེ་ཨོ་ཉི་ཡཱ་རྒྱ་མཚོས་བསྐོར་ཡོད།
        ང་ཚོས་གྷི་རི་སིའི་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ཚེ། གྷི་རི་སིའི་ལོ་རྒྱུས་དེ་གནའ་བོའི་གྷི་རིའི་སིའི་ཤེས་རིག་དང་འབྲེལ་ཞིང་། ནུབ་གླིང་ཤེས་རིག་གི་ཕ་ས་སྟེ་ནུབ་གླིང་མཚན་ཉིད་རིག་པ་དང་ཨོ་རྩལ་འགྲན་ཚོགས། ནུབ་གླིང་རྩོམ་རིག ལོ་རྒྱུས་རིག་པ། ཆབ་སྲིད་རིག་པ། མང་གཙོའི་ལམ་ལུགས། ཚན་རིག་དང་རྩིས་རིག་གི་གཞུང་ལུགས། དེ་མིན་ནུབ་གླིང་གི་ཟློས་གར་སོགས་ཀྱི་འབྱུང་ཁུངས་སུ་ངོས་འཛིན་བྱེད། གཞན་གནའ་བོའི་གྷི་རི་སིའི་མིས་ཚན་རིག་ལག་རྩལ་གྱི་ཐད་ནས་ཀྱང་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་དེ། གནའ་བོའི་གྷི་རི་སིའི་མིས་ཆེས་ཐོག་མར་ཉི་འཛིན་དང་ཟླ་འཛིན་བྱུང་བའི་རྒྱུ་རྐྱེན་ཤེས་རྟོགས་བྱུང་བར་མ་ཟད། ཆེས་ཐོག་མར་ཉི་ལྟེ་སྨྲ་བའི་ལྟ་བ་བཏོན། དེ་མིན་རང་བྱུང་ཚན་རིག་གི་གཞུང་ལུགས་ཞིབ་འཇུག་དང་ལག་ལེན་གྱི་ཐད་ནས་ཀྱང་རྨད་དུ་བྱུང་བའི་མཛད་རྗེས་བཞག་ཡོད།
        ཡོངས་གྲགས་ཀྱི་བཤད་རྒྱུན་ལྟར་ན་དཔུང་བཅད་ཝེ་ན་སིའི་རྡོ་བརྐོས་ནི། སྤྱི་ལོ་1820ལོར་གྷི་རི་སིའི་ཨེ་ལྗིན་རྒྱ་མཚོའི་སྨི་ལོ་གླིང་ཕྲན་གྱི་བྲག་ཕུག་ཅིག་ལས་གསར་དུ་རྙེད་པར་བཞེད་ལ། རྡོ་བརྐོས་འདི་རྡོ་ཀ་མ་རུས་གྲུབ་ཅིང་སྤྱིའི་རིང་ཚད་ལ་སྨི་2.14ཡོད། ད་ལྟ་རྡོ་བརྐོས་འདི་ཧྥ་རན་སིའི་ལོའོ་ཧྥོའོ་ཕོ་བྲང་དུ་ཉར་ཞིང་། ཕོ་བྲང་འདིའི་རྨད་དུ་བྱུང་བའི་ཁྱད་ནོར་ཞིག་ཏུ་གྱུར་ཡོད། རྡོ་བརྐོས་འདི་གསར་དུ་རྙེད་པ་ནས་བཟུང་ཚང་མས་མགྲིན་གཅིག་ཏུ་གྷི་རི་སིའི་བུད་མེད་ཀྱི་རྡོ་བརྐོས་དག་ལས་ཆེས་མཛེས་པའི་རྡོ་བརྐོས་ཤིག་ཏུ་བསྟོད་ཅིང་། རྣམ་པར་སྨིན་པའི་མྱོས་བུམ་དང་བརྟན་ཞིང་བརླིང་བའི་དཔུང་བ། ཕྲ་ཞིང་མཉེན་པའི་སྐེད་པ་ལས་དར་ལ་བབས་པའི་བུད་མེད་ཅིག་གི་མཛེས་པ་མངོན་པར་མཚོན་ཞིང་། རྡོ་བརྐོས་དེར་བུད་མེད་ཅིག་གི་མཛེས་པ་དང་བབ་ཆགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད་མིའི་རིགས་ཀྱི་ཨ་མ་ཐུན་མོང་ལ་མངའ་བའི་ལྷད་མེད་རྣམ་དག་དང་བྱམས་བརྩེའི་ཁྱད་ཆོས་ལྡན། རྡོ་བརྐོས་ཀྱི་ངོ་གདོང་ལ་གཞིགས་ན་གྷི་རི་སིའི་བུད་མེད་ཀྱི་སྐྱེས་དབྱིབས་ཀྱི་ཁྱད་ཆོས་མངོན་གསལ་དུ་ལྡན་ཏེ། སྣའི་གཟེངས་མཐོ་ཞིང་གདོང་འཇོང་དབྱིབས་སུ་མངོན་པ། དཔྲལ་པའི་དབྱེས་ཆུང་ཞིང་མ་ནེ་རྒྱགས་པའི་ཁྱད་ཆོས་ལྡན། འདི་འདྲའི་ཚགས་དམ་ཞིང་མཛེས་སྡུག་ལྡན་པའི་རྡོ་བརྐོས་ཞིག་གསར་དུ་བཞེངས་བ་ལས་གནའ་བོའི་གྷི་རི་སིའི་མིས་མིའི་སྟོབས་ཤུགས་དང་མཛེས་པར་ཁས་ལེན་དང་བསྟོད་བསྔགས་བྱས་པ་མཚོན། ལྷག་པར་དུ་ལྷ་ཡུམ་འདིའི་རྡོ་བརྐོས་ལས་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ཡར་སྔོན་གྱི་གནའ་བོའི་གྷི་རི་སིའི་མིའི་མཛེས་དཔྱོད་ཀྱི་འདུ་ཤེས་དེ་རྟོགས་ནུས་ཏེ། ཕྱིའི་སྐྱེས་འབྲས་ཀྱི་མཛེས་པ་དང་ནང་བསམ་བློའི་མཛེས་པ་གཉིས་ཚད་མཐོན་པོའི་སྒོ་ནས་གཅིག་གྱུར་གྱིས་མཚོན་ཡོད།
        ལོ་ངོ་བརྒྱ་ལྷག་གི་རིང་ལ་ཝེ་ན་སིའི་དཔུང་བར་ཆག་སྐྱོན་མ་བྱུང་བའི་སྔོན་གྱི་ཐོག་མའི་རྣམ་པ་ཤེས་མཁན་ཤིན་ཏུ་ཉུང་། རྗེས་སུ་ཡིག་ཚགས་ཤིག་ལས་ཏུའུ་མིན•ཅེའུ་ཝེར་གྱི་ཟིན་ཐོ་ཞིག་གསར་དུ་རྙེད་ཅིང་། ཟིན་ཐོ་ལས་ཝེ་ན་སིའི་ལག་གཡས་པས་ལྭ་བའི་ཐུ་བར་བཟུང་ཞིང་ལག་པ་གཡོན་པར་ཀུ་ཤུ་ཞིག་ཐོགས་ནས་མགོ་བོར་བསྲིངས་པ། རྣ་བར་རྣ་ལུང་ཟུང་གིས་ལེགས་པར་བརྒྱན་འདུག་ཅེས་ཞིབ་འབྲི་བྱས་འདུག སྒྱུ་རྩལ་པ་མང་པོ་ཞིག་གིས་རྡོ་བརྐོས་འདིའི་ཆེས་ཐོག་མའི་རྣམ་པ་སླར་གསོ་བྱེད་པར་བརྩོན་མོད། ངལ་བ་འབྲས་མེད་དུ་གྱུར། དཔུང་བ་གཉིས་ལ་ཆག་སྐྱོན་བྱུང་བ་ལས་ཝེ་ན་སིའི་རྡོ་བརྐོས་མཛེས་པར་གནོད་སྐྱོན་མ་ཐེབས་པར་སྨྲ་བསམ་བརྗོད་འདས་ཀྱི་མཛེས་པ་གཞན་ཞིག་བསྣན་པ་ལགས། དཔུང་བཅད་རྡོ་བརྐོས་མི་རྣམས་ལ་འཆར་ཡན་གྱི་བར་སྟོང་ཆེན་པོ་ཞིག་བསྩལ་བ་སྟེ་ལ་ལས་རྡོ་བརྐོས་དེ་ནི་དྲན་གསོའི་རྡོ་རིང་ཞིག་ཏུ་ངོས་འཛིན་བྱེད་ལ། ལ་ལས་དེ་ནི་མཛེས་སྡུག་རྣམ་པར་བཀྲ་བའི་མུ་ཏིག་རྡོག་གཅིག་ལ་ངོས་འཛིན་བྱེད། མཛེས་དཔྱོད་སྨྲ་བ་རྣམས་ཀྱིས་རྡོ་བརྐོས་འདི་ནི་མཛེས་པ་ཞེས་པ་ཅི་ལྟ་བུ་ཞིག་ཡིན་པ་རྒྱས་པར་འགྲེལ་པའི་བསྟན་བཅོས་ཤིག་ཡིན་པར་ངོས་འཛིན་བྱེད།
        ཧུ་མཱའི་ལོ་རྒྱུས་སྙན་རྩོམ་རིང་མོ་ནི«ཡེ་ལི་ཡ་ཐི།»དང་«ཨོ་ཏི་སད།»གཉིས་ཀྱིས་གྲུབ་ཅིང་། སྙན་རྩོམ་རིང་མོ་འདིར་རྗོད་བྱེད་ཀྱི་ཚིག་སྙན་ཞིང་འཇེབས་ལ། བརྗོད་དོན་གསོན་ཉམས་ལྡན་པ་དང་བྱུང་རིམ་ཚགས་དམ་པའི་ཁྱད་ཆོས་ལྡན། «ཡེ་ལི་ཡ་ཐི།»ལས་གྷི་རི་སིའི་མཉམ་འབྲེལ་དམག་དཔུང་གིས་ཡཱ་ཞི་ཡཱ་ཆུང་བའི་གྲོང་ཁྱེར་ཐི་ལོ་ཡེ(Troy)ལ་འཇབ་རྒོལ་བྱས་པའི་གོ་རིམ་ཁྲོད་བྱུང་བའི་དམག་འཁྲུག་གི་གནས་ཚུལ་ཞིབ་ཏུ་བརྗོད་ཡོད་པ་དང་། «ཨོ་ཏི་སད།»ལས་ཡེ་སཱ་ཁཱ(Ithaca)ཡི་རྒྱལ་པོ་ཨོ་ཐི་ཞུག་སི་ཐི་ལོ་ཡེ་གྲོང་ཁྱེར་གྱི་དམག་འཁྲུག་ལས་རྣམ་པར་རྒྱལ་ནས་ཕྱིར་ལོག་པའི་ལམ་བར་གྱི་ལོ་ངོ་བཅུའི་འཁྱམ་ཉུལ་གྱི་གཏམ་རྒྱུད་ཞིབ་ཏུ་བརྗོད་ཡོད།
        མི་རིགས་གཞན་དང་འདྲ་བར་གནའ་བོའི་གྷི་རི་སིའི་ཡབ་མེས་རྣམས་ཀྱིས་ཀྱང་ལོ་རབས་གོང་མའི་ལོ་རྒྱུས་ཀྱི་དྲན་པ་གཏམ་རྒྱུད་ཀྱི་ལམ་ནས་ཟིན་ཐོར་བཀོད་ཅིང་། རྗེས་ནས་རིམ་བཞིན་ལོ་རྒྱུས་སྙན་རྩོམ་གྱི་རྣམ་པར་བརྟེན་ནས་ངག་ནས་ངག་བརྒྱུད་དེ་རྒྱུན་འཛིན་བྱས། དེ་ལྟ་བུའི་གཏམ་རྒྱུད་དང་ལོ་རྒྱུས་སྙན་རྩོམ་ནི་དོན་དམ་དུ་དངོས་བྱུང་གི་ལོ་རྒྱུས་མཚོན་པའི་བརྩམས་ཆོས་མིན་ནའང་བརྩམས་ཆོས་དེ་དག་ལས་སྐབས་ཐོག་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་དཔལ་འབྱོར་གྱི་འཕེལ་རྒྱས། རིག་གནས་ཀྱི་གནས་སྟངས་སོགས་ཟུར་ངོས་གང་རུང་ནས་མཚོན་ཐུབ་པས་ན་ཧུ་མཱའི་ལོ་རྒྱུས་སྙན་རྩོམ་གྱིས་གནའ་བོའི་གྷི་རི་སིའི་ལོ་རྒྱུས་ཀྱི་དྲན་པ་སྦྲུམ་ཡོད་པར་བཞེད།
        ཧུ་མཱའི་ལོ་རྒྱུས་སྙན་རྩོམ་ནི་ཡུལ་དུས་ངེས་ཅན་ཞིག་ཏུ་རྩོམ་པ་པོ་གང་རུང་གིས་གསར་དུ་བརྩམས་པ་མ་ཡིན་པར། དེ་ནི་གནའ་བོའི་གྷི་རི་སིའི་མི་ཡོངས་ཀྱི་སེམས་པའི་གཏིང་རིམ་དུ་སིམ་པའི་ལོ་རྒྱུས་ཀྱི་དྲན་པ་ཞིག་ལགས། ཐི་ལོ་ཡེ་དམག་འཁྲུག་མཇུག་རྫོགས་རྗེས་གྷི་རི་སིའི་གནའ་མཁར་གྱི་དམངས་ཁྲོད་གླུ་བ་དང་དམངས་ཁྲོད་སྒྱུ་རྩལ་པས་དམག་འཁྲུག་ཁྲོད་ཀྱི་དཔའ་བའི་མཛད་རྗེས་དང་རྒྱལ་ཁའི་བསྟོད་བསྔགས་གླུ་རུ་བཀུག་ནས་མི་ཚོགས་ཀྱི་འདུ་ལོང་རྒོད་པའི་ཁྲོམ་སྲང་དག་ཏུ་བླངས། དེ་ལྟར་ངག་ནས་ངག་བརྒྱུད་ཅིང་མི་རབས་མང་པོའི་རིང་ལ་ཁ་སྣོན་དང་ལེགས་སྒྲིག་བྱས་ཏེ་ནང་དོན་དང་མཚོན་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་། རྗེས་སུ་ཧུ་མཱས་ངག་རྒྱུན་སྙན་རྩོམ་དེར་ལས་སྣོན་དང་ལེགས་བཅོས་བྱས་པས་གཏན་འཇགས་ཀྱི་བརྩམས་ཆོས་སུ་གྲུབ། ཧ་ལམ་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་དཀྱིལ་དུ་ཕིས་ཞི་ཐི་ལ་ཏའོ་ཡིས་སྲིད་དབང་སྐྱོང་སྐབས་ད་གཟོད་ཡི་གེར་ཕབ་པར་བཞེད། སྤྱིར་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ནི་དོན་བརྗོད་སྙན་ངག་གི་ཁོངས་སུ་གཏོགས་ལ། «ཡེ་ལི་ཡ་ཐི།»ལས་གཙོ་བོ་ཞིབ་བརྗོད་ཀྱི་ཐབས་ལམ་གཉིས་སྤྱད་ཡོད་དེ། དང་པོ་ནི་རྩོམ་པ་པོས་ཞིབ་བརྗོད་པའི་ངོས་ནས་གཏམ་རྒྱུད་ཀྱི་བྱུང་རིམ་ཞིབ་ཏུ་བརྗོད་པ་དང་། གཉིས་པ་ནི་རྩོམ་པ་པོས་མི་སྣའི་ངོས་ནས་གཏམ་རྒྱུད་ཀྱི་བྱུང་རིམ་ཞིབ་ཏུ་བརྗོད་པའོ། །ནུབ་གླིང་གི་རྩོམ་གཞུང་དག་ཏུ་སྔོན་མར་ཞིབ་བརྗོད་ཀྱི་ཐབས་ལམ་དང་རྗེས་མར་འཁྲབ་སྟོན་གྱི་ཐབས་ལམ་ཞེས་བརྗོད།
        ཧུ་མཱའི་ལོ་རྒྱུས་སྙན་རྩོམ་རིང་མོ་ནི་གནའ་བོའི་གྷི་རི་སིའི་རུས་རྒྱུད་སྤྱི་ཚོགས་ནས་བྲན་གཡོག་སྤྱི་ཚོགས་སུ་འཕེལ་བའི་བར་བརྒལ་དུས་སྐབས་ཀྱི་ལོ་རྒྱུས་བརྗོད་དོན་དུ་བཟུང་བའི་སྙན་རྩོམ་ཞིག་ཡིན་ཞིང་། དེར་སྤྱི་ཚོགས་ལོ་རྒྱུས་དང་ཡུལ་སྲོལ་ལོ་རྒྱུས། ས་ཁམས་དང་གནའ་རྫས་ཞིབ་འཇུག་བཅས་ཀྱི་དོན་སྙིང་ཆེན་པོ་ལྡན། ལོ་རྒྱུས་སྙན་རྩོམ་རིང་མོ་འདིར་གཙོ་བོ་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས་སྤྱད་ཡོད་དེ། བརྗོད་དོན་ཁྲོད་ཀྱི་དམག་འཁྲུག་དང་མི་སྣ་སོགས་ལ་ལྷ་སྒྲུང་གི་ཤུགས་རྐྱེན་ཐེབས་ནའང་ཟུར་ངོས་གང་རུང་ནས་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་པར་བྱས་ཡོད། གཞན་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ལ་མི་ཇུས་རིང་ལུགས་ཀྱི་བསམ་བློས་བརྒྱན་ཡོད་དེ། དེ་ལས་མིའི་ཁེ་དབང་དང་རིན་ཐང་། སྟོབས་ཤུགས་སོགས་ལ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཡོད།
        ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཏེ་མིང་བསྡུས་ན་ཨོ་རྩལ་འགྲན་ཚོགས་ཞེས་བྱ་བ་ནི། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་ལུས་རྩལ་གྱི་རྣམ་གྲངས་མང་བའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་ཚོགས་ཤིག་ཡིན། ལོ་བཞིའི་ནང་ཐེངས་རེར་སྡུད་བཞིན་ཡོད་ཅིང་། དེར་དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་གཉིས་སུ་དབྱེ་ལ། དེང་རབས་ཨོ་རྩལ་འགྲན་ཚོགས་ནི་འཛམ་གླིང་ན་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཆེན་མོ་ཞིག་ཡིན། ཆེས་ཐོག་མར་ཨོ་རྩལ་འགྲན་ཚོགས་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཆེན་པོ་ཞིག་ཡིན་ཞིང་། དེ་ལ་ཨོ་ལིན་ཕིག་སིའི་ལྷ་ཚོགས་ལ་མཆོད་གུས་དང་ངེས་གཏན་གྱི་ཆོ་གའི་ལམ་ལུགས། ཕུན་སུམ་ཚོགས་པའི་ལྷ་སྒྲུང་གི་ཁྱད་ཆོས་ལྡན།
        ཨོ་རྩལ་འགྲན་ཚོགས་དེ་ཐོག་མར་ལོ་སྟོང་གཉིས་གསུམ་ཙམ་གྱི་དུས་ལ་གནའ་བོའི་གྷི་རི་སི་ནས་བྱུང་ཞིང་། སྤེལ་ཡུལ་ཨོ་ལིན་ཕིག་ཡིན་པས་མིང་དེ་ལྟར་ཐོགས། རྗེས་སོར་གནའ་བོའི་གྷི་རི་སི་རྒྱལ་ཁབ་ཉམས་རྒུད་དུ་གྱུར་བས་ལོ་ངོ་1500ཙམ་ལ་འགྲན་ཚོགས་སྤེལ་མ་ཐུབ་པར་ལུས། དེ་ལྟར་དུས་རབས་བཅུ་དགུ་བའི་མཇུག་ལ་ཧྥ་རན་སིའི་ཕེར་ཌེ་ཁའོ་ཊེན(Pierre de Coubertin)ཟེར་བས་ཨོ་རྩལ་གྱི་སྙིང་སྟོབས་མངའ་བའི་དེང་རབས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་གསར་དུ་བཙུགས། དེ་ནས་བཟུང་། སྤྱི་ལོ་1896ལོ་ནས་འགོ་བརྩམས་ཏེ་ཨོ་རྩལ་འགྲན་ཚོགས་དེ་ལོ་བཞིའི་ནང་ཐེངས་རེར་བསྡུས་ཤིང་། རིམ་བཞིན་ཨོ་རྩལ་འགྲན་ཚོགས་དེ་ཞི་བདེ་དང་མཛའ་མཐུན་གྱི་མཚོན་རྟགས་སུ་གྱུར།
        ཨ་ཐེན་སི་སྲུང་མཁར་ནི་གྷི་རི་སིའི་ཆེས་རྨད་དུ་བྱུང་བའི་གནའ་བོའི་བཟོ་བཀོད་ཅིག་དང་ཆབ་སྲིད་དང་ཆོས་ལུགས་བྱེད་སྒོ་སྤེལ་སའི་ལྟེ་གནས་གལ་ཆེན་ཞིག་ཀྱང་ཡིན། ཡོངས་གྲགས་ལྟར་ན་སྲུང་མཁར་འདི་ནི་སྤྱི་ལོ་སྔོན་གྱི་ལོ་580ལོར་བསྐྲུན་འགོ་བརྩམས་པར་གྲགས་ལ། ཆེས་ཐོག་མར་ཆོས་ལུགས་ཀྱི་ཆོ་ག་སྒྲུབ་ས་དང་བྱེད་སྒོ་སྤེལ་ས་ཡིན། སྤྱི་ལོ་1987ལོར་འཛམ་གླིང་གི་རིག་གནས་ཤུལ་བཞག་གྲས་སུ་ཚུད་དོ།།
འབྲེལ་ཡོད་འོས་སྦྱོར།