༢༠༢༢ལོའི་ནོའུ་པེལ་རྩོམ་རིག་བྱ་དགའ།
རྩོམ་པ་པོ།:ཁྱུང་གཤོག་གིས་སྒྱུར་སྒྲིག་བྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-12-30
ཀློག་གྲངས།:
2022ལོའི་ཟླ10པའི་ཚེས6ཉིན། སི་ཝེས་དན་རྩོམ་རིག་སློབ་གླིང་གིས“ཁོང་མོའི་སྤོབས་པ་དང་ནད་ཐོག་སྨན་པ་བཞིན་གྱི་ཚོར་བ་སྐྱེན་པོས་མི་སྒེར་གྱི་དྲན་པའི་རྩད་པ་དང་། གྱེས་འཐོར། སྤྱི་པའི་འཆིང་སྡོམ་བཅས་ཀྱི་རང་བཞིན་ཐེར་འདོན་བྱས་པ”ཞེས་པའི་མིང་ཐོག་ནས། དགུང་ལོ82ལ་སོན་པའི་ཧྥ་རན་སིའི་བུད་མེད་རྩོམ་པ་པོ་གྲགས་ཅན་ཨན་ཉི•ཨེར་ནཱོ་ལ་ནོའུ་པེལ་རྩོམ་རིག་བྱ་དགའ་ཐོབ་པ་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱས།
གཅིག རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
བུད་མེད་རྩོམ་པ་པོ་ཨན་ཉི•ཨེར་ནཱོ།(安妮·埃尔诺) གཉེན་མ་སྒྲིག་པའི་སྔོན་གྱི་མིང་ལ་ཏུའུ་ཆི་ནའེ(杜切内)ཟེར། སྤྱི་ལོ1940ལོའི་ཟླ9པའི་ཚེས1ཉིན་ཧྥ་རན་སིའི་ནའོ་མན་ངྷེ་ས་ཁུལ་གྱི་བཟོ་པའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་བལྟམས། 1960ལོར་ཁོ་མོ་དབྱིན་ཇིའི་ལོན་ཏོན་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་དང་ཆབས་ཅིག་བརྩམས་སྒྲུང་ཐོག་མ་གསར་རྩོམ་བྱེད་འགོ་བརྩམས། སྔ་ཕྱིར་ཧྥ་རན་སིའི་ལུའུ་ཨང་གཙུག་ལག་སློབ་ཆེན་དང་པོའར་ཏུའོ་གཙུག་ལག་སློབ་ཆེན་དུ་སློབ་གཉེར་བྱས་མྱོང་། 1967ལོར་སློབ་འབྲིང་དགེ་རྒན་གྱི་བྱ་བ་གཉེར། 1974ལོར་བརྩམས་སྒྲུང་དེབ་ཐོག་མ«གཙང་བཤེར»(控衣橱)ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས། 1977ལོར་ཧྥ་རན་སིའི་རྒྱང་བརྟེན་སློབ་གསོ་རྟེན་གནས་སུ་ལས་གནས་སྤར། 1983ལོར་རང་རྣམ་ལུགས་ཀྱི་བརྩམས་སྒྲུང་དེབ«སྐྱེས་པ་ཞིག་གི་གོ་གནས»(一个男人的位置)ཞེས་པ་པར་སྐྲུན་བྱས་པ་དང་ཧྥ་རན་སིའི་རའེ་ནཱོ་དོ་རྩོམ་རིག་བྱ་དགའ(勒诺多文学奖)ཐོབ། 1987ལོར་བརྩམས་སྒྲུང་དེབ«བུད་མེད་ཅིག»(一个女人)ཅེས་པ་དང1990ལོར་བརྩམས་སྒྲུང་དེབ«ལྷད་མེད་ཀྱི་བརྩེ་སེམས»(单纯的激情)ཞེས་པ། 1997ལོར«ངོ་ཚ»(耻辱)བཅས་པར་སྐྲུན་འགྲེམས་སྤེལ་བྱས། 2000ལོར་ཧྥ་རན་སིའི་རྒྱང་བརྟེན་སློབ་གསོ་རྟེན་གནས་སུ་རྒན་ཡོལ་བྱས་པ་དང་ལོ་དེར་བརྩམས་སྒྲུང་དེབ«དོན་རྐྱེན»(事件)དང2003ལོར«བཙན་བཟུང»(占领)གཉིས་སྔ་ཕྱིར་པར་དུ་སྐྲུན། 2008ལོར་མཛད་པའི་ལོ་རྒྱུས་དྲན་ཐོ་སྒྲུང་དེབ«བཞུད་པའི་ལོ་ཟླ»པར་སྐྲུན་བྱས་པ་བཅས་ཁྱོན་བསྡོམས་བརྩམས་སྒྲུང་དེབ་བཅོ་ལྔ་པར་སྐྲུན་བྱས། «བཞུད་པའི་ལོ་ཟླ»ལ་ཧྥ་རན་སིའི་ཏུའུ་ལ་སི་རྩོམ་རིག་བྱ་དགའ(杜拉斯文学奖)ཐོབ་པར་མ་ཟད། དེབ་འདི་ཧྥ་རན་རིའི་དུས་དེབ་གྲགས་ཅན«དཔེ་ཀློག»གིས་ལོ་འཁོར་གཅིག་གི་ཕུལ་བྱུང་བརྩམས་ཆོས་ཉི་ཤུའི་གྲས་སུ་བདམས། གཞན་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་དུས་རབས་ཉེར་གཅིག་པའི2009ལོའི་ཆེས་ཕུལ་དུ་བྱུང་བའི་ཕྱི་རྒྱལ་བརྩམས་སྒྲུང་བྱ་དགའ་སྤྲད། 2021ལོའི་ཟླ11པར། དབྱིན་ཇིའི་གོང་མའི་རྩོམ་རིག་སློབ་ཚོགས་ཀྱིས་རྒྱལ་སྤྱིའི་རྩོམ་པ་པོའི་ཚེ་གང་གི་བྱ་དགའ་ཞེས་པ་བསྩལ། ཁོ་མོ་ནི་ལོ་རྒྱུས་སྟེང་ནོའུ་པེར་རྩོམ་རིག་བྱ་དགའ་ཐོབ་པའི་བུད་མེད་རྩོམ་པ་པོ་ཨང17པ་ཡིན།
གཉིས། འཐུབ་ཚབ་བརྩམས་ཆོས་གཉིས་མཚམས་སྦྱོར་བ།
༡ «བཞུད་པའི་ལོ་ཟླ»
བརྩམས་སྒྲུང་དེབ་འདི་པར་སྐྲུན་བྱས་རྗེས་ཧྥ་རན་སིའི་ཏུའུ་ལ་སི་རྩོམ་རིག་བྱ་དགའ(杜拉斯文学奖)ཐོབ་པ་རེད། བརྩམས་ཆོས་འདི་གཙོ་བོ“འབོད་མིང་མེད་པའི་རང་རྣམ”(无人称自传)གྱི་འབྲི་ཐབས་སྤྱད་ཡོད་པ་དང་། རང་ཉིད་ཀྱི་དྲན་ངོགས་སུ་རྒྱུ་བའི་འདས་དོན་དང་མི་རྣམས་ལ་ཐུན་མོང་དུ་ཡོད་པའི་མྱོང་བ་བྲིས་པ་བརྒྱུད་དུས་རབས་ཀྱི་འཕོ་འགྱུར་མཚོན་པར་བྱས་ནས། མི་རྣམས་ཀྱི་བསམ་པའི་གཏིང་རིམ་དུ་ཉར་བའི་མཉམ་སྣང་དག་མངོན་པར་བསྒྲགས་ཡོད། དེ་མིན་ཆེ་ས་ནས་རྒྱལ་སྤྱིའི་གནས་ཚུལ་དང་ཆུང་ས་ནས་བཟའ་བཏུང་གྱོན་གོས་དང་བཟའ་མི་ལྷན་འཛོམས། སྒེར་གྱི་གསང་བ། རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་ལ་བརྟེན་ནས་འཇིག་རྟེན་གྱི་འཕེལ་རིམ་མཚོན་པར་བྱས་པ་བརྒྱུད། དོན་དངོས་ཐོག་ཐུན་མོང་གི་དྲན་ཤེས་བྲིས་ཡོད་དོ། །བརྩམས་སྒྲུང་འདི་རྩོམ་འབྲི་བྱེད་པའི་མགོ་བརྩམས་པ་ནས་མཇུག་བསྡུ་བའི་བར་ནི་ལོ་ངོ་དྲུག་ཅུའི་དུས་ཚོད་ཀྱི་བརྒྱུད་རིམ་ཡོད་པས། ལོ་ཚོད་གང་དུ་ཡོད་པའི་ཀློག་མཁན་ཞིག་ཡིན་རུང་དེའི་ཁྲོད་རང་ཉིད་ལ་ཆ་རྒྱུས་ཡོད་པའི་ནང་དོན་དང་དྲན་ཤེས་དག་གསལ་པོར་རྙེད་ཐུབ།
༢ «སྐྱེས་པ་ཞིག་གི་གོ་གནས»
བརྩམས་སྒྲུང་འདི་ལ་ཧྥ་རན་སིའི་རའེ་ནཱོ་དོ་རྩོམ་རིག་བྱ་དགའ(勒诺多文学奖)ཐོབ། དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་རྒྱུགས་བླངས་ནས་ཟླ་བ་གཉིས་འགོར་རྗེས་རང་གི་ཡབ་ལགས་ཚེ་ཡི་འཕེན་པ་རྫོགས། རྩོམ་པ་པོ་ཨན་ཉི•ཨེར་ནཱོ་ཡིས་དོན་རྐྱེན་དེ་བརྗོད་གཞིར་བཟུང་ནས་སྐྱེས་པ་ཞིག་གི་མི་ཚེ་གཅིག་གི་བརྒྱུད་རིམ་མཐའ་དག་ཡིག་ངོར་བཀོད་པ་རེད། ཁོ་མོའི་ཡབ་ནི་དུས་རབས་གཉིས་ཀྱི་འབྲེལ་མཚམས་སུ་སྐྱེས་པས་སྔ་མོ་ནས་སློབ་གྲྭ་དང་ཁ་མི་འབྲལ་ཀ་མེད་བྱུང་ཞིང་། སྔོན་ལ་ཞིང་པ་བྱས་པ་དང་། དེ་ནས་བཟོ་གྲྭར་ལས་ཀ་བྱས། རྗེས་སུ་ནོ་མན་ཏུའུ་ཡི་ཚོང་ཁང་ཆུང་ཆུང་ཞིག་གི་ཚོང་བདག་ཅིག་ཏུ་གྱུར་པ་ནས1967ལོར་ཚེ་ལས་འདས་པ་རེད། ཁོང་གིས་རང་གཅུན་དང་། ལས་ཀར་བརྩོན་པ། གཏམ་སྤྱོད་གཟབ་ནན་བཅས་ཀྱི་སྒོ་ནས་སྐྱེས་པ་ཞིག་གི་སྤྱི་ཚོགས་ཁྲོད་ཀྱི་གོ་གནས་སྲུང་འཛིན་ཧུར་ཐག་བྱས་ཡོད་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་འོག་རིམ་སྤྱི་ཚོགས་སུ་ལྷུང་བའི་འཇིགས་སྣང་ལས་ཐར་ཐབས་མ་བྱུང་།
རྩོམ་པ་པོས་སྙིང་རྗེ་མེད་པའི་ལྟ་ཞིབ་ཀྱིས་ཁོ་མོའི་ཡབ་ཀྱི་ཚེ་གང་བོའི་ངོ་ཚ་དང་རིམ་གྲས་ཚོད་འཛིན་བྱས་པ་ལས་བྱུང་བའི་ཕ་བུའི་བར་གྱི་བར་བཀྱེད་དང་སྡུག་བསྔལ་གསལ་སྟོན་བྱས་ཡོད། ཡབ་ཀྱི་རྣམ་ཐར་འདི་ཤེས་ཡོན་ཅན་གྱི་བུ་མོ་ཞིག་གིས་འཚོ་བར་རྒྱབ་འགལ་བྱས་པའི་གཏམ་རྒྱུད་ཅིག་ཀྱང་ཡིན་ཏེ། རང་གི་ཕ་མར་རྒྱབ་འགལ་དང་འཚར་སའི་ཁོར་ཡུག་ལ་རྒྱབ་འགལ་བྱས་ཏེ་གཉེན་ཉེ་དང་ངོ་ཚའི་བར་དང་། ཁོངས་གཏོགས་དང་བར་བཀྱེད་ཀྱི་སེམས་ཁམས་དང་སྡུག་བསྔལ་མཚོན་བར་བྱས་ཡོད།
གསུམ། སྤྱི་ཚོགས་ཀྱི་གདེང་འཇོག
རྩོམ་པ་པོ་ཨན་ཉི•ཨེར་ནཱོ་ཡིས་ཚད་མཐོའི་བློ་སྤོབས་དང་རྣོ་ངར་ཅན་གྱི་ལྟ་ཞིབ་ཀྱི་ནུས་པར་བརྟེན་ནས། གྲལ་རིམ་བརྒྱུད་པའི་སྡུག་བསྔལ་གསལ་སྟོན་དང་། ངོ་ཚ། བརྙས་བཅོས། ཕྲག་དོག་བཅས་དང་དེ་བཞིན་རང་ཉིད་སུ་ཡིན་ངོས་ཟིན་ཐབས་བྲལ་བའི་དཀའ་ངལ་སོགས་ཞིབ་བརྗོད་བྱས་པས། མི་རྣམས་ཀྱི་ཡིད་སྨོན་འཆོར་ས་དང་གཡུར་ཟའི་གྲུབ་འབྲས་འདི་ལྟ་བུ་ལོན་པ་རེད། ཁོ་མོའི་བརྩམས་ཆོས་ཁྲོད། ཐོག་མཐའ་བར་གསུམ་དུ་ཕྱོགས་དང་ཚད་མི་འདྲ་བ་ནས་ཕོ་མོའི་དབྱེ་བ་དང་སྐད་རིགས། རིམ་གྲས་ཐད་ཁྱད་པར་ཆེན་པོ་ཡོད་པའི་འཚོ་བ་ཞིག་ལ་ཞིབ་ལྟ་བྱས་ཏེ་སྤྱི་ཚོགས་ཀྱི་དོན་དངོས་དག་བརྩམས་ཆོས་ནང་དྲངས་ཡོད་པས། རྩོམ་པ་པོ་ཚད་ལྡན་ཞིག་ཏུ་འགྱུར་བའི་བརྒྱུད་རིམ་དེ་ཀྱག་ཀྱོག་ཆེ་ཞིང་དཀའ་སྡུག་ཆེ་བ་ཞིག་ཡིན་པ་རྟོགས་ནུས།
དེ་མིན་རྩོམ་པ་པོ་ཁོང་ནི་ཧྥ་རན་སིའི་རྩོམ་པ་པོ་མང་པོའི་ཁྲོད་ཀྱི་དམིགས་བསལ་གྱི་མི་སྣ་ཞིག་ཡིན་ཞིང་། མིག་སྔའི་འཚོ་བ་དང་མི་རྣམས་ཀྱི་རྒྱུན་ལྡན་གྱི་བརྩེ་དུང་གི་འཇིག་རྟེན་ལ་དོ་སྣང་བླ་ལྷག་གིས་བྱ་མཁན་ཞིག་རེད། ཁོ་མོའི་རྩོམ་འབྲིའི་འཚོལ་ཞིབ་ཚང་མ་ཕྱོགས་འདི་དག་ནས་འགོ་བརྩམས་པ་ཞིག་ཡིན་པས་བརྩམས་ཆོས་ཁྲོད་ལོ་རྒྱུས་ཀྱི་བརྗོད་གཞི་གལ་ཆེན་མེད་ལ་རིག་གནས་མི་འདྲ་བའི་བར་གྱི་འགལ་བ་དང་མཉམ་འདྲེས་ཀྱང་བྲིས་མེད།
བརྩམས་ཆོས་མང་ཆེ་བ་རང་ཉིད་བརྒྱུད་པའི་འཚོ་བའི་ཉམས་མྱོང་དག་བརྗོད་གཞིར་བཟུང་ཡོད་པས། རྩོམ་འབྲི་དང་འཚོ་བ་གཉིས་ལ་འབྲེལ་བ་དམ་ཟབ་མཆིས། «བཞུད་པའི་ལོ་ཟླ»ལྟ་བུར་མཚོན་ན། “འབོད་མིང་མེད་པའི་རང་རྣམ”གྱི་འབྲི་ཐབས་སྤྱད་དེ་འདྲ་པར་རྙིང་པ་ཞིག་བྲིས་པ་བརྒྱུད་དུས་རབས་ཀྱི་འཕོ་འགྱུར་མཚོན་པའི་གསར་རྩོམ་བྱེད་ཐབས་དེ་སྒྱུ་རྩལ་ཐད་ནས་དོན་སྙིང་གལ་ཆེན་ལྡན། ཕྲ་ཞིང་ཞིབ་ལ་སྐྱོ་སྣང་ལྡན་པའི་ཡིག་འབྲུ་རེ་རེས་སྐྱེས་ཁུངས་དབུལ་ཕོངས་ཡིན་པའི་ཕ་མས་ཇི་ལྟར་བྱས་ཏེ་རང་ཉིད་དང་མི་རབས་རྗེས་མ་སྤྱི་ཚོགས་ཀྱི་དམའ་རིམ་གོ་གནས་ལས་ཐར་བར་བྱེད་པ་གསོན་ཉམས་ལྡན་པའི་སྒོ་ནས་ཞིབ་འབྲི་བྱས་ཡོད་རྐྱེན། རེ་ཆད་དང་སྟོང་སྣང་། སྨོན་སེམས། ཕུགས་འདུན་སོགས་ཀྱིས་ཁེངས་པའི་འབད་འཐབ་ཀྱི་བརྒྱུད་རིམ་མཚོན་ཡོད། གནད་ལ་འཁེལ་བ་དང་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ཧྥ་རན་སིའི་དེང་རབས་སྤྱི་ཚོགས་ཀྱི་རིམ་གྲས་མི་འདྲ་བའི་མིའི་སེམས་ཁམས་དང་། འཚོ་བའི་གོམས་སྲོལ། དགའ་ཕྱོགས་དང་མོས་པ་ཐ་དད་པ་སོགས་བརྗོད་པ་བརྒྱུད། སྡུག་བསྔལ་དང་འགལ་འདུ་ཆེ་བ། ཕ་མ་དང་ཕ་ཡུལ་ལ་བཅངས་པའི་དགའ་སྐྱོ་འདྲེས་མའི་སེམས་ཁམས་ཤིག་མཚོན་པར་བྱས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།