logo

ཞི་ཅིན་ཕིང་ནས་རྒྱལ་སྤྱིའི་གླེང་སྟེགས་འདིར་གསུང་བཤད་གནང་བ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-10-19 ཀློག་གྲངས།:
ཞི་ཅིན་ཕིང་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ།

       ཟླ10ཚེས18ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོར་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། འགོ་བརྗོད་དུ«སྒོ་དབྱེ་ཁོང་ཡངས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་གོང་འཕེལ་བཅས་ཀྱི་འཛམ་གླིང་གཏོད»ཅེས་འཁོད་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་རེད། ཞིན་ཅིན་ཕིང་གིས་ཀྲུང་གོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་སྤེལ་རྒྱུའི་ཁྱབ་བསྒྲགས་གནང་བ་དང་། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་སྤུས་མཐོའི་གོང་འཕེལ་གྱི་དུས་རིམ་གསར་པར་སླེབས་པ་བྱས་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་འདུག
       གསེར་མདོག་གི་དུས་ཚིགས་འདིར། ནམ་མཁའ་གཡའ་དག་ཅིང་། རླུང་བསིལ་ཉི་འོད་བཀྲ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། ཕན་ཚུན་གཅིག་རྒྱན་གཅིག་གིས་བྱེད།
       མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བ་སོགས་རྒྱལ་སྤྱིའི་སྐུ་མགྲོན་གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་རེད། མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཚོམས་ཆེན་གྱི་གཞོགས་གཉིས་ཀྱི་བརྙན་ངོས་ནས་རྒྱུད་གཅིག་ལམ་མཉམ་སྐྲུན་བྱས་ནས་ལོ་བཅུ་འཁོར་བའི་རིང་གི་གཡུར་ཟའི་གྲུབ་འབྲས་སྟོན་བཞིན་ཡོད།
       ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོར་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོ་དང་མཉམ་པར་བསྐྱོན་ཡོད་པ་རེད།
       «ཞི་བདེ། ལས་དབང་གཅིག་མཐུན་མ་ལག»ཅེས་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་དབུ་ཁྲིད་རྣམས་ལྷན་དུ་ཚོགས་རར་ཕེབས་པ་དང་། ཚོགས་རའི་མི་རྣམས་ནས་ཡར་བཞེངས་ཏེ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་བརྗོད་དུ«སྒོ་དབྱེ་ཁོང་ཡངས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་གོང་འཕེལ་བཅས་ཀྱི་འཛམ་གླིང་གཏོད»ཅེས་འཁོད་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ10འཁོར་བའི་ལོ་ཞིག་རེད། གྲོས་འགོ་འདོན་པའི་ཐོག་མའི་ཀུན་སློང་ནི་གནའ་བོའི་དར་གོས་ལམ་བུར་དཔེ་བལྟས་ཐོག མཉམ་སྦྲེལ་མཉམ་མཐུད་གཙོ་གཞིར་བྱས་ནས་རྒྱལ་ཁབ་ཁག་བར་གྱི་སྲིད་ཇུས་འབྲེལ་གཏུག་དང་། སྒྲིག་བཀོད་མཉམ་སྦྲེལ། ཉོ་ཚོང་ཤར་བགྲོད། མ་དངུལ་འདྲེས་མཐུད། དམངས་སེམས་མཉམ་མཐུད་བཅས་ལ་ཤུགས་སྣོན་བརྒྱབ་ནས། འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ལ་སྒུལ་ནུས་གསར་སྣོན་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་བར་ཁམས་གསར་འབྱེད། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལ་སྟེགས་བུ་གསར་སྐྲུན་བཅས་བྱེད་ཆེད་ཡིན།
       ལོ10ཡི་ནང་། ང་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་དང་། ལག་སྦྲེལ་མཉམ་སྐྱོད་ཀྱིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་དེ་མེད་པ་ནས་ཡོད་པའི་བར། ཚ་ཚ་འུར་འུར་ངང་གོང་འཕེལ་བཏང་བ་དང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་དེ་ཨ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོ་ནས་ཨ་ཕེ་རི་ཁ་གླིང་དང་ལ་ཏིང་ཨ་མེ་རི་ཁ་གླིང་བར་སྣུར་བསྲིང་བྱས་ཤིང་། རྒྱལ་ཁབ150ལྷག་ཙམ་དང་། རྒྱལ་སྤྱིའི་སྒྲིག་འཛུགས30ལྷག་ཙམ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ། ཆེད་ལས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་སྟེགས་བུ20ལྷག་ཙམ་བཙུགས་པ། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དང་དམངས་འཚོར་ཕན་པའི་རྣམ་གྲངས་ཆུང་གྲས་འབོར་ཆེན་ཞིག་དོན་འཁྱོལ་བྱུང་བ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་དང་། སྒོ་དབྱེ་སྦགས་མེད་སྤྱོད་གཙང་། ཚད་མཐོ་དམངས་ཕན་རྒྱུན་མཐུད་བཅས་སྤུས་ཚད་མཐོ་པོའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛུབ་ཁྲིད་རྩ་དོན་གལ་ཆེན་དུ་གྱུར་ཡོད། ལོ10ཡི་ནང་། ང་ཚོས་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུས་སྣེ་ཁྲིད་བྱས་པ་དང་། བགྲོད་ལམ་ཆེན་པོ་དང་ཆ་འཕྲིན་མྱུར་ལམ་གྱིས་སྒྲོམ་གཞི་བྱས་པ། ལྕགས་ལམ་དང་། གཞུང་ལམ། གནམ་ཐང་། གྲུ་ཁ། སྦུག་དྲ་བཅས་ཀྱིས་གཞི་རྟེན་བྱས་པ། སྐམ་མཚོ་མཁའ་དྲ་བཅས་ལ་ཁྱབ་པའི་གོ་ལ་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་བའི་ཐོག་ནས། རྒྱལ་ཁབ་ཁག་གི་ཚོང་ཟོག་དང་། མ་རྩ། ལག་རྩལ། མི་སྣ་བཅས་ཀྱི་འཁོར་རྒྱུག་ཆེན་མོར་སྐུལ་འདེད་ཡག་པོ་བཏང་བ་དང་། ལོ་ངོ་སྟོང་གི་གནའ་བོའི་དར་གོས་ལམ་བུ་ལས་དུས་རབས་ཀྱི་གསོན་ཤུགས་མངོན་པར་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་པ་དང་། ཤེས་དཔལ་དང་། རིག་གནས། སྤྱི་ཚོགས་ལམ་ལུགས། གོང་འཕེལ་དུས་རིམ་བཅས་ཀྱི་ཧེ་བག་ལས་བརྒལ་ནས་རྒྱལ་ཁབ་ཁག་བར་སྤེལ་རེས་བྱེད་པའི་ཐབས་ལམ་གསར་པ་གཏོད་པ། རྒྱལ་སྤྱིའི་མཉམ་ལས་ལ་སྒྲོམ་གཞི་གསར་པ་བཙུགས་པ་བཅས་བྱས་ནས་མིའི་རིགས་ཐུན་མོང་གོང་འཕེལ་གྱི་བགོ་བྱའི་གྲངས་ཆེ་ཤོས་གཅིག་སྡུད་བྱས་ཡོད།
       ཞི་ཅིན་ཕིང་གིས། འདས་པའི་ལོ10ཡི་ནང་ཐོབ་པའི་གྲུབ་འབྲས་ནི་ཧ་ཅང་རྩ་ཆེ་ཞིང་ཕྱོགས་བསྡོམས་བྱེད་རིན་ཡོད་པ་ཞིག་རེད། ང་ཚོར་མིའི་རིགས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ལས་དབང་གཅིག་མཐུན་མ་ལག་ཡིན་པ་ངོས་འཛིན་གཏིང་ཟབ་བྱུང་། འཛམ་གླིང་ཡག་པོ་བྱུང་ན་ཀྲུང་གོ་ཡག་པོ་ཡོང་བ་དང་། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་དེ་བས་ཡག་པ་ཡོང་ཐུབ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་བརྒྱུད་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཇེ་ཆེར་འགྲོ་བ་དང་། ཀྲུང་གོའི་ཁྲོམ་ར་དང་འཛམ་གླིང་གི་ཁྲོམ་རའི་བར་གྱི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་བཞིན་ཡོད། ང་ཚོར་མཉམ་ལས་མཉམ་རྒྱལ་བྱས་ན་གཞི་ནས་དོན་དག་སྒྲུབ་ཐུབ་པ་དང་། དོན་དག་ཡག་པོ་སྒྲུབ་ཐུབ་པ། དོན་དག་ཆེན་པོ་སྒྲུབ་ཐུབ་པ་བཅས་ཀྱི་ངོས་འཛིན་གཏིང་ཟབ་བྱུང་། རྒྱལ་ཁབ་ཁག་བར་མཉམ་ལས་བྱེད་པའི་འདུན་པ་དང་མཐུན་སྦྱོར་བྱེད་པའི་བྱ་སྤྱོད་ཡོད་ན། རང་བྱུང་འུབ་དོང་བདེ་བགྲོད་ལམ་དུ་འགྱུར་ཐུབ་པ་དང་། “སྐམ་སའི་སྒོ་འགག་རྒྱལ་ཁབ་”དེ“སྐམ་སའི་སྦྲེལ་མཐུད་རྒྱལ་ཁབ་”ཏུ་འགྱུར་ཐུབ་པ། གོང་འཕེལ་གྱི་དམའ་ས་དེ་དར་རྒྱས་ཀྱི་མཐོ་སར་འགྱུར་ཐུབ། ང་ཚོར་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་ཁོང་ཡངས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དར་ལམ་སྙིང་སྟོབས་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱུང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་སྐབས་གཙིགས་སུ་འཛིན་པ་ནི་འཐུ་མཁན་མང་ན་བུད་ཤིང་མང་། བུད་ཤིང་མང་ན་མེ་ལྕེ་མཐོ་བ་དང་། ཕན་ཚུན་རོགས་རེས་བྱས་ན་རྒྱང་དུ་རྒྱང་དུ་སྐྱོད་ཐུབ་པ་དེ་ཡིན་པ་དང་། གོང་དུ་བཀུར་བ་ནི་རང་ཉིད་ཡག་པོ་ཡོང་བ་བྱེད་དགོས་ལ་ཕ་རོལ་པོ་ཡང་ཡག་པོ་ཡོང་བ་བྱེད་པ་དེ་ཡིན། ལག་ལེན་བསྟར་བ་ནི་མཉམ་སྦྲེལ་མཉམ་མཐུད་དང་གཉིས་ཕན་གཉིས་ཁེ་ཡིན། རེ་སྙེགས་བྱེད་པ་ནི་ཐུན་མོང་གོང་འཕེལ་དང་མཉམ་ལས་མཉམ་རྒྱལ་ཡིན། འདུ་ཤེས་འཛིན་སྟངས་ཐད་ནས་ཁ་གཏད་དུ་མི་ལང་བ་དང་། ས་ཁོངས་ཆབ་སྲིད་ཐད་ནས་འགྲན་འཐབ་མི་བྱེད་པ། ཚོགས་འགྲིག་ཆབ་སྲིད་ཀྱི་རྣམ་པའི་ཐོག་ནས་འགྲན་རྒོལ་ཡང་མི་བྱེད་པ། ཕྱོགས་རྐྱང་པའི་བཀག་སྡོམ་ལ་ངོ་རྒོལ་བྱེད་པ་དང་། དཔལ་འབྱོར་ཐད་ནས་བཙན་ཐབས་སྤྱོད་པར་ངོ་རྒོལ་བྱེད་པ། “འབྲེལ་ཐག་གཅོད་པར”ངོ་རྒོལ་ཡང་བྱེད་ཀྱི་ཡོད། ལོ10ཡིལོ་རྒྱུས་འཕེལ་རིམ་ལས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། དུས་རབས་ཡར་འཕེལ་གྱི་གཏན་ཚིགས་དང་མཐུན་པ། འཇིག་རྟེན་ཆོས་ཉིད་ཀྱི་ཕྱོགས་སུ་སྐྱོད་པ་ཞིག་རེད། ང་ཚོར་ཟང་ཟིང་ཞི་བར་འཇོམས་པར་ནུས་པའི་གཏིང་ཤུགས་ཡོད་དགོས་པ་དང་། ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་ཁུར་བའི་རྣམ་འགྱུར་གྱི་ཐོག་ནས། ལག་གདང་སྦྲེལ་ཏེ་འཛམ་གླིང་རང་བཞིན་གྱི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་། བུ་རབས་ཚ་རྒྱུད་ལ་ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་ནན་སྟོན་གནང་འདུག
       ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ད་ལྟ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་རེ་སྙེགས་བྱེད་པ་ནི་ཀྲུང་གོའི་ཐབས་མཁས་རང་སྲུང་གི་དེང་རབས་ཅན་མིན་པར། རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་དང་ལྷན་དུ་ཐུན་མོང་གི་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་པ་དེ་ཡིན། ཀྲུང་གོས་ཕྱོགས་ཁག་དང་ལྷན་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་སྤུས་མཐོའི་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་འདོད་ཡོད།
       ཞི་ཅིན་ཕིང་གིས་ཀྲུང་གོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་གནང་བ་སྟེ། 
       གཅིག “རྒྱུད་གཅིག་ལམ་གཅིག”གི་ལངས་གཟུགས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་བསྐྲུན་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ལི་ཧའེ་རྒྱ་མཚོ་སྒྲོལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་བར་ཁྱམས་འཛུགས་སྐྲུན་ནང་ཞུགས་པ། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཡག་པོ་གཉེར་བ་བཅས་བྱས་ཏེ། ཕྱོགས་ཁག་དང་མཉམ་དུ་ལྕགས་ལམ་དང་གཞུང་ལམ་གྱི་ཐད་གཏོང་སྐྱེལ་འདྲེན་འདེགས་སྐྱོར་དུ་བྱེད་པའི་ཨ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་ཟོག་འགྲེམས་བགྲོད་ལམ་གསར་པ་གཏོད་རྒྱུ་ཡིན། “དར་ལམ་མཚོ་ཐོག་སྐྱེལ་འདྲེན”གྱི་གྲུ་ཁ་དང་མཚོ་འགྲུལ་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་པ་དང་མཁའ་ཐོག་དར་གོས་ལམ་བུ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དང་།
       གཉིས། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས“དར་ལམ་གློག་རྡུལ་ཚོང་དོན”གྱི་མཉམ་ལས་སྔོན་ལ་ལག་བསྟར་ཁུལ་གཏོད་རྒྱུ་དང་། རྒྱལ་ཁབ་དེ་བས་མང་བ་དང་རང་མོས་ཉོ་ཚོང་གྲོས་ཆོད་དང་མ་འཇོག་སྲུང་སྐྱོང་གྲོས་ཆོད་ལ་གྲོས་མོལ་མིང་རྟགས་འགོད་རྒྱུ་ཡིན། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མ་དངུལ་ཆོག་འཐུས་བཀག་སྡོམ་བྱེད་ཐབས་ཁྱོན་ཡོངས་ནས་མེད་པར་བཟོ་རྒྱུ། རང་འགུལ་ངང་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་ཞིབ་བསྡུར་བྱས་ཏེ། རྒྱལ་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་དང་མ་འཇོག་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲངས་འཛིན་ཐོན་རྫས་སོགས་ཁྲོམ་རར་འཇུག་འཐུས་རྒྱ་ཆེར་གཏོང་བ། གཞུང་ཁོངས་ཁེ་ལས་དང་། གྲངས་འཛིན་དཔལ་འབྱོར། ཤེས་བྱའི་ཐོན་དབང་། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྟར“གོ་ལ་ཧྲིལ་པོའི་གྲངས་འཛིན་ཉོ་ཚོང་འགྲེམས་ཚོགས”གཉེར་རྒྱུ།
       གསུམ། དངོས་གཉེར་མཉམ་ལས་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་དང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་མི་དམངས་ཤོག་སྒོར་གྱི་མ་དངུལ་བསྡུ་སྒྲིལ་སྐར་ཁུང་བཙུགས་ནས། དར་ལམ་ཐེབས་རྩར་མ་དངུལ་གསར་འཕར་སྣོན་རྒྱུ་དང་། ཁྲོམ་ར་ཅན་དང་ཚོང་ལས་ཅན་གྱི་རྣམ་པའི་ཐོག་ནས“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ད་དུང་དམངས་འཚོའི་རོགས་སྐྱོར་རྣམ་གྲངས་ཆུང་གྲས1000ལག་ལེན་བསྟར་རྒྱུ་དང་། “ལུའུ་པན་བཟོ་ཁང”སོགས་བརྒྱུད་ཀྲུང་གོ་དང་ཕྱི་རྒྱལ་གྱི་ལས་རིགས་སློབ་གསོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་དང་མི་སྣའི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ།
       བཞི། སྦགས་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་སྦགས་མེད་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྦགས་མེད་ནུས་རྒྱུ། སྦགས་མེད་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”གི་སྦགས་མེད་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “རྒྱུད་གཅིག་ལམ་གཅིག”གི་སྦགས་མེད་གསར་གཏོད་ཚོགས་ཆེན་མུ་མཐུད་འཚོག་རྒྱུ། འོད་ཧྥུའི་ཐོན་ལས་ཀྱི་སྐད་ཆ་ཤོད་རེས་དང་སྤེལ་རེས་ལམ་སྲོལ་དང་སྦགས་མེད་ཐཱན་ཉུང་ཐད་ཀྱི་རིགས་གཅིག་མཁས་པའི་དྲ་རྒྱ་བསྐྲུན་རྒྱུ། “རྒྱུད་གཅིག་ལམ་གཅིག”གི་སྦགས་མེད་མ་འཇོག་རྩ་དོན་དོན་འཁྱོལ་བྱ་རྒྱུ། 2030ལོར་སླེབས་དུས་རོགས་ཟླའི་རྒྱལ་ཁབ་ལ་མི་ཐེངས་ཆིག་འབུམ་གསོ་སྦྱོང་བྱ་རྒྱུ།
       ལྔ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་གསར་གཏོད་བྱ་སྤྱོད་ཀྱི་འཆར་གཞི་མུ་མཐུད་ལག་ལེན་བསྟར་རྒྱུ་དང་། སྐབས་དང་པོའི“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་སྤེལ་རེས་ཚོགས་ཆེན་འཚོག་རྒྱུ་ཡིན། འབྱུང་འགྱུར་ལོ་5ཡི་ནང་ཕྱོགས་ཁག་དང་མཉམ་སྐྲུན་བྱས་པའི་མཉམ་འབྲེལ་ཚོད་ལྟ་ཁང100བར་རྒྱ་ཆེར་གཏོང་རྒྱུ་དང་། རྒྱལ་ཁབ་ཁག་གི་གཞོན་ནུ་ཚན་རིག་མཁས་ཅན་ཀྲུང་གོར་དུས་ཐུང་ལས་ཀ་བྱེད་པར་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་སྐབས་འདིའི་གླེང་སྟེགས་ཐོག་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ་འདོན་རྒྱུ་དང་། རྒྱལ་ཁབ་ཁག་དང་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་སྐྱོན་བྲལ་དང་གོ་རིམ་ལྡན་པ་བདེ་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།
       དྲུག དམངས་ཁྲོད་ཀྱི་འགྲོ་འོང་ལ་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས“ལེའང་ཀྲུའུ་གླེང་སྟེགས”གཉེར་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། བཙུགས་ཟིན་པའི་དར་གོས་ལམ་བུའི་རྒྱལ་སྤྱིའི་ཟློས་གར་ཁང་དང་། སྒྱུ་རྩལ་དུས་ཆེན། རྟེན་རྫས་བཤམས་མཛོད་ཁང་། མཛེས་རྩལ་ཁང་། དཔེ་མཛོད་ཁང་མནའ་འབྲེལ་གྱི་རྨང་གཞིའི་ཐོག དར་གོས་ལམ་བུའི་ཡུལ་སྐོར་གྲོང་ཁྱེར་མནའ་འབྲེལ་འཛུགས་རྒྱུ་དང་། “དར་གོས་ལམ་བུའི”ཀྲུང་གོའི་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་རྣམ་གྲངས་མུ་མཐུད་ལག་ལེན་བསྟར་རྒྱུ།
       བདུན། སྤྱོད་གཙང་ལམ་བུ་འཛུགས་སྐྱོང་བྱ་རྒྱུ། ཀྲུང་གོ་ཕྱོགས་ནས་མཉམ་ལས་རོགས་ཟླ་དང་ལྷན་དུ«“རྒྱུད་གཅིག་ལམ་གཅིག”གི་སྤྱོད་གཙང་འཛུགས་སྐྱོང་གི་ཕན་འབྲས་དང་རྒྱང་ལྟ»ཁྱབ་བསྒྲགས་བྱ་རྒྱུ་དང་། «“རྒྱུད་གཅིག་ལམ་གཅིག”གི་སྤྱོད་གཙང་འཛུགས་སྐྱོང་གི་མཐོ་རིམ་རྩ་དོན»འདོན་རྒྱུ། “རྒྱུད་གཅིག་ལམ་གཅིག”ཁེ་ལས་ཀྱི་སྤྱོད་གཙང་ལུགས་མཐུན་གྱི་དཔྱད་དཔོག་མ་ལག་འཛུགས་པ་དང་རྒྱལ་སྤྱིའི་སྒྲིག་འཛུགས་དང་ལྷན་དུ“རྒྱུད་གཅིག་ལམ་གཅིག”གི་སྤྱོད་གཙང་ཞིབ་འཇུག་དང་གསོ་སྐྱོང་མཉམ་ལས་བྱ་རྒྱུ།
       བརྒྱད། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཀྲུང་གོ་ཕྱོགས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཁག་དང་ལྷན་དུ་ནུས་རྒྱུ་དང་། ཁྲལ་བསྡུ། དངུལ་རྩ། སྦགས་མེད་གོང་འཕེལ། གནོད་འཚེ་ཉུང་གཏོང་། རུལ་སུངས་ལ་ངོ་རྒོལ། རིག་མཛོད། སྨྱན་སྦྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ཀྱི་སྟེགས་བུ་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་མུ་མཐུད་དེ་གཉེར་རྒྱུ་མ་ཟད། མཐོ་རིམ་གླེང་སྟེགས་ཀྱི་དྲུང་ཡིག་ཁང་འཛུགས་རྒྱུ་བཅས་ཡིན།
       ཞི་ཅིན་ཕིང་གིས་མཇུག་ཏུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ཀྲུང་གོས་བཏོན་ཞིང་། གྲུབ་འབྲས་དང་གོ་སྐབས་འཛམ་གླིང་ལ་གཏོགས་པ་ཡིན། ང་ཚོས་མི་དམངས་ཀྱི་རེ་སྒུག་སེམས་ལ་བརྟན་པོར་འཆང་ཐོག དཔའ་ངར་ཆེར་སྐྱེད་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་། དུས་རབས་ཀྱི་འཕར་རྩ་ཁོང་དུ་ཆུད་པ། སྔ་འཛིན་ཕྱི་གཏོད་དང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པ་བཅས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་གོང་འཕེལ་གསར་པར་བསུ་བ་ཞུ་བ། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། སྒོ་དབྱེ་ཁོང་ཡངས་དང་མཉམ་སྦྲེལ་མཉམ་མཐུད། ཐུན་མོང་གོང་འཕེལ་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ལག་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་འདུག
       ཨ་ཀེན་ཐིང་གི་ཙུང་ཐུང་ཧྥེར་ནན་ཏེ་སི་དང་། ཆི་ལིའི་ཙུང་ཐུང་པོ་ལི་ཆི། ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ། ཧ་སག་ཁེ་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ། ཁེན་ཉི་ཡའི་ཙུང་ཐུང་ལུའུ་ཐུའོ། ལུའོ་སི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རེ་ལེ་སུའུ་ཧོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། སར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི། སི་རི་ལན་ཁའི་ཙུང་ཐུང་ཝེ་ཁེ་ལ་མ་ཤིན་ཧ། ཐུའུ་ཁུའུ་མན་སི་ཐན་གྱི་མི་རིགས་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ། ཨུ་ཙེ་བྷེ་ཁེ་སི་ཐན་གྱི་ཙུང་ཐུང་སྨི་ཅི་ཡུའེ་ཡེ་ཧྥུའུ། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་། ཁམ་ཕུ་ཀྲེའི་དབུ་ཞུགས་བློན་ཆེན་ཧུང་མ་ནའེ། ཨེ་ཅེབ་ཀྱི་ཙུང་ལི་མ་ཏེ་པུའུ་ལི། ཨེ་ཙེ་ཨོ་པི་ཡའི་ཙུང་ལི་ཨ་པི། ཧང་ག་རིའི་ཙུང་ལི་ཨོར་པན། མོ་ཙམ་པི་ཁེའི་ཙུང་ལི་མ་ལའེ་ཨ་ནེ། ཕ་ཁི་སི་ཐན་གྱི་ཙུང་ལི་ཁ་ཁར། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་མ་ལ་ཕེ། ཐེ་ལན་གྱི་ཙུང་ལི་སའེ་ཐ། ནི་ཀྲེ་རི་ཡའི་ཙུང་ཐུང་གཞོན་པ་ཤེད་ཏི་མ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དམིགས་བསལ་འཐུས་མི། ཧ་དབྱི་མ་ཅུའོ་ཚོ་དཔོན་རྒྱལ་ཁབ་ཀྱི་ཚོ་དཔོན་ཁ་ཞི་སྨི། ཧྥ་རན་སིའི་ཙུང་ཐུང་གི་དམིགས་བསལ་འཐུས་མི། དེ་སྔའི་ཙུང་ལི་ལ་ཧྥ་ལན། ཀེ་རི་སིའི་ཙུང་ལིའི་མཐོ་རིམ་འཐུས་མི། གོང་འཕེལ་པུའི་པུའུ་ཀྲང་སི་ཁེ་ལེ་ཁ་སི་སོགས་རྒྱལ་ཁབ20ལྷག་ཙམ་གྱི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། མཐོ་རིམ་འཐུས་མི་བཅས་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཀུའུ་ཐེ་ལེ་སི་དང་། གསར་སྤེལ་དངུལ་ཁང་གསར་པའི་འགོ་འཛིན་ལུའོ་སེ་ཧྥུའུ་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་མི་སྣ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
       ཕུའུ་ཅིང་དང་། ཐུའོ་ཁ་ཡེ་ཧྥུའུ། ཙུའོ་ཁོ། ཧྥེར་ནན་ཏེ་སི། ཨ་པི། ཀུའུ་ཐེ་ལེ་སི་བཅས་ཀྱིས་ཀྱང་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་རེད།
       ཏིང་ཞུའེ་ཞང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
       ཚའེ་ཆི་དང་། ཝང་དབྱི། དབྱིན་ལི། ཧོ་ལི་ཧྥེང་། ཝང་ཞའོ་ཧུང་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད།
འབྲེལ་ཡོད་འོས་སྦྱོར།