པཱ་ལིའི་སྐད་དང་སཾ་སྐྲྀ་ཏའི་སྐད་ཀྱི་ཁྱད་པར།
རྩོམ་པ་པོ།:ཚེ་ཆུང་།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2022-01-19
ཀློག་གྲངས།:
པཱ་ལིའི་སྐད་དང་སཾ་སྐྲྀ་ཏའི་སྐད་ཀྱི་ཁྱད་པར།
ཚེ་ཆུང་།
ཆོས་རྒྱལ་མྱ་ངན་མེད་དུས་སྐབས་ཀྱི་རྡོ་བརྐོས། ཚངས་པའི་ཡི་གེ
སྤྱིར་ན་སྐད་ཡིག་ཅེས་པ་ནི་ཡུལ་སྐད་དང་། ཡིག་གཟུགས་གཉིས་ཀྱི་སྤྱི་མིང་ཞིག་ཡིན་ལ། སྐབས་རེར་ཡུལ་གྱི་སྐད་གཅིག་གིས་ཡིག་གཟུགས་འདྲ་མིན་གྱི་ལམ་ནས་དོན་སྟོན་ནུས་པ་དང་། ལན་རེར་ཡིག་གཟུགས་གཅིག་གིས་ཡུལ་གྱི་སྐད་འདྲ་མིན་གྱི་དོན་ཡང་སྟོན་ནུས་པ་ཡིན། དེས་ན། ཐོག་མར་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ནི། ལྷའི་ཡུལ་དུ་བེད་སྤྱོད་པའི་ཡུལ་སྐད་ཅིག་ཡིན། སྐད་དེ་ནི་བརྡ་སྤྲོད་པའི་གཞུང་ལུགས་དང་། ཡོངས་སུ་མཐུན་པའི་ཡུལ་སྐད་གཅིག་པུ་དེའང་ཡིན་ཏེ། དེའང་སྙན་ངག་མེ་ལོང་མ་ལས། ལེགས་སྦྱར་ཞེས་པ་ལྷ་ཡི་ནི། །དབང་པོས་ལེགས་པར་སྦྱར་བ་ཡིན། །ཅེས་པ་ལྟར་དང་། དེ་བཞིན་རྒྱ་ནག་གི་ལོ་ཙཱ་བ་ཆེན་པོ་ཐང་གི་སྡེ་སྣོད་གསུམ་འཛིན་ཐང་ཤོན་ཙང་དང་། ལོ་ཙཱ་བ་ཡིས་ཅིན་ལ་སོགས་པས་ཀྱང་ལྷའི་ཡུལ་སྐད་ཡིན་ཅེས་ཁོང་རྣམས་ཀྱིས་ཀྱང་ལེགས་སྦྱར་བརྡ་སྤྲོད་ཀྱི་གཞུང་རྣམས་སུ་བྲིས་ཡོད། དེར་བརྟེན་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དེ་ལྷོ་ཕྱོགས་འཛམ་བུའི་གླིང་གི་འགྲོ་བ་མི་རྣམས་ལ་ཐོག་མར་དར་བའི་དུས་སུ་ཡུལ་སྐད་གཅིག་པུ་ལས་ཡིག་གཟུགས་ནི་མེད། དེ་ནས་རིམ་བཞིན་ཡི་གེའི་གཟུགས་རྣམས་ཀྱང་དར་བ་དང་ཆབས་ཅིག་སྒྲ་གཞུང་རྣམས་ཀྱང་དར་བས། ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དེའང་ཡིག་གཟུགས་སྣ་ཚོགས་ཀྱི་ལམ་ནས་དར་རྒྱས་ཆེན་པོ་བྱུང་ཡོད། འོན་ཀྱང་ཕྱིས་སུ་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ཡིག་རྣམས་ནི་སྒྲའི་གཞུང་དང་། ནང་དོན་རིག་པ། སྨན་ལ་སོགས་པའི་གཞུང་རྣམས་ལ་བེད་སྤྱོད་གཏོང་བ་ལས་ནམ་ཞག་རྒྱུན་དུ་འཚོ་བའི་ཁྲོད་ལ་བེད་སྤྱོད་མ་བཏང་བ་དང་། དེ་བཞིན་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ཀྱི་གཞུང་རྣམས་ཡིག་རིགས་གཞན་ལ་བསྒྱུར་བས་སཾ་སྐྲྀ་ཏའི་སྐད་དེ་ལ་ཉམས་ཉེས་ཆེན་པོ་ཞིག་བྱུང་ཡོད། ལྷག་ཏུ་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ལ། ལེགས་སྦྱར་སཾ་སྐྲྀ་ཏའི་དབྱངས་གསལ་རྣམས་རོ་མན་གྱི་ཡི་གེའམ་ལ་ཏིང་གི་དབྱངས་གསལ་ལ་གཟུགས་བསྒྱུར་ཏེ། དེང་གི་རྩིས་འཕྲུལ་གྱི་ལམ་ནས་རྒྱལ་བའི་གསུང་རབ་སོགས་པར་བསྐྲུན་བྱེད་པར་སྟབས་བདེ་ཚད་མེད་ཞིག་བསྐྲུན་ཡོད་རུང་། ལ་ཏིང་གི་དབྱངས་གསལ་དེ་རྣམས་ཀྱིས་ལེགས་སྦྱར་སཾ་སྐྲྀ་ཏའི་དབྱངས་གསལ་གྱི་སྒྲ་གདངས་ཇི་བཞིན་ཐོན་གྱི་མེད་དེ། དཔེར་ན། ང་དང་། ཉ་དང་། ཎ་དང་། ན་རྣམས་ལ་ལ་ཏིང་གི་སྒྲ་གདངསnདེ་གཅིག་པུ་དང་། མ་ཚད་ང་རོ་ཐམས་ཅད་ཀྱི་སྒྲ་གདངས་ལmདེ་གཅིག་པུ་ཡིན། དེ་བཞིན་ལེགས་སྦྱར་གྱི་ཡི་གེ་ཤ་དང་། ཥ་དང་། ས་རྣམས་ལ་ལ་ཏིང་གི་སྒྲ་གདངསsདེ་གཅིག་པུ་ཡིན། འོན་ཀྱང་དེང་གི་མི་མང་ཆེ་བ་རྣམས། ལ་ཏིང་གི་སྒྲ་གདངས་དེའི་རྗེས་སུ་འབྲངས་བཞིན་ཡོད། དེའི་རྒྱུ་མཚན་ནི། དུས་རབས་ཉེར་གཅིག་འདིར་ལ་ཏིང་གི་སྒྲ་གདངས་རྣམས་ལེགས་སྦྱར་གྱི་སྒྲ་གདངས་སུ་ངོས་འཛིན་གྱི་ཡོད་པས་ཡིན།
པཱ་ལིའི་སྐད་ཅེས་པ་ནི། གནའ་རབས་Pali-Bhasaརྒྱ་གར་བས་སྤྱོད་སྒོ་ཆེས་ཆེ་བའི་ཡུལ་སྐད་ཞིག་ཡིན། དེ་ནི་ཧིན་དྷུ་དང་ཡོ་རོབ་ཀྱི་སྐད་ཁོངས་ནང་ནས་印欧语系རྒྱ་གར་སྐད་ཁྱིམ་ནང་གི་གནའ་རབས་རྒྱ་གར་གྱི་ཡུལ་སྐད་དེ་ཡིན། དེ་ནི་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ནས་ཟུར་ཆགས་པའི་ཁ་སྐད་ཞིག་ཡིན་ལ། པཱ་ལིའི་སྐད་དེ་ནི་ཡིག་རིགས་སྣ་ཚོགས་ཀྱིས་འབྲི་ཐུབ་པ་ཞིག་ཀྱང་ཡིན་ཏེ། དཔེར་ན། བྲམ་ཟེའི་ཡི་གེ་དང་། དེ་ཝ་ནཱ་ག་རཱའི་ཡི་གེ །སིངྒ་ལའི་ཡི་གེ་ལ་སོགས་པ་ནས་འབྲི་ཐུབ་ཀྱི་ཡོད། དེས་ན་པཱ་ལིའི་གསུང་རབ་མཐུན་ཚོགས་ཀྱི་དབྱིན་ཇིའི་སྐད་བརྡ་རིག་པ་བ་ལིའི་སེ་-ཏའི་ཝེའི་སེ་ཡིས་理斯·戴维斯རྒྱ་གར་གྱི་སྐད་རིགས་རྣམས་དེང་འཕྲུལ་ལ་ཡི་གེའི་གཟུགས་ཀྱིས་བེད་སྤྱོད་བྱེད་ཆེད་དུ་རོ་མན་གྱི་ཡི་གེའམ་ལ་ཏིང་གི་དབྱངས་གསལ་拉丁字母གྱི་ཡིག་གཟུགས་སུ་བསྒྱུར་ནས་གསུང་རབ་རྣམས་གློག་པར་རྒྱབ་ཡོད།
སྤྱིར་ན་པཱ་ལིའི་སྐད་དམ་མ་ག་དྷའི་ཡུལ་སྐད་དེ་ནི་ཧ་ལམ་ཕྱི་ལོའི་སྔོན་གྱི་ལོ་༡༥༠༠ཙམ་ལ་བྱུང་བ་དང་། པཱ་ལི་ཞེས་པའི་ནང་དོན་ནི་རྩོམ་ཡིག་གམ་གསུང་རབ་ཀྱི་དོན་ཡིན་པ་ལས་སྐད་རིགས་བྱེ་བྲག་པ་ཞིག་གི་དོན་ནི་མིན། དེ་ནི་རྒྱལ་བའི་གསུང་ངམ་དམ་པའི་གསུང་རབ་ཀྱི་དོན་ཡིན་ལ་གནའ་རབས་རྒྱ་གར་གྱི་ཡུལ་དབུས་ས་ཁུལ་གྱི་ཡུལ་སྐད་ཞིག་ཀྱང་ཡིན། སྐད་དེ་ནི་སངས་རྒྱས་ཞལ་བཞུགས་པའི་དུས་སུ་མ་ག་དྷའི་ཡུལ་མི་རྣམས་ཀྱིས་སྐད་དེ་བེད་སྤྱོད་པས་མ་ག་དྷའི་སྐད་ཀྱང་བརྗོད་ཀྱི་ཡོད། མ་ག་དྷའི་སྐད་དམ་པཱ་ལིའི་སྐད་དེ་ནི་ལོ་ངོ་ཉིས་སྟོང་ལ་ཉེ་བའི་ཡར་སྔོན་དུ་ལྷོ་བརྒྱུད་གནས་བརྟན་སྡེ་པའི་རྗེས་འཇུག་པ་རྣམས་ཀྱིས་རང་ལུགས་ཀྱི་ཆེ་བ་འདོན་ཆེད་དུ་སངས་རྒྱས་ཀྱི་གསུང་Buddhavacanaངམ་དམ་པའི་གསུང་རབ་Paei-bhasaཅེས་པའི་སྐད་དོད་དུ་པཱ་ལིའི་སྐད་ཅེས་བརྗོད་པ་ཞིག་ཡིན། པཱ་ལིའི་སྐད་ཅེས་པའི་ཐ་སྙད་དེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ངོ་སྟོང་གི་རྗེས་སུ་གུཞི་ནས་དར་བ་ཞིག་ཡིན་པ་ལས་གནའ་རབས་རྒྱ་གར་ཡུལ་དབུས་ཀྱི་མི་རྣམས་ཀྱིས་མ་ག་དྷའི་སྐད་Magadha bhasaཅེས་ཟེར་གྱི་ཡོད། ཕྱིས་སུ་གནས་བརྟན་སྡེ་པའི་རྗེས་འཇུག་པ་ཚོས་རང་ལུགས་ཀྱི་ཆེ་བ་འདོན་ཆེད་དུ་པཱ་ལིའི་སྐད་དམ་རྩ་བའི་སྐད། ཡང་ན་སངས་རྒྱས་ཀྱི་གསུང་སྐད་ཀྱང་ཟེར། དེ་བཞིན་གནས་བརྟན་རྒན་པ་ཚོས་ཀྱང་སྤོབས་པ་ཆེན་པོས་སངས་རྒྱས་ཀྱི་རྗེས་འཇུག་པ་ཚོའི་སྐད་savaka-vacanaཅེས་ཀྱང་བརྗོད་ཀྱི་ཡོད། མ་གཞི་ནས་སྐད་རིགས་རྣམས་རྟག་ཏུ་འགྱུར་བ་འགྲོ་བཞིན་ཡོད་དེ་མ་ག་དྷའི་སྐད་དེའང་རྒྱ་གར་གྱི་ས་ཆར་རྩ་བ་ནས་ཉམས་རྒུད་ལ་ཕྱིན་ཏེ་དེང་བེད་སྤྱོད་གཏོང་མཁན་གཅིག་རྐྱང་མེད། འོན་ཀྱང་མ་ག་དྷའི་སྐད་དེ་ད་ལྟའི་བར་དུ་ཤྲྀ་ལངྐ་དང་། འབར་མ། ཐེ་ལནྜི་ལ་སོགས་པའི་ས་ཆར་ཉར་ཚགས་བྱས་ནས་བེད་སྤྱོད་གཏོང་བཞིན་ཡོད་ཀྱང་གོང་གི་ས་ཆ་དེ་རྣམས་ཀྱིས་ཀྱང་རྒྱལ་བའི་གསུང་རབ་འབྲི་ཀློག་བྱེད་དུས་བེད་སྤྱོད་གཏོང་བ་ལས་ནམ་བཞག་རྒྱུན་དུ་འཚོ་བའི་ཁྲོད་ལ་བེད་སྤྱོད་གཏོང་གི་མེད། དེར་བརྟེན་རྒྱལ་བའི་གསུང་ངམ་དམ་པའི་གསུང་རབ་ཀྱི་སྐད་དོད་དུ་པཱ་ལིའི་སྐད་ཅེས་མིང་དུ་བཏགས་པ་ཞིག་ཡིན་ནོ། །
པཱ་ལིའི་སྐད་དང་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ཀྱི་ཁྱད་པར་ནི། སྤྱིར་ན་སྐད་འདི་གཉིས་ནི་གནའ་རབས་རྒྱ་གར་གྱི་སྐད་རིགས་ཤིག་ཡིན་ལ། དེ་གཉིས་ནི་ཧིན་དྷུ་དང་ཡོ་རོབ་ཀྱི་སྐད་ཁོངས་ནང་ནས་ཧིན་དྷུའི་སྐད་ཁྱིམ་གྱི་ཡ་གྱལ་ཞིག་ཡིན། པཱ་ལིའི་སྐད་དང་སཾ་སྐྲྀ་ཏའི་སྐད་འདི་གཉིས་ནི་ཐ་སྙད་དང་། བརྡའི་སྦྱོར་ཚུལ་ཕྱོགས་ཙམ་འདྲ་ཡང་། ཁྱད་པར་ཡོད་དེ་སཾ་སྐྲྀ་ཏའི་སྐད་ནི་ཡིག་སྐད་དང་པཱ་ལིའི་སྐད་ནི་ཁ་སྐད་ལྟ་བུ་ཞིག་ཡིན། དཔེར་ན། ལེགས་སྦྱར་སྐད་དུ་རྒྱལ་པོའི་ཁབ་ལ་ར་ཛ་གྲྀ་ཧ་ཟེར་བ་དང་པཱ་ལིའི་སྐད་དུ་རྒྱལ་པོའི་ཁབ་ལ་ར་ཛ་ག་ཧ་ཟེར། ཡང་ལེགས་སྦྱར་སྐད་དུ་ཀོ་ས་ལར་ཀཽ་ཤམྦི་ཟེར་བ་དང་པཱ་ལིའི་སྐད་དུ་ཀོ་སམྦི་ཟེར་གྱི་ཡོད། ཡང་ལེགས་སྦྱར་སྐད་དུ་གནྡྷཱ་རའི་རྒྱལ་སར་ཏཀྵ་ཤི་ལཱ་ཟེར་བ་དང་པཱ་ལིའི་སྐད་དུ་ཏཀྐ་སི་ལཱ་ཟེར་གྱི་ཡོད། ཡང་ལེགས་སྦྱར་སྐད་དུ་ཕྱག་རྒྱ་ལ་མུ་དྲ་ཟེར་བ་དང་པཱ་ལིའི་སྐད་དུ་ཕྱག་རྒྱ་ལ་མུདྡ་ཟེར་གྱི་ཡོད། དེ་བཞིན་དུ་ལེགས་སྦྱར་སྐད་དུ་འོད་སྲུང་ཆེན་པོ་ལ་མ་ཧཱ་ཀཱཤྱ་པ་ཟེར་བ་དང་པཱ་ལིའི་སྐད་དུ་འོད་སྲུང་ཆེན་པོ་ལ་མ་ཧཱ་ཀསྶ་པ་ཟེར་བ་ལ་སོགས་སོ། །
最早的悉昙体 菩提伽耶MAHĀNĀMAN铭文(588-589 CE)
གནའ་རབས་རྒྱ་གར་གྱི་ཨཱརྱན་གྱི་མི་ཚོའི་སྐད་ཆེས་ཐོག་མ་ནི་རིག་བྱེད་ཀྱི་སྐད་དང་། དེ་ནས་ལེགས་སྦྱར་ལྷ་ཡི་སྐད་དེ་དར་ཁྱབ་བྱུང་བ་དང་དེ་བཞིན་སྒྲ་ཡི་གཞུང་ལུགས་ཀྱང་དར་ནས་རིམ་པས་སྐད་དེ་ཚད་ལྡན་དུ་གྱུར་ནས་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དེ་བྱུང་བ་ཡིན། དེ་ནས་བཟུང་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དེ་བྲམ་ཟེའི་ཆོས་ལུགས་ཀྱི་ཡིག་སྐད་དང་། གནའ་རབས་རྒྱ་གར་གྱི་རིག་གནས་ཀྱི་ཡིག་སྐད་ཞིག་ཀྱང་ཆགས་པ་ཡིན། སྤྱིར་ན་གནའ་བོའི་དུས་སུ་རྒྱ་གར་མི་དམངས་རྣམས་ཀྱིས་ཁ་སྐད་འདྲ་མིན་སྣ་ཚོགས་བརྗོད་པ་དང་། ཡུལ་སྐད་ཀྱང་འདྲ་མིན་ཡོད་པ་ཞིག་ཡིན། དེས་ན་སྐད་ཁ་ཤས་ནི་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ནས་ཟུར་ཆགས་པ་ཞིག་ཡིན་ཏེ། དཔེར་ན། རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞིའི་ཡ་གྱལ་པྲ་པྲི་ཏ་ཡུལ་མི་རང་བཞིན་གྱི་སྐད་དེ་ཉིད་ཀྱང་ལེགས་སྦྱར་སྐད་ནས་ཟུར་ཆགས་པ་ཞིག་ཡིན། མ་ཚད་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བརྗོད་པ་ཡིན་ཀྱང་གནའ་རབས་རྒྱ་གར་ཡུལ་དབུས་ཀྱི་སྐད་མ་ག་དྷའི་ཡུལ་སྐད་དེ་ཡིན། དེ་བཞིན་ནང་པ་སངས་རྒྱས་པའི་གཞུང་དང་བྲམ་ཟེའི་གཞུང་གཉིས་ཀ་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ཐོགས་སུ་ཡོད་རུང་དེ་གཉིས་ཀྱི་སྒྲ་གདངས་འདོན་ལུགས་ལ་འདྲ་བའི་ཆ་ཡོད་ལ་མི་འདྲ་བའི་ཆའང་ཡོད་པ་ཞིག་ཡིན། སྟོན་པ་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་བསྐོར་གནང་སྐབས་སུ་ཆོས་འཁོར་མང་ཆེ་བ་རྣམས་ནི་ཚིགས་བཅད་ཀྱི་ལམ་ནས་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ཀྱིས་བསྐོར་གནང་ཡོད་པ་མདོ་རྒྱུད་བསྟན་བཅོས་ཀུན་ནས་ཞལ་མཐུན་པར་གསུངས་ཡོད། དེ་རྗེས་ནང་ཆོས་ཤྲཱྀ་ལངྐར་དར་ཁྱབ་བྱུང་བས་སངས་རྒྱས་ཀྱི་གསུང་རྣམས་ཡི་གེའི་གཟུགས་སུ་ཕབ་བཤུས་བྱེད་སྐབས་གནའ་རབས་རྒྱ་གར་ཡུལ་དབུས་ཀྱི་མ་ག་དྷའི་སྐད་དུ་ཕབ་བཤུས་བྱས་པས་པཱ་ལིའི་སྐད་ཅེས་བརྗོད་པ་ཞིག་ཡིན། པཱ་ལི་ཞེས་པའི་ནང་དོན་ནི། དམ་པའི་གསུང་རབ་བམ་གསུང་རྩོམ་ཞེས་པའི་དོན་ཡིན་པ་ལས་ས་ཆ་གཞན་ཞིག་གི་མིང་དང་ཡུལ་སྐད་བྱེ་བྲག་པ་ཞིག་གི་དོན་ནི་རྩ་བ་ཉིད་ནས་མིན། འོན་ཀྱང་དེང་རྒྱ་གར་གྱི་ས་ཆར་པཱ་ལིའི་སྐད་དེ་རྩ་བ་ནས་ཉམས་ཏེ་བེད་སྤྱོད་བྱེད་མཁན་མེད་པར་བརྟེན་ས་གནས་གཞན་དུ་སྐད་དེ་ཡོད་པས་བཤད་ཚུལ་སྣ་ཚོགས་ཞིག་དར་ཡོད། ལྷོ་བརྒྱུད་ནང་བསྟན་གྱི་གསུང་རབ་ཐེག་དམན་གྱི་སྡེ་སྣོད་རྣམས་པཱ་ལིའི་སྐད་ཐོག་ཏུ་ཕབ་བཤུས་བྱས་ཡོད་ལ་དེང་ཤྲཱྀ་ལངྐ་དང་། འབར་མ། ཐེ་ལནྜིའི་རྒྱལ་ཁབ་ལ་སོགས་སུ་བེད་སྤྱོད་བྱེད་ཀྱི་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།