logo

༄༅། །རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པའི་མཇུག་འབྲས་གསལ་བསྒྲགས་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2021-12-06 ཀློག་གྲངས།:
        མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་། ཞིན་ཧེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་རོགས་སྒྲུབ་གནང་བའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པའི་མཇུག་འབྲས་ཟླ12པའི་ཚེས5ཉིན་དངོས་སུ་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་ཀྱི་སྒྲུང་ཐུང་འགྲན་སྡུར་ནི་བོད་ཡིག་གི་ལམ་ནས་གསར་རྩོམ་གནང་བའི་རྩོམ་པ་པོས་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་གསར་རྩོམ་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་བྱ་གཞག་དར་རྒྱས་དང་གོང་འཕེལ་དུ་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་བསམ་པའི་འཚོ་བཅུད་ཕུན་སུམ་ཚོགས་པ་མཁོ་འདོན་བྱེད་པར་དམིགས་པ་ཡིན།
        དཔྱད་འདེམ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། “མི་དམངས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི”ཁ་ཕྱོགས་བརྩི་སྲུང་དང་།“མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”གི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་པ་དང་། དབྱངས་རྟ་གཙོ་བོ་མཆོག་ཏུ་འཛིན་པ་དང་། སྣ་མང་རང་བཞིན་དར་སྤེལ་གཏོང་བ། ཁྲིད་ཕྱོགས་རང་བཞིན་དང་། དབང་གྲགས་རང་བཞིན། དྲང་བདེན་རང་བཞིན་བཅས་གཙིགས་སུ་བཟུང་ནས། བསམ་བློའི་ནང་དོན་གཏིང་ཟབ་པ་དང་མཛེས་དཔྱོད་ཀྱི་དོན་སྙིང་ཕུན་སུམ་ཚོགས་པའི་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམ་བྱས་པ་རེད། 
        ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་རྩོམ་ཡིག་སྤེལ་ཡུན་ནི2021ལོའི་ཟླ1པའི་ཚེས1ཉིན་ནས་ཟླ10པའི་ཚེས31ཉིན་བར་ཏེ་བསྡོམས་པས་ཟླ་ངོ་བཅུ་ཡིན། སྐབས་ཐོག་ཏུ་བོད་ལྗོངས་ཉིན་རེའི་ཚགས་པར་དང་། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བདེ་ཆེན་བོད་ཡིག་སྨྱན་སྦྱོར། ཁམས་པའི་དྲ་བ། མཚོ་སྔོན་བོད་ཡིག་གསར་འགྱུར་སོགས་བོད་ཀྱི་སྨྱན་སྦྱོར་ཆེ་ཁག་དང་། དེ་མིན་སྐད་འཕྲིན་དང་ཟིན་ཕྲན་སོགས་ཀྱི་བར་སྟོང་དུ་བརྒྱུད་སྐུར་བྱས་ཏེ་ཀུན་ལ་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གནས་ཚུལ་ཞིབ་ཕྲ་དག་དུས་ལྟར་ཞུས། ཟླ་ངོ་བཅུའི་རིང་དུ་ཀན་སུའུ་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ཡུལ་གྲུ་སོ་སོ་ནས་སྒྲུང་ཐུང172ལྷག་འབྱོར་བྱུང་ལ། དེ་དག་རེ་རེ་བཞིན་རྩོམ་སྒྲིག་པས་ཞིབ་ཀྱིས་བཀླགས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་སོགས་བརྒྱུད་དེ«མཚོ་སྔོན་བོད་ཡིག་གསར་འགྱུར»སྟེང་རྩོམ་ཡིག་འབྱོར་བའི་སྔ་གཞུག་ལྟར་བསྡོམས་པས་རྩོམ་ཡིག42སྤེལ། འགྲན་སྡུར་དེ་དྲང་བོ་དྲང་གཞག་ཡོང་རྒྱུར་འགན་ལེན་བྱ་ཆེད་དཔྱད་འདེམ་གོ་རིམ་ནན་མོ་བཟོས་ནས་དཔྱད་གཏམ་མཁས་ཅན་དང་། རྩོམ་པ་པོ། སློབ་ཆེན་གྱི་དགེ་རྒན་ཆེན་མོ་སོགས་དཔྱད་འདེམ་པ་ལྔ་གདན་ཞུ་བྱས་ཤིང་། ཁོང་ཅག་གིས་དཔྱད་འདེམ་ནན་ཏན་བྱས་པ་བརྒྱུད་བྱ་དགའ་ཨང་དང་པོ་གཅིག་དང་།བྱ་དགའ་ཨང་གཉིས་པ་གཉིས།བྱ་དགའ་ཨང་གསུམ་པ་གསུམ་བཅས་བདམས་ཐོན་བྱུང་། བརྩམས་ཆོས་དེ་དག་གིས་རྩོམ་རིག་གི་ཕྱོགས་ནས་བོད་འབྲེལ་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་འཚོ་བ་ཞིབ་འབྲི་བྱས་ཡོད་པ་མ་ཟད། ཕུན་སུམ་ཚོགས་པའི་མི་སྒེར་གྱི་བརྩེ་སེམས་དང་ཐུན་མོང་མ་ཡིན་པའི་མཛེས་རིག་གི་མཐོང་རྒྱར་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་དང་འབྲེལ་བ་ཡོད་པའི་བོད་འབྲེལ་ས་ཁུལ་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྣོད་བཅུད། དབུལ་སྐྱོར་འགག་སྒྲོལ་སོགས་ཕྱོགས་གང་ཅིའི་ཐད་ནས་ཐོབ་པའི་གྲུབ་འབྲས་ཆེན་པོར་བསྟོད་བསྔགས་བྱས་ཡོད་དོ། ། 
        མཇུག་འབྲས་འདི་གསལ་བསྒྲགས་ཀྱི་དུས་ཡུན་ནི2021ལོའི་ཟླ12པའི་ཚེས6ནས་ཟླ12པའི་ཚེས10ཉིན་བར་ཡིན།

བྱ་དགའ་ཐོབ་པའི་མིང་ཐོ། 
བྱ་དགའ་ཨང་དང་པོ།
«ང་ས་འོག་ནས་སྐྱེས་པ་མིན» རྩོམ་པ་པོ། ཟླ་བ་གྲགས་པ།
བྱ་དགའ་ཨང་གཉིས་པ།
«རླུང་ཡིན་ན་ཅི་མ་རུང» རྩོམ་པ་པོ། དུང་བུ་ཆོས་འབུམ་རྒྱལ།
«འཚོལ» རྩོམ་པ་པོ། ཁྱུང་པོ་བསོད་ནམས་སྟོབས་རྒྱལ།
བྱ་དགའ་ཨང་གསུམ་པ།
«ཨང་གྲངས་སོ་བཞི» རྩོམ་པ་པོ། རྦབ་ཆུ།
«མིག་ཆུ་ནི་མར་མི་ལྷུང་བར་ཡར་ལྡིང་བའི་སྐབས་ཤིག་ལ» རྩོམ་པ་པོ། རྡོ་རྗེ་དོན་འགྲུབ།
«གྲིབ་མ» རྩོམ་པ་པོ། མ་ཅིག་འཚོ།
མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་།
མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས།
ཞིན་ཧེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།

2021ལོའི་ཟླ12པའི་ཚེས5ཉིན། 
འབྲེལ་ཡོད་འོས་སྦྱོར།