པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ངང་འགོ་ཚུཊ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2022-02-07
ཀློག་གྲངས།:
སྐབས་ཉི་ཤུ་རྩ་བཞི་པའི་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ།
གངས་འཁྱགས་ཕུགས་འདུན་དོན་དུ་གཉེར། མ་འོངས་ཕྱོགས་སུ་ལྷན་དུ་བསྐྱོད། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་གནང་བའི་སྐབས་ཉི་ཤུ་རྩ་བཞི་པའི་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྤྱི་ལོ༢༠༢༢ལོའི་ཟླ་༢པའི་ཚེས༤ཉིན་གྱི་དགོང་མོ་རྒྱལ་ཁབ་ལུས་རྩལ་ར་བའི་ནང་གཟབ་རྒྱས་ངང་གཉེར་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་མ་ཟད་སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་ཡོད། ཀྲུང་ཧྭ་ཡི་ཤེས་དཔལ་དང་ཨོ་ལིམ་ཕིག་ལུས་རྩལ་ཟུང་དུ་སྦྲེལ་ནས་མིའི་རིགས་ཧྲིལ་པོའི་མཐུན་སྒྲིལ་དང་། ཞི་མཐུན། མཛའ་གྲོགས་བཅས་ཀྱི་བཀྲ་ཤིས་པའི་རོལ་མོ་དཀྲོལ་ཡོད།
ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧེ། དེ་བཞིན་འཛམ་གླིང་ས་ཕྱོགས་ཁག་ནས་ཕེབས་པའི་འགོ་ཁྲིད་པ་དང་སྐུ་མགྲོན་ལྷན་དུ་འགོ་ཚུགས་མཛད་སྒོར་ལྷན་ཞུགས་གནང་ཡོད། རྣམ་པར་བཀྲ་བའི་གློག་འོད་ཀྱིས་རྒྱལ་ཁབ་ལུས་རྩལ་ར་བའི་མཚན་ལྗོངས་ལ་མཛེས་རྒྱན་སྤྲས་ཤིང་། མི་རྣམས་ཀྱི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་པར་བྱས་ཡོད། བྱིའུ་ཚང་དབྱིབས་ལས་གྲུབ་པའི་གྲགས་ཅན་བཟོ་བཀོད་དེ་ཡིས་ལོ་རྒྱུས་གསར་དུ་བཏོད་པ་དེ་འཛམ་གླིང་ཐོག་གི་དགུན་དུས་ཨོ་རྩལ་དང་དབྱར་དུས་ཨོ་རྩལ་གཉིས་ཀའི་འགོ་ཚུགས་མཛད་སྒོ་གཉེར་མྱོང་བའི་ལུས་རྩལ་ཐང་དང་པོ་དེར་གྱུར་ཡོད།
དགོང་མོའི་ཆུ་ཚོད༧དང་སྐར་མ༡༥ཡི་ཐོག འཛམ་གླིང་ས་ཕྱོགས་ཁག་ནས་ཕེབས་པའི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། རྒྱལ་པོ་ཚང་གི་རྒྱལ་རྒྱུད། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བ་སོགས་སྐུ་མགྲོན་རྣམས་སྔ་རྗེས་སུ་དེ་གར་ཕེབས་འབྱོར་ཟིན་ཡོད། སྐབས་དེའི་གསེར་མདོག་ཅན་གྱི་ཚོམས་ཆེན་ལས་འོད་ཟེར་ལྷམ་ལྷམ་དུ་འཕྲོ་བས། དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་པའི་རྣམ་པས་ཕྱུག་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསོན་ཤུགས་རབ་ཏུ་འཕེལ་བར་བྱས་ཡོད།
འགོ་ཚུགས་མཛད་སྒོ་དངོས་སུ་འགོ་མ་ཚུགས་གོང་། རྒྱལ་ཁབ་ལུས་རྩལ་ར་བའི་ནང་སྤྲོ་སྣང་གི་རྣམ་པས་ཡོངས་སུ་ཁེངས་ཡོད། དགའ་སྤྲོའི་རོལ་དབྱངས་དང་འགྲོགས་ནས་པེ་ཅིང་དང་ཧོ་པེ་ས་གནས་གཉིས་ཀྱི་མང་ཚོགས་ལུས་རྩལ་ར་བའི་ནང་འཛུལ་བ་དང་། བབ་ཆགས་ལ་འཁྲུག་ཆ་དོད་པའི་ཐང་ཆེན་སྒོར་གཞས་འཁྲབ་སྟོན་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ལ་བསུ་བ་ཞུས་ཡོད། ལུས་རྩལ་ར་བའི་དབུས་སུ་གནས་པའི་རྒྱ་ཡིག་གི་ཡིག་འབྲུ་ཧྥུའུ་ཞེས་པ་དེ་ནི་བཀྲ་ཤིས་པ་དང་བདེ་སྐྱིད་ལྡན་པའི་མཚོན་དོན་ཡིན་ཞིང་། ཀྲུང་གོའི་ལོ་གསར་དགའ་གཏོང་བྱེད་པའི་རྣམ་པས་ཕྱུག་ཡོད། བརྙན་ཤེལ་ཆེན་མོའི་ཐོག་ནས་ཧོ་པེ་ཀྲང་ཅ་ཁའུ་དང་། ཧེ་ལུང་ཅང་ཧར་པིན། ཅང་སུའུ་ནན་ཅིང་སོགས་རྒྱལ་ནང་གི་གྲོང་ཁྱེར་བཅུའི་མང་ཚོགས་ནས་འཛམ་གླིང་ལ་ཀྲུང་གོ་བ་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་པའི་སྤྲོ་བ་དང་ཉམས་སྣང་མངོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལའེ་སེ་ཡིས་བརྙན་མཐོང་ཤིས་ཚིག་བསྒྲོན་གནང་ཡོད། ལུས་རྩལ་ར་བའི་ཕྱི་ནང་ཀུན་དང་། ཀྲུང་གོ་དང་འཛམ་གླིང་ལྷན་དུ༼འབྱུང་འགྱུར་གྱི་ཕྱོགས་སུ་མཉམ་དུ་བསྐྱོད༽ཅེས་པའི་གངས་འཁྱགས་ཀྱི་དགའ་སྤྲོའི་གླུ་དབྱངས་བླངས་ཡོད། དགོང་མོའི་ཆུ་ཚོད་༧དང་སྐར་མ༥༧གྱི་ཐོག ལུས་རྩལ་ར་བའི་དབུས་ཀྱི་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་ཟིན་པའི་གངས་འཁྱགས་འཆར་ངོས་ལས་༼ལོ་གསར་བཟང་༽ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་མངོན་ཡོད་ཅིང་། «ཞི་བདེ། ལས་དབང་གཅིག་མཐུན་མ་ལག»གི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པ་ཧེ་སོགས་དང་ལྷན་དུ་ཀྲུའུ་ཞི་སྟེགས་བུའི་ཕྱོགས་སུ་ཕེབས་ཤིང་། གཟིགས་མོ་བ་ཚོར་ཕྱག་གཡུག་གཡུག་གནང་ཡོད། དེ་འཕྲལ་ཚོགས་ར་ཡོངས་ལ་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཤིང་དགའ་འབོད་ཀྱི་སྒྲས་ཁེངས་ཡོད། སྤྱི་ཟླ་༢པའི་ཚེས་༤ཉིན་ནི་ཏག་ཏག་ཀྲུང་གོའི་ལུགས་རྙིང་གི་དུས་ཚིགས་ཉེར་བཞིའི་ནང་གི་དུས་ཚིགས་ཐོག་མ་དཔྱིད་ཚུགས་ཉིན་མོ་ཡིན། དགོང་མོའི་ཆུ་ཚོད་༨པ་ཏག་ཏག་ལ་འགོ་ཚུགས་མཛད་སྒོ་འགོ་ཚུགས་པའི་ལྡོག་རྩིས་རྒྱག་འགོ་ཚུགས་ཤིང་། ཚོགས་ར་ཡོངས་ཀྱིས་༡༠.༩.༨.༧.༦.༥.༤.༣.༢.༡ཞེས་འབོད་པའི་རྗེས། ལུས་རྩལ་ར་བའི་དབུས་ཀྱི་བརྙན་ཤེལ་ལས་དཀར་གསལ་ཟླ་བ་དལ་བུར་ཤར་ངོས་ནས་འཆར་ཞིང་། ཚོན་ཕྲ་ཅན་གྱི་ཕྱེ་མ་ལེབ་ག་ལེར་འཕུར་ལྡིང་བྱེད། ད་དུང་ཁུར་མོང་གི་ས་བོན་མཁའ་དབྱིངས་སུ་འཕུར། མདོར་ན་ཚོན་མདོག་རྣམ་པར་བཀྲ་བའི་གློག་སྒྲོན་གྱི་འོག་ཏུ་དཔྱིད་ཚུགས་ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་གྲུབ་པ་དང་། དགུན་དུས་སུ་དཔྱིད་ཀྱི་གཏམ་བཟང་ཁྱབ་པར་བྱས་ཡོད། སྙན་སྒྲོན་པས་གཟིགས་མོ་བ་ཚོར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧེ་ངོ་སྤྲོད་ཞུས་པ་དང་། ཞི་ཅིན་ཕིང་དང་པ་ཧེ་ཡིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་ལན་ཆ་གནང་བས་ཚོགས་ར་ཡོངས་སུ་སླར་ཡང་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། བྱིས་པ་ཞིག་གིས་འཁྱིལ་ཆུང་གིས་བཏང་བའི«ང་དང་ང་ཡི་མེས་རྒྱལ»ཞེས་པའི་འགྱུར་ཁུག་སྙན་མོའི་ཁྲོད་དུ། ཀྲུང་གོའི་ལས་རིགས་ཁག་དང་། སྔོན་ཐོན་དཔེ་བཟང་བ། མི་རིགས་ལྔ་བཅུ་ང་དྲུག་གི་འཐུས་མི་བཅས་དལ་བུར་ཕེབས་པ་དང་། ཕྱག་ཟུང་གིས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལུས་རྩལ་ར་བའི་དར་ཆ་བསྒྲེང་སའི་ཁུལ་དུ་བརྒྱུད་སྤྲོད་གནང་ནས་གུས་ལུགས་དམག་གི་ཕྱག་ཏུ་སྤྲད་ཡོད། དེ་རྗེས་ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་བཟང་ཐོན་པོས་བླངས་པ་དང་། སྐར་ལྔའི་དར་དམར་དར་ཤིང་ངོས་སུ་དལ་བུར་བསྒྲེངས་ཤིང་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
ལུས་རྩལ་ར་བར་གློག་འོད་མུག་པོར་གྱུར་བ་དང་། མཐིང་མདོག་གི་ཆུ་ཐིག་ཅིག་འཆར་ཤེལ་བརྒྱུད་དེ་གནམ་དགུང་ནས་དལ་བུར་འབབ་ཡོང་བའི་མུར་རྨ་ཆུའི་དབྱིབས་སུ་གྱུར་བ་དང་། ལེ་དབར་སྟོང་ཕྲག་རྒྱུག་པའི་ལང་ལོང་དུ་འཕྱུར་བའི་རྨ་ཆུའི་རྦ་རླབས་དེ་འཁྱགས་པར་གྱུར་ནས་གངས་འཁྱགས་ཀྱི་གནམ་ས་ཞིག་གྲུབ། འཁྱགས་པ་གྲུ་བཞི་ལྷམ་པ་ཆེན་པོ་ཞིག་གངས་འཁྱགས་ཁྲོད་ནས་གྲུབ་ཅིང་། འདས་པའི་སྐབས་༢༣གྱི་དགུན་དུས་ཨོ་རྩལ་གཉེར་མྱོང་བའི་གྲོང་ཁྱེར་ཁག་གི་ལོ་རྒྱུས་རྣམས་སྐུལ་འོད་བརྐོ་གྲིས་རྐོ་དཀྲོལ་རྒྱག་པའི་རྣམ་པའི་ཁྲོད་ཕྱིར་དྲན་ཞུས་པ་དང་། མཐར་སྤྱི་ལོ་༢༠༢༢ལོའི་ཀྲུང་གོའི་པེ་ཅིང་ཞེས་པ་མངོན་ཡོད། འཁྱགས་གྲུག་ལུས་རྩལ་པ་དྲུག་གིས་འཁྱགས་ཤུད་གློད་ནས་ལུས་རྩལ་ཐང་དུ་ཕེབས་ཤིང་། འཁྱགས་གྲུག་ལ་ཞུ་བའི་བཟོ་ལྟ་བསྟན་པ་དང་། མཐར་འཁྱགས་པ་གྲུ་བཞི་ལྷམ་པ་དེ་ཉིད་འོད་ཆིལ་ཆིལ་གྱི་གངས་འཁྱགས་ཨ་ལོང་ལྔ་འབྲེལ་ལ་གྱུར་ཡོད། དགོང་མོའི་ཆུ་ཚོད་༨དང་སྐར་མ་༡༧གྱི་ཐོག ལུས་རྩལ་པ་ལུས་རྩལ་ར་བར་ཕེབས་འགོ་ཚུགས་ཡོད། གངས་འཁྱགས་ལ་བརྐོས་རྒྱབ་པའི་ཀྲུང་གོའི་སྒོ་དལ་བུར་ཕྱེ་བའི་རྗེས། ཨོ་ལིམ་ཕིག་ལུས་རྩལ་འབྱུང་ཡུལ་ཀེ་རི་སིའི་སྐུ་ཚབ་ཚོགས་པ་དང་ཐོག་ལུས་རྩལ་ར་བར་ཕེབས་ཡོད། སྐབས་རྗེས་མའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་མཁན་དབྱི་ཐ་ལི་དང་སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་མཁན་སྦྱིན་བདག་རྒྱལ་ཁབ་ཀྲུང་གོའི་འཐུས་མི་ཚོགས་པ་མཇུག་མཐར་ལུས་རྩལ་ར་བར་ཕེབས་ཡོད། རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་འཐུས་མི་ཚོགས་པ་རྒྱ་ཡིག་གི་པིར་རིས་ཀྱི་གོ་རིམ་ལྟར་ལུས་རྩལ་ར་བར་ཕེབས་ཡོད། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་རྒྱལ་ཁབ་དང་ས་ཁུལ་༩༡ཀྱི་འཐུས་མི་ཚོགས་པ་ཞུགས་ཡོད་པ་དང་།མ་འོངས་པའི་ཉིན་༡༦ནང་། ལུས་རྩལ་པ་༣༠༠༠ཙམ་གྱིས་ཨ་ལོང་ལྔ་འབྲེལ་དར་ཆའི་འོག་རྩལ་འགྲན་བྱ་རྒྱུ་ཡིན་པ་རེད། འཛམ་གླིང་གི་གྲགས་ཅན་གླུ་གཞས་༡༩མུ་འབྲེལ་ལས་གྲུབ་པའི་རྒྱབ་ལྗོངས་རོལ་དབྱངས་དང་ལྷན་དུ་ལུས་རྩལ་པ་རྣམས་ལུས་རྩལ་ར་བར་ཕེབས་ཞོར་དུ། གཟིགས་མོ་བ་ཚོར་ཕྱག་གཡུག་གཡུག་གནང་བ་དང་། ས་ཡུལ་དེ་གར་ཡོད་པའི་གཟིགས་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་དགའ་འབོད་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཁོང་རྣམ་པ་ཕེབས་པར་དགའ་བསུ་ཞུས་ཡོད་པ་རེད།
«མེས་རྒྱལ་ལ་བསྟོད་གླུ་ལེན»ཞེས་པའི་རྔམ་བརྗིད་ལྡན་པའི་འགྱུར་ཁུག་ཁྲོད། སྦྱིན་བདག་རྒྱལ་ཁབ་ཀྲུང་གོའི་འཐུས་མི་ཚོགས་པ་ཚོགས་རའི་ནང་འཛུལ་མཁན་མཇུག་ཤོས་དེ་ཡིན་པ་དང་། དར་ཆ་སྒྲེང་མཁན་གཉིས་ཏེ་ཀྲུང་གོའི་ལྕགས་སྒྲོམ་གངས་འཁོར་གྱི་བུད་མེད་ལུས་རྩལ་པ་ཀྲའོ་ཏན་དང་མྱུར་བགྲོད་འཁྱགས་ཤུད་ལུས་རྩལ་པ་ཀའོ་ཐིང་ཡུས་རུ་སྣེའི་མདུན་ཤོས་སུ་ཕེབས་ཡོད། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། དགའ་འབོད་ཀྱི་སྐད་སྒྲ་རེ་ཞིག་འཇགས་ཐབས་མེད་པར་གྱུར་ཡོད། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི388ཡོད་པ་དང་། དེའི་ཁྲོད་དུ་ལུས་རྩལ་པ177ཡོད་ཅིང་། དེ་ནི་སྐབས་རིམ་བྱུང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ནང་ཞུགས་པའི་ཀྲུང་གོའི་མི་གྲངས་མང་ཤོས་དེ་ཡིན་པ་རེད།
ལུས་རྩལ་པ་ཚོགས་རར་ཕེབས་གྲུབ་རྗེས། འཐུས་མི་ཚོགས་པ་ཁག་གི་ཁྲིད་སྟོན་པས་ཁ་བའི་མེ་ཏོག་གི་དབྱིབས་ལས་གྲུབ་པའི་ཁྲིད་སྟོན་ཤོག་བྱང་མཐོན་པོར་བཏེགས་ཏེ་མཉམ་དུ་འཛོམས་ནས་ཁ་བའི་མེ་ཏོག་ཆེན་པོ་ཞིག་གྲུབ་པར་བྱས་ཡོད། བརྙན་ཤེལ་ཆེན་པོའི་ཐོག་ཏུའང«སྟོབས་ཇེ་ཆེ་དང་མཐུན་སྒྲིལ་ཇེ་ཟབ»ཅེས་པའི་བརྙན་མཐོང་བསྟན་པ་དང་། དེ་ལས་༼འཛམ་གླིང་གཅིག་མཐུན་ཆེ་ཞིང་།གནམ་འོག་ཁྱིམ་ཚང་གཅིག་ལྟར་བརྩེ༽ཞེས་པའི་བརྗོད་དོན་གཙོ་བོ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད་པ་རེད། དེ་རྗེས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚའེ་ཆི་ཡིས་ཤིས་ཚིག་བསྒྲོན་གནང་ཡོད། ཁོང་གིས། ད་ལྟ་ནི་ཀྲུང་གོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་བཞིན་པའི་སྒང་ཡིན། འཛམ་གླིང་ས་གནས་ཁག་གི་ལུས་རྩལ་པ་དང་། རྩལ་སློབ་པ། སྐུ་མགྲོན་བཅས་པེ་ཅིང་དུ་མཉམ་དུ་འཛོམས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱས་འཛོམས་དེ་ཉམས་སུ་མྱོང་ཡོད་ལ། པེ་ཅིང་ཉིད་འཛམ་གླིང་ཐོག་གི་དབྱར་དགུན་གཉིས་ཀའི་ཨོ་རྩལ་འགྲན་ཚོགས་གཉེར་མཁན་གྱི་གྲོང་ཁྱེར་ཐོག་མ་དེར་གྱུར་བར་བདེན་དཔང་གནང་ཞིང་། ཀྲུང་གོས་ཨོ་རྩལ་འགྲན་ཚོགས་ལ་ངོ་མཚར་གྱི་ལེའུ་གསར་པ་རྩོམ་རྒྱུར་བདེན་དཔང་ཡང་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མའི་སྐུལ་འདེད་དང་ཀྲུང་གོ་སྲིད་གཞུང་གི་སྟོབས་ཆེའི་དབུ་ཁྲིད་འོག ང་ཚོས་སྦགས་མེད་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང་བཅས་ཀྱི་ཐོག་ནས་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་ལག་བསྟར་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་སོགས་ཕྱོགས་ཁག་དང་མཉམ་ལས་བྱས་པ་བརྒྱུད་དེ་རིམས་ནད་ཀྱི་གནས་ཚུལ་ཁྱད་བསད་བྱས་ཏེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དུས་བཀག་ལྟར་གཉེར་རྒྱུ་མངོན་འགྱུར་ཐུབ་ཡོད་པ་དང་། འཛམ་གླིང་ལ་མིའི་རིགས་ཀྱིས་དཀའ་ངལ་དང་འགྲན་རྩོད་ལས་རྣམ་པར་རྒྱལ་བ་བྱེད་པའི་དཔའ་ཉམས་མངོན་པར་བྱས་ཡོད། ང་ཚོས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། མཉམ་དུ་འབྱུང་འགྱུར་ལ་ཕྱོགས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པོ་ཧེས་ཤིས་ཚིག་བསྒྲོན་གནང་བ་དང་། ཁོང་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་སྲིད་གཞུང་ལས་ཁུངས་དང་ཀྲུང་གོའི་མི་དམངས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། ཁོང་གིས། ཀྲུང་གོར་དགུན་དུས་ཀྱི་ལུས་རྩལ་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ་དེས་གོ་ལའི་དགུན་དུས་ལུས་རྩལ་གྱི་དུས་རབས་གསར་པ་ཞིག་བསུས་ཡོད། དེས་གོ་ལའི་དགུན་དུས་ལུས་རྩལ་ནང་ཞུགས་ཚད་ཀྱང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་རྒྱུ་དང་། ཀྲུང་གོའི་མི་དམངས་དང་གོ་ལའི་ས་གནས་ཁག་གི་དགུན་དུས་ལུས་རྩལ་ལ་དགའ་པོ་གནང་མཁན་ཚོར་ཕན་པ་བསྐྲུན་ཐུབ་ངེས་རེད་ཅེས་གསུངས་ཡོད། དགོང་མོའི་ཆུ་ཚོད༩དང་སྐར་མ༥༡གི་ཐོག འགོ་ཚུགས་མཛད་སྒོས་མི་སེམས་འགུལ་བའི་དུས་སྐབས་ཤིག་བསུས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་སྐབས་ཉེར་བཞི་པའི་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚོགས་ར་ཡོངས་སུ་དགའ་འབོད་ཀྱི་སྒྲས་ཁེངས་ཤིང་། འོད་མདངས་བཀྲ་བའི་མེ་ལྕེ་མཁའ་དབྱིངས་སུ་འཕྱུར་ནས་བར་སྣང་ཁམས་སུ་མགྲོན་བསུའི་སུམ་ཤིང་གི་དབྱིབས་ཤིག་གྲུབ་པ་དང་། དེས་འཛམ་གླིང་ཡོངས་ཀྱི་སྐུ་མགྲོན་ལ་དགའ་བསུ་ཞུ་ལུགས་མཚོན་པར་བྱས་ཡོད་པས། ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྐད་སྒྲ་རེ་ཞིག་འཇགས་ཐབས་མེད་པར་གྱུར་ཡོད། འཛམ་གླིང་ས་གནས་ཁག་ནས་ཕེབས་པའི་ལུས་རྩལ་པ76ལུས་རྩལ་ཐང་དུ་འབྱོར་ནས་དཔུང་པ་མཉམ་གཤིབ་ཀྱིས་བསྐྱོད་ཡོད། ཁོང་ཚོ་སླེབས་སའི་གནས་རེ་རེར། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། རིམས་ནད་མཉམ་སེལ། ཕུགས་བསམ་ཆེད་དུ་དཀའ་སྤྱད་འབད་འཐབ་གནང་བ་མཚོན་པའི་པར་རིས་རིང་མོ་དལ་བུར་ཕྱེ་བ་དེ་ཆུ་རྒྱུན་རིང་མོ་དལ་བུའི་ངང་བཞུར་བ་དང་གཉིས་སུ་མ་མཆིས། ཆུ་བོའི་ངོགས་གཉིས་སུ་ཡོད་པའི་མཐུན་སྒྲིལ་དང་བཀྲ་ཤིས་མཚོན་པའི་ཀྲུང་གོའི་མདུད་པའི་རི་མོ་དེ་རིམ་བཞིན་“མཉམ་དུ་འབྱུང་འགྱུར་ལ་ཕྱོགས”ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་ཏུ་གྱུར་བ་དང་། དེ་ལས་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་འབྱུང་འགྱུར་མཉམ་དུ་གཏོད་པའི་རེ་འདུན་བཟང་པོ་མཚོན་པར་བྱས་ཡོད།
«འཆར་སྒོ»ཞེས་པའི་གླུ་གཞས་ཀྱི་འགྱུར་ཁུག་ཁྲོད་དུ་ལུས་རྩལ་གྱོན་ཆས་དམར་པོ་གྱོན་པའི་འཁྱག་ཤུད་ལུས་རྩལ་པ24ཚོ་ཆུང་བཞི་རུ་བགོས་ཏེ་བདེ་ལྕག་འཁྱུག་པའི་ལུས་ཀྱི་སྟངས་སྟབས་ལ་བརྟེན་ནས་འཁྱགས་ངོས་ཐོག་ཏུ་ཤུལ་ལམ་རིང་པོ་ཞིག་བཞག་ཡོད། ཤུལ་ལམ་དེའི་ཐོག་ཏུ་ཨོ་ལིམ་ཕིག་ལེགས་བཤད་གསར་པ་སྟེ་དེ་བས་མགྱོགས་པ་དང་། དེ་བས་མཐོ་བ། དེ་བས་སྟོབས་ཆེ་བ། དེ་བས་མཐུན་སྒྲིལ་ཆེ་བ་བཅས་མངོན་པར་བྱས་ནས་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་ཕུགས་འདུན་མཚོན་པར་བྱས་ཡོད། བར་སྣང་ངོས་སུ་མཐོ་སྟེགས་གངས་ཤུད་ལ་ལད་ཟློས་བྱེད་པའི་འོད་འཕྲོའི་མི་གཟུགས་ཤིག་གངས་འཁྱགས་ཀྱི་ཨ་ལོང་ལྔ་ལས་འཕུར་ཡོད། དེ་དང་དུས་མཚུངས་སུ་གཞུང་ངོས་བརྙན་ཤེལ་ཐོག་ཏུ་གངས་འཁྱགས་ལུས་རྩལ་གྱི་རྣམ་གྲངས་མང་པོ་མངོན་པ་དང་། དེ་ལས་གངས་འཁྱག་ལུས་རྩལ་གྱི་མཛེས་སྡུག་མཚོན་པར་བྱས་ཡོད། དར་ཆ་སྒྲེང་མཁན་དྲུག་གིས་ཨོ་ལིམ་ཕིག་དར་ཆ་བསྣམས་ཏེ་ཚོགས་རར་ཕེབས་ཡོད། ཁོང་ཚོ་ནི་ཀྲུང་གོའི་དུས་རབས་མི་འདྲ་བའི་དགུན་དུས་ལུས་རྩལ་རྣམ་གྲངས་ཀྱི་ཚབས་མཚོན་པ་ཤ་སྟག་རེད། དེའི་ནང་། ཀྲུང་གོ་གསར་པའི་དགུན་དུས་རྣམ་གྲངས་ཀྱི་འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་ཐོག་མ་ལོ་ཀྲི་ཧོན་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོར་སྐྱེས་པའི་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོག་མ་བརྩོན་ལེན་གནང་མཁན་ལི་ཅ་ཅུན། ཀྲུང་གོར་སྣ་མང་གངས་ཤུད་རྣམ་གྲངས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་ལེན་མཁན་ཏེ་མི་གཉིས་ཀྱི་གངས་ཤུད་ཀྱི་ལུས་རྩལ་པ་ཧྲེན་ཞུའེ། ཀྲུང་གོར་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཐོག་རྣམ་གྲངས་ཁྲོད་གསེར་གྱི་རྟགས་མ་ཐོག་མ་ལེན་མཁན་ཧན་ཞའོ་ཕོང་། ཝུན་ཀེ་ཧྭའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་རྒྱུག་ཐུང་མྱུར་བགྲོད་ཀྱི་བུད་མེད་མཐུད་རྒྱུག་གི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་མཁན་ཀྲང་ཧུའེ། ཀྲུང་གོར་མྱུར་བགྲོད་འཁྱག་ཤུད་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་བརྩོན་ལེན་གནང་མཁན་ཀྲང་ཧུང་བཅས་རེད། ཧོ་པེ་ཧྥུའུ་ཕིང་རི་ཁུལ་ནས་ཡོང་བའི་ཕྲུ་གུ་44ཡིས་ཀེ་རི་སིའི་སྐད་ཀྱི་ཐོག་ནས་ཨོ་ལིམ་ཕིག་ཚོགས་གླུ་ལེན་ཡོད། གླུ་དབྱངས་ཁྲོད་དུ་ཨོ་ལིམ་ཕིག་ཚོགས་དར་དལ་བུར་བསྒྲེངས་ནས་སྐར་ལྔའི་དར་དམར་དུ་མཉམ་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཨ་ལོང་ལྔའི་དར་ཆའི་མདུན་དུ་ཀྲུང་གོའི་བྱེས་བགྲོད་གངས་ཤུད་ལུས་རྩལ་པ་ཝང་ཆང་དང་པང་ལེབ་རྐྱང་པའི་གངས་ཤུད་ལུས་རྩལ་པ་ལེའུ་ཅ་ཡུས་དང་།ཀྲུང་གོའི་རང་མོས་གངས་ཤུད་ཀྱི་ཤན་འབྱེད་པ་ཐའོ་ཡུང་ཁྲུན། ཀྲུང་གོའི་པང་ལེབ་རྐྱང་པའི་གངས་ཤུད་ཀྱི་རྩལ་ཁྲིད་པ་ཅི་ཞའོ་ཨོའུ་བཅས་ཀྱིས་ལུས་རྩལ་པ་དང་ཤན་འབྱེད་པ། རྩལ་ཁྲིད་པ། དེ་བཞིན་དཔོན་རིགས་ཀྱི་ཚབ་ཞུས་ནས་དམ་བཅའ་བཞག་ཡོད། བརྙན་ཤེལ་ཆེན་པོའི་ཐོག་ཏུ་བསྟན་པའི«འབྱུང་འགྱུར་གྱི་ཨང་དང་པོ»ཞེས་པའི་བརྙན་མཐུང་དེས་ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་མིག་དབང་འཕྲོག་པ་དང་། གོམ་པ་སྤོ་ཤེས་མ་ཐག་པའི་ཕྲུ་གུ་ཆུང་ཆུང་དག་ཀྱང་གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་དུ་གྱུར་ཡོད། ས་ལ་ཐེངས་མང་འགྱེལ་རུང་། གདོང་ལ་སྔར་བཞིན་མཛུམ་མདངས་འཕྱུར་ནས་དཀའ་ངལ་ཁྱད་བསད་བྱེད་པའི་རྣམ་པ་དེ་མཐོང་རྗེས་གཟིགས་མོ་བ་ཚོ་གད་མོ་དབང་མེད་དུ་ཤོར་ཡོད། དགོད་སྒྲའི་ཁྲོད་དུ་སྙིང་ཉེ་བའི་བྱིས་པ་རྣམས་ལུས་རྩལ་ཐང་དུ་སླེབས་པ་དང་། ཁོང་ཚོའི་ལག་པའི་ནང་དུ་འོད་ལྷམ་ལྷམ་དུ་འཚེར་བའི་ཕུག་རོན་དཀར་པོ་རེ་འཁྱེར་ཡོད་པ་དང་། སྤྲོ་སེམས་འཁོལ་བའི་ངང་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ལུས་རྩལ་ཐང་གི་དཀྱིལ་དུ་རྒྱུག་ཡོང་སྟེ་སྙིང་གཟུགས་ཤིག་བཟོས་ནས་ཁ་བའི་འདབ་མ་ཆེན་པོ་དེའི་མཐའ་སྐོར་དུ་བསྐོར་བ་རེད། ཆུ་ཚོད་22དང་སྐར་མ་10ཡི་ཐོག ཨོ་ལིམ་ཕིག་ཡ་ནས་བླངས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་རྒྱལ་ཁབ་ལུས་རྩལ་ཁང་དུ་འབྱོར་ཡོད།སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་སྤྱི་ཟླ་2ཚེས་2ནས་ཚེས་4ཉིན་བར་པེ་ཅིང་དང་། ཡན་ཆིང་། ཀྲང་ཅ་ཁའུ་བཅས་འགྲན་ཁུལ་གསུམ་དུ་བརྒྱུད་སྤྲོད་བྱས་ཡོད། ཨོ་ལིམ་ཕིག་ནགས་ཚལ་སྤྱི་གླིང་དང་། དབྱི་ཧོ་ཡོན། པ་ཏེ་ལིང་ལྕགས་རི་རིང་པོ།མིས་བཟོས་གཙང་པོ་ཆེན་པོའི་ནགས་ཚལ་སྤྱི་གླིང་སོགས་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་དེ་ཉིད་གནའ་དེང་བརྒལ་བ་དང་། ལོ་རྒྱུས་དང་འབྱུང་འགྱུར་འབྲེལ་མཐུད་བྱས་ནས་འཛམ་གླིང་ལ་གཏིང་ཟབ་ཅིང་གསར་གཏོད་ཀྱི་གསོན་ཤུགས་ཀྱིས་ཁེངས་པའི་ཀྲུང་ཧྭའི་ཤེས་དཔལ་མངོན་ཡོད། དཔལ་འབར་འཁྱེར་མཁན་བདུན་པོས་དཔལ་འབར་མཐོན་པོར་བསྒྲེངས་ནས་མི་དྲུག་ལ་བགོས་ཏེ་ལུས་རྩལ་ཁང་དུ་མཐའ་མཇུག་གི་བརྒྱུད་སྤྲོད་བྱས་ཡོད། ཐེངས་11བསྟུད་མར་མྱུར་བགྲོད་འཁྱགས་ཤུད་ཀྱི་རྒྱལ་ཡོངས་ཀྱི་ཨང་དང་པོ་ལེན་མཁན་ལོ་རབས་50རྗེས་སྐྱེས་ལུས་རྩལ་པ་ཀྲའོ་ཝེ་ཁྲང་དང་། ཁའར་ཅ་ལིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཐུང་ལམ་མགྱོགས་ཤུད་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་1དང་ཟངས་ཀྱི་རྟགས་མ་2ཐོབ་མཁན་ལོ་རབས་60རྗེས་སྐྱེས་ལུས་རྩལ་པ་ལི་ཡན། ཡན་ཧུའུ་གྲོང་ཁྱེར་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་མེད་པ་འགག་སྒྲོལ་ཐུབ་མཁན་ལོ་རབས་70རྗེས་སྐྱེས་ལུས་རྩལ་པ་དབྱང་དབྱང་། སྐྱེས་པའི་སྨི་100ཡི་ཨེ་ཤེ་ཡའི་ཟིན་ཐོ་རྒྱུན་སྐྱོང་མཁན་ལོ་རབས་80རྗེས་སྐྱེས་ལུས་རྩལ་པ་སུའུ་པིང་ཐེན། སུའོ་ཆི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་བུད་མེད་ཀྱི་སྨི་1500ཡི་ཐུང་ལམ་མགྱོགས་ཤུད་འགྲན་བསྡུར་ཁྲོད་ཨང་དང་པོ་བསྟུད་མར་ལེན་མཁན་ལོ་རབས་90རྗེས་སྐྱེས་ལུས་རྩལ་པ་ཀྲོའུ་དབྱང་། དེ་སྔ་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་པའི་ཀྲུང་གོའི་ལུས་རྩལ་པས་གཅིག་རྗེས་གཉིས་མཐུད་ངང་རྒྱུག་ཤར་གློད་པ་བཅས་བྱས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད་པ་རེད། མཐའ་མཇུག་གི་དཔལ་འབར་དེ་2000ལོའི་རྗེས་སྐྱེས་ལུས་རྩལ་པ་གཉིས་ཏེ། བྱེས་བགྲོད་གངས་ཤུད་ལུས་རྩལ་པ་ཏི་ཉི་ཀེར·དབྱི་ལ་མུའུ་ཅང་དང་ཡོ་རོབ་བྱང་རྒྱུད་རྣམ་གྲངས་གཉིས་ཀྱི་ལུས་རྩལ་པ་ཀྲའོ་ཅ་ཝུན་གྱི་ལག་ཏུ་བརྒྱུད་སྤྲོད་བྱས་ཡོད། མི་རྣམས་ཀྱི་དོ་ཁུར་འོག་དཔལ་འབར་འཁྱེར་མཁན་གཉིས་པོ་ཕུག་རོན་གྱིས་བསྐོར་བའི་ཁ་བའི་འདབ་མའི་ཕྱོགས་སུ་རྒྱུག་པ་དང་དཔལ་འབར་དེ་ཉིད་ཁ་བའི་འདབ་མ་ཆེན་པོའི་དབུས་སུ་བཅུག་ནས་འཐུས་མི་ཚོགས་པ་ཡོངས་ཀྱི་ཁ་བའི་འདབ་མའི་བཟོ་ལྟའི་ཁྲིད་སྟོན་བྱང་བུ་ལས་གྲུབ་པའི་དཔལ་འབར་གཙོ་བོ་འདི་ཆགས་ཡོད། དཔལ་འབར་གཙོ་བོ་དེ་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་མེ་ཆུང་ཆུང་གི་བྱ་ཐབས་ཐོག་མར་སྤྱད་པ་དེའི་ཐོག་ནས་སྦགས་མེད་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གང་ལེགས་མཚོན་ཡོད་པ་རེད།
ཁ་དོག་རྣམ་པར་བཀྲ་བའི་ཚོན་ཁྲ་ཅན་གྱི་ཤོག་སྦག་མཁའ་དབྱིངས་སུ་འཕྱུར་ནས་ལུས་རྩལ་ཁང་ཧྲིལ་པོ་དགའ་སྤྲོའི་རྣམ་པས་ཁེངས་ཡོད། འདི་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་གིས་ནམ་ཡང་བརྗེད་པར་དཀའ་བའི་དུས་སྐབས་ཤིག་ཡིན་ལ། འདི་ནི་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་གྱི་འོད་སྟོང་འཕྲོ་བའི་སྐད་ཅིག་ཉིད་ཀྱང་རེད། དུས་ཡུན་ལོ་དྲུག་ལྷག་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་ཏེ་ཀྲུང་གོའི་མི་དམངས་ཀྱིས་ལས་བརྩོན་དང་། དཔའ་ངར། བློ་གྲོས་བཅས་ལ་བརྟེན་ནས་འཛམ་གླིང་ལ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱས་འཛོམས་ཤིག་འབུལ་ཐུབ་ངེས་རེད། དོ་ནུབ། པེ་ཅིང་དང་འཛམ་གླིང་དམ་དུ་འབྲེལ།དོ་ནུབ།འཛམ་གླིང་གིས་པེ་ཅིང་ལ་དོ་ཁུར་བྱེད་བཞིན་ཡོད། འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་གྱི་གྲས་སུ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི། སིང་ཀ་ཕོར་གྱི་ཙུང་ཐུང་ཧ་ལི་མ། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལོ་ཧྥུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མེང་། ཐུའུ་ཁུ་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུ། ཨུ་ཙེ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིའར་ཅི་གཡོད་ཡེ་ཧྥུ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཁ་ཐར་གྱི་རྒྱལ་པོ་ཐ་སྨི་མུའུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེ། ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆེ་ཆི། ལུའུ་སེན་པོག་གི་ཏ་ཀུང་ཧེང་ལི། མོ་ན་ཀོའི་རྒྱལ་པོ་སྐུ་ཐོག་གཉིས་པ་ཨའར་པེ། ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི། ཨེ་ཁྭ་ཏོར་གྱི་ཙུང་ཐུང་ལ་སོ། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན། པོ་ཧེ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཀེར་ཏི་ཡ། ཕ་ཕུ་ཡ་ཀུ་ནེ་ཡ་གསར་པའི་ཙུང་ལི་མ་ལ་ཕེ། ལྷོ་ཁོ་རེ་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཕིའོ་པིང་ཞི། ཐེ་ལན་གྱི་ཀོང་ཇོ་ཧྲི་ལིན་ཐུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི།མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྲ་ཞི་ཏེ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཐན་ཏེ་སེའེ། འཛམ་གླིང་ཤེས་བྱའི་ཐོན་དབང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཏེང་ཧུང་སེན། གསར་སྤེལ་དངུལ་ཁང་གསར་པའི་འགོ་འཛིན་ཐེ་ལུའོ་ཡུའེ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དྲུང་ཆེ་ཀྲང་མིང་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་ཁུར་བ་བཅས་ཁྱོན་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་སྒྲིག་འཛུགས་བཅས་70ཙམ་གྱི་གཞུང་ཕྱོགས་ཀྱི་འཐུས་མི་ཡོད་པ་རེད། པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། པེ་ཅིང་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ཧུང་ཤིའུ་ཀྲུའུ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།