logo

གྲོས་ཚོགས་འདི་གཉིས་མཚོ་སྔོན་དུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2022-07-22 ཀློག་གྲངས།:
        འདི་ནི་ལྗང་མདོག་འཕེལ་རྒྱས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་ལ། འདི་ནི་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པའི་སྒེའུ་ཁུང་ལྟ་བུ་ཡིན། འདི་ནི་མཉམ་སྤྱོད་མཉམ་སྐྲུན་གྱི་སྟེགས་བུ་ཞིག་ཀྱང་ཡིན། ཟླ་བདུན་པར་གོ་ལ་ཧྲིལ་བོའི་མིག་ཟུང་སླར་ཡང་མཚོ་སྔོན་དུ་གཏད་ཅིང་། གཙང་གསུམ་འབྱུང་ཁུངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་བསུས་ནས་ཚོང་བ་མང་པོ་མཐོ་སྒང་གི་ཡུལ་གྲུ་འདིར་འཛོམས། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས23པ་དང་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་འགྲེམས་སྟོན་གྲོས་ཚོགས་སྐབས་གཉིས་པ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་རྩོམ་རྒྱུ་རེད།
ཚོགས་རའི་ཡུལ་དངོས།
        མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་སྐྱེ་ཁམས་དངོས་མང་འགྲེམས་སྟོན་གྲོས་ཚོགས་ནི་མཚོ་སྔོན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ལྟ་བུ་ཡིན་པས་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་མ་གཏོང་བ། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཡོད། ད་ལོའི་ཚོགས་འདུ་གཟབ་རྒྱས་གཉིས་དུས་མཉམ་དུ་གཉེར་བ་ནི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆུ་ཚད་དེ་བས་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི“གནས་བཞི”གཙོ་བོར་བྱེད་པའི་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག་གི་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རིམས་ནད་འགོག་སྡོམ་ལ་སྤྱི་འདོམས་བྱས་ནས་འགྲེམས་ཚོགས་ཀྱི་ཕན་འབྲས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་དང་སྔོག་འདོན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན།
        ཐེངས་འདིའི་འགྲེམས་ཚོགས་ཐོག“མཚོ་སྔོན་ལ་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ། རྒྱལ་སྤྱི་ལ་ཁ་ཕྱོགས་པའི”ངེས་གནས་མཐའ་འཁྱོངས་བྱས་ཤིང་། “སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”བརྗོད་དོན་དུ་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དམིགས་ཡོད་ལ། ནུས་ཤུགས་ཡོད་རྒུས་ལྗང་མདོག་འཕེལ་རྒྱས་དང་གསར་གཏོད་སྣེ་ཁྲིད། སྒོ་འབྱེད་མཉམ་ལས། མཉམ་སྤྱོད་མཉམ་སྐྲུན་བཅས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་དང་། རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་དཔལ་ཡོན་སྤེལ་རེས་དང་སྐྱེ་ཁམས་འཛུགས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་དང་ཉམས་མྱོང་བརྗེ་རེས། སྐྱེ་ཁམས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་སྐྱེ་ཁམས་ཐོན་རྫས་ཉོ་ཚོང་ལ་སྐུལ་འདེད། སྐྱེ་ཁམས་རིན་ཐང་གཞན་སྒྱུར་མངོན་འགྱུར་ཡོང་བའི་སྟེགས་བུ་གལ་ཆེན་ཞིག་གཏོད་རྒྱུ་དེ་རེད།
ཐོན་རྫས་འགྲེམས་ཁུལ།
ཐོན་རྫས་འགྲེམས་ཁུལ།
        ད་ལོའི་འགྲེམས་ཚོགས་ཐོག་བཀྲག་མདངས་འཚེར་ས་མང་པོ་ཐོན་པ་དང་འགྲེམས་ཁུལ་དེ་བས་ཕུན་སུམ་ཚོགས་པོ་ཡོད། གྲོགས་པོ་གསར་རྙིང་ཚང་མ་འཚང་ཁ་ཤིག་ཤིག་ངང་འགྲེམས་ཚོགས་ནང་ཞུགས་ཡོད། འགྲེམས་རྫས་དེ་བས་ལེགས་ཤིང་མཚོ་སྔོན་ཞིང་ཆེན་གྱིས“གནས་བཞིའི”འཛུགས་སྐྲུན་གྱི་གྲུབ་འབྲས་གང་མགྱོགས་གཅིག་སྡུད་ཐོག་འགྲེམས་ཁང་དུ་བསྐྲུན་ཡོད་པ་རེད། རྒྱལ་སྤྱི་དང་རྒྱལ་ནང་གི་སྔོན་ཐོན་གྱི་འདུ་ཤེས་དང་ལག་རྩལ། ཐོན་རྫས། ཞབས་ཞུ་བཅས་ལས་མ་འོངས་པའི་མཛེས་སྡུག་ལྡན་པའི་འཚོ་བ་བཀོད་ཡོད། ཐེངས་འདིའི་འགྲེམས་ཚོགས་ཀྱི་འགྲེམས་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4ཟིན་པ་དང་། Aའགྲེམས་ཁང་ནི་རྒྱལ་ནང་དང་རྒྱལ་སྤྱིའི་འགྲེམས་ཁང་ཡིན་ཞིང་། གཙོ་བོ་སྐུ་མགྲོན་གཙོ་བོའི་ཞིང་ཆེན(རང་སྐྱོང་ལྗོངས)འགྲེམས་ཁུལ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འགྲེམས་ཁུལ་སོགས་ལས་གྲུབ་ཡོད། Bའགྲེམས་ཁང་ནི་མཚོ་སྔོན་སྐྱེ་ཁམས་འགྲེམས་ཁང་ཡིན་ཞིང་། ཚང་མས་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་ཧུར་ཐག་གཏོད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་གསར་བ་མཐོང་ཐུབ་པ་བྱས་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གཏོད་པ་བཅས་ཀྱི་གྲུབ་འབྲས་གསར་བ་བཅས་མངོན་ཡོད། Cའགྲེམས་ཁང་ནི་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམས་ཁང་ཡིན། གཙོ་བོ་རྒྱལ་ཁབ་ཕྱི་ནང་གི་བོད་ལུགས་ས་གདན་དང་ས་གདན་འགྲེམས་སྟོན་བྱེད་ས་ཡིན། འགྲེམས་ཚོགས་རིང་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་སྡུར་སྐབས་དགུ་བ་དང་མགོ་རྩོམ་མཛད་སྒོ། སྐུ་མགྲོན་གཙོ་བོའི་ཞིང་ཆེན(རང་སྐྱོང་ལྗོངས)གྱི་འགྲེམས་ཁང་སྒོ་འབྱེད་མཛད་སྒོ། གཙོ་དོན་གླེང་སྟེགས་དང་མཉམ་ལས་ལས་གཞི་གལ་ཆེན་གཅིག་སྡུད་ཐོག་གན་རྒྱ་འཇོག་པ། བློ་རིག་གཅིག་སྡུད་ཀྱི་གཙང་གསུམ་འབྱུང་ཁུངས·མཚོ་སྔོན་གསར་བར་རོགས་སྐྱོར་བྱེད་ཅེས་པའི་ཤེས་ལྡན་པའི་ལས་གཞི་ངོ་འཕྲད་གྲོས་མོལ་ཚོགས་འདུ། གཙང་གསུམ་འབྱུང་ཁུངས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གླེང་སྟེགས། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།