དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ་སྐུ་གཤེགས་པ་དང་ཁྲའར་སི་ཡིས་རྒྱལ་རྒྱུད་བཟུང་།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-09-10
ཀློག་གྲངས།:
ཚེས8ཉིན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ་སུའུ་ཀེ་ལན་པའར་མོ་ལེར་མཁར་དུ་སྐུ་གཤེགས་པ་དང་ལོ96རེད། ཁོ་མོའི་བུ་ཆེ་བ་དང་རྒྱལ་སྲས་ཁྲའར་སི་ཡིས་རྒྱལ་པོའི་གོ་གནས་རྒྱུད་འཛིན་བྱས།
ཚེས8ཉིན་པའེ་ཅིན་ཧན་ཕོ་བྲང་ནས་བསྒྲགས་པ་ལྟར་ན། རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ་དེ་ཉིན་དེའི་ཕྱི་དྲོ་པའར་མོ་ལེར་མཁར་དུ་འདས་པ་དང་། རྒྱལ་པོ་དང་བཙུན་མོ་ཡིས་ཚེས9ཉིན་རྒྱལ་ས་ལོན་ཏོན་དུ་ཕྱིར་ལོག་རྒྱུར་གཏན་འཁེལ་བྱས་ཡོད་ཟེར། པའེ་ཅིན་ཧན་ཕོ་བྲང་གིས་ཉིན་དེར་རྒྱལ་པོ་གསར་པ་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ནང་བཤད་རྒྱུར། རྒྱལ་མོ་འདས་པ་དེ་ནི“ང་དང་ངའི་ཁྱིམ་ཚང་གི་ཁོངས་མི་ཡོངས་ལ་ཆ་མཚོན་ན་སེམས་སྡུག་ཆེ་ཤོས་ཀྱི་དུས་སྐབས་ཤིག་རེད། ང་ཚོས་ལྷག་བསམ་རྣམ་དག་གིས་ཀུན་གྱིས་གོང་བཀུར་བྱེད་པའི་རྒྱལ་པོ་དང་ཨ་མར་མྱ་ངན་ཞུ་རྒྱུ་ཡིན”ཟེར།
དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལཱ་སི་ཡིས་ཉིན་དེར་ཐང་ཉིན་སྲང་ལམ་གྱི་སྒོ་རྟགས10པའི་དབུ་བཞུགས་བློན་ཆེན་དཔོན་ཤག་གི་མདུན་དུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་མོ་ཚེ་ལས་འདས་པའི་གནས་ཚུལ་དེ་མི་རྣམས་ཧང་སངས་དགོས་པ་ཞིག་ཡིན་ལ། ཁོ་མོ་ནི“དེང་རབས་དབྱིན་ཇིའི་རྨང་རྡོ”ཡིན་ཟེར།
པའེ་ཅིན་ཧན་ཕོ་བྲང་གིས་ཚེས8ཉིན་གྱི་སྔ་མོ་ནས་རྒྱལ་མོའི་གཟུགས་པོའི་གནས་ཚུལ་མི་ལེགས་པ་དང་སྨན་བཅོས་ལྟ་སྐྱོང་དང་ལེན་བྱེད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པས། ཁོ་མོའི་གཉེན་ཉེ་མང་པོ་ཞིག་དེ་མ་ཐག་ཏུ་སུའུ་ཀེ་ལན་དུ་འབྱོར་བ་རེད། ཉིན་དེའི་དགོང་མོར། རྒྱལ་རྒྱུད་ཚང་གི་ལས་དོན་མི་སྣས་པའེ་ཅིན་ཧན་ཕོ་བྲང་གི་སྒོའི་མདུན་གྱི་སྒྲོམ་སྐྱོར་ཐོག་འདས་བརྡ་བཀལ་བ་དང་། མང་ཚོགས་མང་པོ་ཞིག་གིས་ཆར་པར་མ་འཛེམས་པར་མྱ་ངན་ཞུ་ལུགས་མཚོན་པར་བྱས་པ་མ་ཟད། ད་དུང་མི་མི་ཉུང་བ་ཞིག་གིས་ཝུན་ཧྲ་མཁར་རྫོང་གི་ཕྱི་རུ་མེ་ཏོག་སོས་པ་ཕུལ་བ་རེད།
དབྱི་ལེ་ཧྲ་པའེ་སྐུ་ཕྲེང་གཉིས་པས་ན་ནིང་ཟླ4པར་ཁོང་གི་སྐུ་ཟླ་ཧྥེ་ལི་ཕུའུ་ཆིན་ཝང་ཚེ་ལས་འདས་རྗེས་ཡོངས་སྒྲོག་གི་བྱེད་སྒོ་མངོན་གསལ་གྱིས་ཇེ་ཉུང་དུ་བཏང་བ་དང་། ན་ནིང་ཟླ10པར་སྨན་ཁང་དུ་བསྡད་ནས་བརྟག་དཔྱད་བྱས་རྗེས་གཞུང་དོན་གྱི་བྱེད་སྒོ་མང་པོ་ཞིག་མེད་པར་བཟོས་པའམ་ཡང་ན་ནར་འགྱངས་བྱས་ཡོད། ད་ལོའི་ཟླ2པར་ཁོ་མོར་པྲོག་གསར་ནད་དུག་འགོས་པ་རེད། ཟླ6པའི་ཟླ་སྟོད་དུ་དབྱིན་ཇིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ་ཁྲིར་བཀོད་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཁོ་མོའི་གཟུགས་པོ་བདེ་ཐང་མེད་པའི་དབང་གིས་གཞུང་ཕྱོགས་ཀྱི་བྱེད་སྒོ་ཁག་གཅིག་ལ་ཞུགས་ཐུབ་མེད། ཟླ་འདིའི་ཚེས6ཉིན་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པས་པའར་མོ་ལེའར་མཁར་དུ་ཐེ་ལཱ་སི་དབུ་བཞུགས་བློན་ཆེན་གསར་པར་བསྐོ་གཞག་བྱས་པ་རེད། རྒྱལ་རྒྱུད་ཚང་གིས་ཉིན་གཉིས་པར་རྒྱལ་མོས་དབུས་གཞུང་ལས་ཁུངས་ཀྱི་གྲོས་ཚོགས་ཤིག་ཕྱིར་འགྱངས་བྱས་པ་ཁྱབ་བསྒྲགས་བྱས།
རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ1926ལོའི་ཟླ4པར་སྐྱེས་ཤིང་། 1952ལོར་རྒྱལ་རྒྱུད་བཟུང་བ་དང་། དེ་ནི་དབྱིན་ཇིའི་ལོ་རྒྱུས་ཐོག་གི་སྲིད་བཞུགས་དུས་ཡུན་རིང་ཤོས་ཀྱི་རྒྱལ་པོ་ཞིག་རེད། དབྱིན་ཇིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིས་དུས་ཡུན་ཉིན10རིང་རྒྱལ་ཡོངས་སུ་མྱ་ངན་ཞུ་རྒྱུ་རེད། །
འབྲེལ་ཡོད་འོས་སྦྱོར།