ཐུར་ཁེའི་གནའ་བོའི་བཙན་རྫོང་ཞིག་ས་ཡོམ་ཁྲོད་བརླགས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-02-13
ཀློག་གྲངས།:
ཐུར་ཁེའི་ཤར་ལྷོའི་རྒྱུད་ཀྱི་ཅ་ཅི་ཨན་ཐེ་ཕུ་མངའ་སྡེའི་ལོ་ངོ་ཉིས་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་བོའི་བཙན་རྫོང་ཞིག་སྤྱི་ཚེས6ཉིན་གྱི་ས་ཡོམ་ཆེན་པོའི་ཁྲོད་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་རེད།
ཐུར་ཁེའི་ཨ་ན་ཏོ་ལུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཅ་ཅི་ཨན་ཐེ་ཕུ་གནའ་བོའི་བཙན་རྫོང་ནི་ཧྲ་ཞིན་པེ་དབྱི་ས་ཁུལ་དུ་གནས་ཤིང་། བཙན་རྫོང་གི་ཤར་ངོས་དང་ལྷོ་ངོས། ཤར་ལྷོའི་ངོས་བཅས་ས་ཡོམ་ཁྲོད་བརྡིབས་པ་དང་། གནའ་བོའི་བཙན་རྫོང་གི་རི་གཤམ་ལམ་ངོས་སུ་གྱང་རོ་བརྩེགས་རོ་ཟག་ཡོད།
གནས་ཚུལ་སྤེལ་བར་གཞིགས་ན། བཙན་རྫོང་གི་མཐའ་བསྐོར་བའི་ལྕགས་རི་ཡང་ས་ཡོམ་ཁྲོད་བརླགས་ཏེ་མི་བགྲོད་གཞུང་ལམ་ཐོག་ཐར་ཐོར་དུ་ལྷུངས་ཡོད་པ་དང་། བཙན་རྫོང་འགྲམ་གྱི་ས་འགོག་རྩིག་པ་ཡང་འགྱེལ་ཡོད། མཁར་རྫོང་གི་ཆ་ཤས་ལ་ལར་གས་སྲུབས་ཆེན་པོ་ཤོར་ཡོད་པ་རེད།
གནའ་དཔྱད་ཞིབ་འཇུག་ལྟར་ན། ཅ་ཅི་ཨན་ཐེ་ཕུ་གནའ་བོའི་བཙན་རྫོང་ནི་སྤྱི་ལོ་དུས་རབས2པ་ནས3པའི་བར་སྐྲུན་འགོ་ཚུགས་པ་དང་། ཆེས་ཐོག་མའི་དུས་སུ་རྒྱང་སོ་སྟེགས་བུར་སྤྱད་པ་དང་། རྗེས་སུ་རྒྱས་སྐྲུན་ཐེངས་མང་པོ་བྱས། ད་ལྟའི་བཙན་རྫོང་དེ་ནི་སྤྱི་ལོ་དུས་རབས6པའི་དུས་དཀྱིལ་གྱི་རོ་མ་ཤར་མའི་བཙན་དབང་རྒྱལ་ཁབ་སྟེ། པའེ་ཀྲན་ཐིང་བཙན་དབང་རྒྱལ་ཁབ་ཀྱི་རྒྱལ་པོ་ཁྲ་ཧྲི་ཏིན་ཉི་སྐུ་ཕྲེང་དང་པོས་དབང་བསྒྱུར་བྱེད་པའི་སྐབས་སུ་བཞེངས་གྲུབ་པ་རེད།
ཅ་ཅི་ཨན་ཐེ་ཕུ་གནའ་བོའི་བཙན་རྫོང་ནི་ཐུར་ཁེའི་བཙན་རྫོང་འཛུགས་སྐྲུན་གྱི་དཔེ་མཚོན་ཞིག་ཡིན་ལ། རྒྱལ་ཁབ་དེའི་མིང་གྲགས་ཆེ་བའི་ལོ་རྒྱུས་རིག་གནས་རྗེས་ཤུལ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་ལེགས་ཤོས་ཀྱང་ཡིན།
ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཅ་ཅི་ཨན་ཐེ་ཕུ་གནའ་བོའི་བཙན་རྫོང་གི་ཉེ་འགྲམ་གྱི་དུས་རབས17པར་བསྐྲུན་པའི་གནའ་བོའི་དབྱི་སི་ལམ་ཆོས་ཁང་ཞིག་ལ་ཡང་ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་སྟེ། གནམ་ཐོག་དང་ཤར་ངོས་ཀྱི་རྩིག་པའི་ཆ་ཤས་བརྡིབས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།