༄༅། །«གསོ་རིག་རྒྱུད་བཞི»འཛམ་གླིང་གི་མིང་ཐོ་འདིར་ཚུད་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-25
ཀློག་གྲངས།:
ཉེ་ཆར་ཧྥ་རན་སི་རྒྱལ་ཁབ་ཀྱི་པཱ་ལེར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུད་ཀྱི་ཚོགས་འདུ་སྐབས216སྟེང«འཛམ་གླིང་དྲན་ཤེས(རྒྱལ་སྤྱི)མིང་གཞུང»ནང་གསར་དུ་བདམས་ཐོན་བྱུང་བའི་མིང་ཐོའི་ནང་། རང་རྒྱལ་གྱི་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་རྩ་འཛུགས་ཀྱིས་སྙན་ཞུ་བྱས་པའི་གསོ་རིག་གི་བསྟན་བཅོས«རྒྱུད་བཞི»དང་། «ཨོ་མོན་གྱི་ཀུན་བདེ་གླིང་དགོན་པའི་ཡིག་ཚགས་དང་ཡིག་ཚང་ལག་བྲིས་མ(1645ལོ་ནས1980ལོའི་བར)»གཉིས་ཐེངས་འདིའི་འཛམ་གླིང་གི་དྲན་ཐོར་ཚུད་ཡོད་པ་ཁྱབ་བསྒྲགས་བྱས།
མིག་སྔར་པར་གཞི་རིགས་ལྔ་ཡོད་པའི་དཔལ་ལྡན་རྒྱུད་བཞི་ནི་ད་ལྟ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ཉར་ཚགས་བྱས་ཡོད། དེ་ནི་དུས་རབས8པ་ནས12པའི་བར་དུ་བོད་ཀྱི་གསོ་བ་རིག་པའི་ཆེས་ཚད་ལྡན་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་གསུང་རྩོམ་གལ་ཆེན་ཞིག་ཡིན་ལ། ཡིག་ཚང་དེས་བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ཁྱོན་ཡོངས་ནས་མཚོན་ཡོད་ལ། མདོ་དབུས་མཐོ་སྒང་དང་ཧི་མ་ལ་ཡ། སོག་ཡུལ་དུ་བོད་ལུགས་གསོ་རིག་ཁྱབ་སྤེལ་གྱི་འཕེལ་རྒྱས་ལ་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ཡོད། དེ་བཞིན་དུ་སྐབས་དེའི་བོད་ཀྱི་གསོ་རིག་དང་སྨན་བཅོས་ཀྱི་ཆུ་ཚད་མཚོན་ཐུབ་པར་མ་ཟད། བོད་ཀྱི་སྔ་དུས་ཀྱི་མི་ཆོས་ལོ་རྒྱུས་དང་། རིག་གནས་བརྗེ་རེས། མཚན་ཉིད་རིག་པའི་བསམ་བློ། སྲོལ་རྒྱུན་བཟོ་རྩལ་བཅས་གཅིག་བསྡུས་ཀྱིས་མངོན་པ་ཞིག་ཀྱང་ཡིན། ཐེངས་འདིའི་སྙན་ཞུར་ཕུལ་བའི་པར་མ་ནི་སྤྱི་ལོ1546ལོའི་གྲྭ་ཐང་ཤིང་པར་མ་དང་། 1640ལོའི་རྟག་བརྟན་ཕུན་ཚོགས་གླིང་གི་ཤིང་པར་མ། 1662ལོར་དགའ་ལྡན་ཕུན་ཚོགས་གླིང་གི་ཤིང་པར་མ། 1892ལོའི་ལྕགས་པོ་རིའི་ཤིང་པར་མ། 1942ལོའི་གསེར་བྲིས་མ་བཅས་དུས་སྐབས་མི་འདྲ་བར་བྱུང་བའི་པར་གཞི་ཁག་ཞིབ་བསྡུར་དང་གཏན་འབེབས་བྱས་ཏེ་གྲུབ་པ་ཞིག་ཡིན། གཞན་ཡང«གསོ་རིག་རྒྱུད་བཞི»ལ2018ལོར«འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མིང་ཐོར»དུ་ཚུད་པ་རེད།
གྲྭ་ཐང་ཤིང་པར་མ།
དགའ་ལྡན་ཕུན་ཚོགས་གླིང་པར་མ།
ལྕགས་པོ་རིའི་པར་མ།
1942ལོའི་གསེར་བྲིས་མ།
འབྲེལ་ཡོད་འོས་སྦྱོར།