ཨུ་རུ་སུར་བོད་ཀྱི་རིག་གནས་སྐོར་གྱི་བྱེད་སྒོ་འདི་འདྲ་ཞིག་གཉེར་བ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-10-01
ཀློག་གྲངས།:
ཟླ་མཆོད་དུས་ཆེན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གལ་ཆེན་ཞིག་ཡིན་ཞིང་། དུས་ཆེན་དེར་མིའི་རིགས་ཀྱིས་མཉམ་འཛོམས་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་འདུས་ཡོད་པས། རྒྱལ་ཁབ་དེ་བས་མང་བའི་མང་ཚོགས་ཀྱིས་དོ་ཁུར་དང་དགའ་པོ་བྱེད་ཀྱི་ཡོད། 2023ལོའི་ཟླ9པའི་ཚེས27ཉིན། མོ་སི་ཁོའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་ཟླ་མཆོད་དུས་ཆེན་ལ་རོལ་བའི་སྐབས་ཀྱི་བོད་ཀྱི་རིག་གནས་གཟའ་འཁོར་ཞེས་པའི་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། མོ་སི་ཁོའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཉེར་འགན་ཁུར་བ་ཞིག་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་དང་། མོ་སི་ཁོ་མངའ་སྡེ་ཡི་འགོ་འཛིན་གཞོན་པ་ཧྥེ་ལི་མོ་ནོ་ཧྥུ། ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ས་ན་ཁོ་ཡེ་ཧྥུ། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་ལས་བྱ་ཧྥེང་ལི་ཐའོ། ཨུ་རུ་སུའི་རྒྱལ་ཚོགས་གྲོས་ཚོགས་སྨད་པའི་གྲོས་མི། ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུའུ། མོ་སི་ཁོ་གྲོང་ཁྱེར་སྲིད་གཞུང་། ཀྲུང་གོ་དང་ཨུ་རུ་སུའི་སྨྱན་སྦྱོར་བཅས་ཀྱི་འཐུས་མི། དེ་བཞིན་ཨུ་རུ་སུའི་མཛའ་གྲོགས་མི་སྣ་སོགས་མི200ལྷག་ཙམ་མཉམ་དུ་འཛོམས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་ཟླ་མཆོད་དུས་ཆེན་རོལ་ཡོད་པ་རེད།
བྱེད་སྒོའི་ཡུལ་དངོས་སུ་ཐང་ག་སྤུས་དག་འགྲེམས་སྟོན་དང་། ཐང་གའི་སློབ་དཔོན་འཛིན་གྲྭ། བོད་རིགས་རིག་རྩལ་འཁྲབ་སྟོན། བྱ་དགའ་སྤྲོད་པ་སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། བོད་རིགས་ཀྱི་ཐང་གའི་བརྩམས་ཆོས་སྤུས་ལེགས་དང་སྲོལ་རྒྱུན་གྱི་ལྷ་མོའི་སྒྱུ་རྩལ། རི་བོ་ཧི་མ་ལ་ཡའི་དགྱེས་དབྱངས་སོགས་འགྲེམས་འཁྲབ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཨུ་རུ་སུའི་ལས་རིགས་ཁག་དང་མང་ཚོགས། འཛམ་གླིང་ཡོངས་ཀྱི་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་བཟང་པོ་ཞུས་ཡོད་ལ། དཔལ་འབྱོར་དང་རིག་གནས་དར་ཞིང་རྒྱས་པ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བ། འབྱུང་ཁམས་ཁོར་ཡུག་ཇེ་ཡག་ཏུ་འགྲོ་བ། མི་དམངས་བདེ་སྐྱིད་འཚོ་བར་རོལ་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་རྣམ་པ་མངོན་པར་བྱས་ཤིང་། ཀྲུང་གོ་དང་ཨུ་རུ་སུའི་མི་ཆོས་རིག་གནས་སྤེལ་རེས་དང་དམངས་སེམས་མཉམ་འབྲེལ་ཐད་རམ་འདེགས་བྱས་ཡོད།
ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་ལས་བྱ་དང་མོ་སི་ཁོའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་ཧྥེང་ལི་ཐའོ་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས། ཀྲུང་གོ་དང་ཨུ་རུ་སུའི་བར་རི་ཆུ་འབྲེལ་ཞིང་རྒྱལ་ཁབ་གཉིས་པོའི་དབར་གྱི་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། བོད་རང་སྐྱོང་ལྗོངས་ནི་ཀྲུང་གོའི་བོད་མི་རིགས་འདུས་སྡོད་ཁུལ་གཙོ་བོ་དེ་ཡིན་པ་དང་། དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དབང་གིས་བོད་རིགས་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་གྲུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ད་ཐེངས་ཀྱི་བོད་ཀྱི་རིག་གནས་གཟའ་འཁོར་ནང་ང་ཚོས་བོད་ཀྱི་ཐང་གའི་སྒྱུ་རྩལ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གཏོད་ཐོན་རྫས། རིག་རྩལ་འཁྲབ་སྟོན་སོགས་སྣ་མང་ཕུན་སུམ་ཚོགས་པའི་རྣམ་གྲངས་འཁྱེར་ཡོད་པས། ཨུ་རུ་སུས་ཀྲུང་གོའི་བོད་ལྗོངས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་བོད་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ། ཀྲུང་ཨུའི་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད་ཅེས་གསུངས།
མོ་སི་ཁོ་མངའ་སྡེ་ཡི་འགོ་འཛིན་གཞོན་པ་ཧྥེ་ལི་མོ་ནོ་ཧྥུས། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཨུ་རུ་སུའི་མང་ཚོགས་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཐུན་མིན་ཉམས་ཆོས་ལ་རྒྱུས་ལོན་གཏིང་ཟབ་བྱུང་བ་དང་ཆབས་ཅིག བོད་ལྗོངས་ནི་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ཤེས་རྟོགས་བྱུང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་བཀྲག་མདངས་རབ་ཏུ་འཚེར་བའི་མུ་ཏིག་ལྟ་བུ་ཞིག་ཅེས་གསུངས།
ཨུ་རུ་སུའི་གྲོས་ཚོགས་སྨད་པའི་གྲོས་མི་ཧྥེ་ལ་ཏོ་ཝས། མིག་སྔར་ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་རིག་གནས་སྤེལ་རེས་འཁྲུག་ཆ་ཧ་ཅང་ཆེ་ཞིང་། སྔར་སླེབས་མྱོང་མེད་པའི་ཆུ་ཚད་མཐོ་པོར་སླེབས་ཡོད། ཨུ་རུ་སུ་བས་བོད་ལྗོངས་ནི་བྱིས་སྒྲུང་ནང་གི་འཇིག་རྟེན་ལྟར་ངོ་མཚར་གྱིས་ཕྱུག་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་རིག་གནས་གཟའ་འཁོར་འདི་བརྒྱུད་ཨུ་རུ་སུ་བར་བྱིས་སྒྲུང་གི་འཇིག་རྟེན་དེར་དངོས་སུ་སླེབས་པ་ལྟ་བུའི་ཚོར་སྣང་ཡོང་རྒྱུ་ཡིན་ཞིང་། བོད་ལྗོངས་ལ་རྒྱུས་མངའ་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་གསུངས།
ད་ཐེངས་བོད་རང་སྐྱོང་ལྗོངས་སྒྱུ་རྩལ་ཚོགས་པ་ད་དུང་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ74འཁོར་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་དང་། ཨུ་རུ་སུའི་རྒྱལ་ཁབ་གྲོས་ཚོགས་སྨད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ74འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ74འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པ་དང་འབྲེལ་ཡིད་དབང་འཕྲོག་པའི་འཁྲབ་སྟོན་སྤྱན་འབུལ་ཞུས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།