མགུར་དབྱངས་རྨ་བྱ་དགའ་བའི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ།།
རྩོམ་པ་པོ།:ཁྲི་ཆེན་འཇམ་དབྱངས་ཐུབ་བསྟན་རྒྱ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-06-15
ཀློག་གྲངས།:
མགུར་དབྱངས་རྨ་བྱ་དགའ་བའི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ།།
ཁྲི་ཆེན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་མཆོག
སྙིང་ནས་བློ་ཕུགས་གཏད་ན་བསླུ་མེད་ཀྱི་བླ་མ།།
སྙིང་ག་ཆོས་ཀྱི་འཁོར་ལོའི་དགའ་ཚལ་དུ་བཞུགས་ཏེ།།
སྙིང་ནས་ཐར་འདོད་སྐལ་བཟང་གདུལ་བྱ་ཡི་ཚོགས་ལ།།
སྙིང་བོ་སྒོམ་སྒྲུབ་ནུས་པའི་བྱིན་རླབས་རེ་སྩོལ་ཅིག།
སྣ་ཚོགས་མདངས་ཀྱིས་མཛེས་པའི་མེ་ཏོག་གི་ཚལ་ན།།
བུང་བ་གཞོན་ནུས་གླུ་དབྱངས་དར་དིར་དུ་སྒྲོག་ཀྱང་།།
ནམ་ཟླ་སྟོན་མཇུག་ཁ་བས་དབང་མེད་དུ་གུམ་ནས།།
བསགས་པའི་སྦྲང་རྩི་གཞན་གྱིས་འཁྱེར་བ་དེ་མཐོང་ངམ།།
བཻཌཱུར་མདངས་ཀྱིས་མཛེས་པའི་དགུང་སྔོན་གྱི་དབྱིངས་སུ།།
འདབ་ཆགས་ཐང་དཀར་རྒོད་ཀྱིས་གཤོག་རྩལ་རེ་སྦྱོང་ཡང་།།
འཆོར་མེད་མེ་མདའི་འཕྲུལ་གྱིས་དབང་མེད་དུ་བསད་ནས།།
མཆུ་སྡེར་རྒོད་སྒྲོ་གཞན་གྱིས་ཁྱེར་བ་དེ་མཐོང་ངམ།།
མཁའ་ལ་ཆགས་པའི་ལྷོ་སྤྲིན་སྨུག་པོ་ཡི་ཀློང་ནས།།
ཡིད་འོང་ཆར་གྱི་རྒྱུན་བཟང་ཟིམ་ཟིམ་དུ་འབབ་ཀྱང་།།
རླུང་ནག་འཚུབ་མའི་རྐྱེན་གྱིས་ཕྱོགས་བཅུ་རུ་འཐོར་ནས།།
འདོད་ལྡན་ཞིང་བ་ཡི་མུག་བྱེད་པ་དེ་མཐོང་ངམ།།
རྦ་རླབས་གཡས་སུ་འཁྱིལ་བའི་མཚོ་ཆེན་གྱི་ཀློང་ན།།
གསེར་བྱ་ངང་བ་སེར་པོ་འཕུར་ལྡིང་གིས་རྩེ་ཡང་།།
འཆོར་མེད་རྙི་ཐག་ཁྲ་བོས་གློ་བུར་དུ་བཟུང་ནས།།
ཉམ་ཐག་སྡིག་སྐད་ལྷང་ལྷང་སྒྲོགས་པ་དེ་མཐོང་ངམ།།
ལྷོ་ཁ་ཤིང་ནགས་འཐུག་པོའི་ཡང་རྫོང་ན་འཕྱོ་བའི།།
རྒྱ་སྟག་དམར་པོས་འཇིགས་པའི་ངར་སྐད་རེ་སྒྲོག་ཀྱང་།།
དོག་མོའི་འཕྲང་ལ་འགྲིམ་ཚེ་ས་མདའ་ཡིས་བསྣུན་ཏེ།།
སྟག་ལྤགས་གཞན་གྱིས་གོས་སུ་བྱེད་པ་དེ་མཐོང་ངམ།།
ཡར་སྟོད་རྫ་རི་སྨུག་པོའི་རི་ཟུར་ན་འགྱིང་བའི།།
བྱང་ཁའི་འབྲོང་གཡག་རྭ་རྣོན་ངར་ཟིང་གིས་རྒྱུག་ཀྱང་།།
སྡིག་ཅན་ལིང་བའི་མེ་མདས་དབང་མེད་དུ་བསད་ནས།།
ཤ་ཁྲག་གཞན་གྱིས་སྟོན་མོར་འགྱེད་པ་དེ་མཐོང་ངམ།།
བྱང་སྟོང་འཇག་སྐྱ་འཕྱུར་བའི་ཐང་ཡངས་ན་རྒྱུ་བའི།།
ཤྭ་རྐྱང་མ་བུས་བང་རྩལ་སྣ་ཚོགས་ཤིག་བྱེད་ཀྱང་།།
རྔོན་པ་ཁྱི་ཁྲིད་སླེབ་ཚེ་དབང་མེད་དུ་བསད་ནས།།
འཕངས་བའི་ཤ་ཁྲག་གཞན་གྱིས་སྤྱོད་པ་དེ་མཐོང་ངམ།།
དགོན་གྲོང་དུ་མར་བག་ཕེབས་ཉམས་དགའ་རུ་སྡོད་པའི།།
བཟའ་མི་གཉེན་བཤེས་རྒྱུ་ནོར་འཚོལ་སྒྲུབ་ལ་འབད་ཀྱང་།།
གཤིན་རྗེའི་ཕོ་ཉ་སླེབ་ཚེ་དབང་མེད་དུ་ཁྲིད་ནས།།
བསགས་པའི་ནོར་རྫས་གཞན་གྱིས་ཁྱེར་བ་དེ་མཐོང་ངམ།།
གྲྭ་ཚང་སྒྲུབ་སྡེའི་དགོན་ན་ཡིད་མཐུན་གྱིས་འཁོད་པའི།།
མཉམ་འགྲོགས་བླ་སློབ་ཆོས་སྲིད་དགའ་སྟོན་ལ་སྤྱོད་ཀྱང་།།
ལས་ཀྱི་དབང་གིས་སྟོད་སྨད་སོ་སོ་རུ་གྱེས་པས།།
སྣང་ཚུལ་འདི་ལ་བསམ་ཚེ་དབང་མེད་དུ་སྐྱོ་བ།།
ཤ་ཁྲག་ལང་ཚོ་དར་བའི་གཞོན་དུས་ནི་ཡོལ་སོང་།།
སྐྲ་དཀར་གཉེར་སོགས་རྒས་པའི་མཚན་མ་དེ་སླེབ་བྱུང་།།
ལྔ་བཅུ་ཁ་རལ་དུས་ཀྱི་མི་ཚེ་ནི་ཚར་སོང་།།
ཕྱི་མའི་དོན་ཆེན་སྒོམ་སྒྲུབ་བྱེད་རན་ནི་འདུག་གོ།
དྲིན་གྱིས་བསྐྱངས་པའི་ཕ་མ་ལྔ་ལམ་དུ་བཞུད་ཐལ།།
མཚན་ལྡན་བླ་མ་ཕལ་ཆེར་དག་ཞིང་ལ་ཕེབས་སོང་།།
གཤིན་རྗེའི་ཟ་རེས་སུ་ལ་འབབ་པ་རང་མི་ཤེས།།
སྙིང་བོ་ཡིག་དྲུག་བཟླ་ལ་འབད་པ་ནི་རན་འདུག།
ཤེས་རབ་མེད་པའི་སློབ་སྦྱོང་ཐན་དུས་ཀྱི་སྤྲིན་ཕུང་།།
ཕན་པ་མེད་པའི་འཆད་ཉན་ཆུ་ཤིང་གི་སྡོང་བོ།།
ཟིན་པ་མེད་པའི་བྱ་བྱེད་ཆུ་གཉེར་གྱི་རི་མོ།།
ཅམ་གྱིས་ཞོག་ལ་ལྷ་ཆོས་སྒོམ་སྒྲུབ་ལ་འབུངས་ཤིག།
རྣམ་གཡེང་ངང་ནས་མི་ཚེ་དོན་མེད་དུ་གཏོང་བཞིན།།
མི་རྟག་སྐྱོ་མགུར་འཐེན་པ་འཐད་རྒྱུ་རང་མེད་མོད།།
སྦས་ཡུལ་ནགས་ཚལ་ཉམས་དགར་སྒོམ་སྒྲུབ་ལ་གཞོལ་ཚེ།།
རང་གཉིད་དགེ་ལ་བསྐུལ་ཆེད་ཐོགས་མེད་དུ་སྨྲས་སོ།།
ཁྲི་ཆེན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ལྕགས་ཁྱི་ལོའི་ཧོར་ཟླ་ལྔ་བའི་ཚེས་ཉེར་ལྔའི་ཉིན་བྲིས་པ་ཛཡནྟུ།།
འབྲེལ་ཡོད་འོས་སྦྱོར།