བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པས་རྫུན་སྤངས་པ་སྐད་ཅིག་ཀྱང་མ་བཏང་བ་མཐར་བསྐྱལ་ནས་རྒྱལ་ས་ཟིན་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-23
ཀློག་གྲངས།:
ཡང་རྒྱལ་བུས་ཤིང་སྡོང་གི་རྩར་ཕྱིན་ནས། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། ། རལ་གྲི་ངར་མ་རྡོ་ཆོད་ཡིན། ། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། ། མར་ཟན་ཟོས་པས་འཛད་མེད་ཡིན། ། རོ་ཁོག་བབ་བམ་ཤིང་སྡོང་གཅོད། ། ཅེས་བྱས་པས་རོ་དེ་བབས་བྱུང་སྟེ་ཏོག་མས་བརྡུངས། དྲ་བའི་ནང་དུ་བརྫངས། ཞགས་པས་བསྡམས་ནས་རྒྱབ་ཏུ་ཁུར་ཡོང་བས། གོམ་པ་བདུན་ཙམ་སོང་བ་ན། རྒྱལ་བུ་རྒྱལ་བུ། ལམ་ཐག་རིང་། ཡང་ན་ནི་རྒྱལ་བུས་སྒྲུང་ཞིག་ཤོད། ཡང་ན་ངས་སྒྲུང་ཞིག་བཤད་ཀྱི་བྱས་པར། ཁྱོད་རྒྱུད་ཡོད་བསམས་ཁ་རོག་ཡོང་བས། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བཟོ་མི་འདུག ངས་སྒྲུང་ཞིག་བཤད་ཀྱི་ཉོན་ཨང་ཟེར། ལུང་པ་ཞིག་ན་རྒྱལ་པོ་ཆེན་པོ་ཞིག་ཡོད་པར་འདུག ལུང་པའི་ཕར་རྒྱབ་དེ་ན་ཡང་རྒྱལ་པོ་ཆེན་པོ་ཞིག་ཡོད་པར་འདུག ལུང་པ་ཚུར་ངོས་ཀྱི་རྒྱལ་པོ་དེ་ལ་ནང་ནོར་ཡིད་བཞིན་གྱི་ནོར་བུ་མང་པོ་ཡོད་པ་ཡིན། ཕྱི་ནོར་རྟ་དང་གླང་པོ་མང་པོ་ཡོད་པར་གདའ། རྟའི་ཁྲོད་ན་རྟ་ཕོ་མེ་ལོང་གི་རྟ་ཁྲ་བྱ་བ་ཁྱད་འཕགས་ཤིག་ཡོད་འདུག དེ་ལ་རྟ་རྫི་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པ་ཞིག་ཡོད། ནམ་ཞིག་ན་རྒྱལ་པོགཉིས་ཕན་ཚུན་སྟོན་མོ་ལ་གདན་འདྲེན་རེས་བྱས། ཚུར་ངོས་ཀྱི་རྒྱལ་པོ་དེས་ལ་ཕར་རྒྱབ་ཀྱི་རྒྱལ་པོ་གདན་དྲངས་པའི་དུས་ནོར་ལོངས་སྤྱོད་ཀྱི་གླེང་མོ་བྱེད་སྐབས། ཕར་རྒྱབ་ཀྱི་རྒྱལ་པོ་དེ་ལ་ནོར་ཁྱད་ཅན་ཅི་འདྲ་ཡོད་དྲིས་པར། ནོར་ཡ་མཚན་བསེ་རུ་མགོ་དཀར་ལ་ནང་སངས་རྒྱས་སྟོང་རྩ་བཞུགས་པ། ཕྱི་ནང་གསལ་བ་ཞིག་ཡོད་ལགས་ཞུས། ཚུར་ངོས་རྒྱལ་པོ་ལ་ནོར་ཡ་མཚན་ཅན་ཅི་ཡོད་ལགས་ཞུས་པས། རྒྱལ་པོ་ན་རེ། རྟ་མཆོག་མང་པོ་ཡོད་ཀྱང་ཁྱད་དུ་འཕགས་པ་ཞིག་ལ་རྟ་རྫི་བ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་ཟེར་བ་ཞིག་ཡོད། དེ་ནི་རྫུན་གཏན་ནས་སྤངས་ཤིང་རྫུན་བསླབ་ཀྱང་མི་ཤེས་པ་ཞིག་ཡོད་ལགས་ཞུས་པས། རྒྱལ་པོ་ན་རེ། རྫུན་གཏམ་ནས་སྤངས་ན་ཡ་མཚན་ཆེ་སྟེ། རྒྱལ་བཞག་ན་རྒྱལ་འཆོར་ལས་ཆེ་ཞུས་པར། རྒྱལ་བཞག་པས་ཆོག་ལགས་ཟེར་ནས། རྒྱལ་ལ་རྒྱལ་སྲིད་ཀྱི་ཕྱེད་རེ་འཇོག་རྒྱུ་བྱས། བུ་རིག་པའི་ཁྱེའུ་ཆུང་གིས་རྫུན་བཤད་ན་ཚུར་ངོས་ཀྱི་རྒྱལ་གཞིས་ཕྱེད་ཕར་སྤྲད་རྒྱུ་དང་། རྫུན་མ་བཤད་ན་ཚུར་རྒྱལ་གཞིས་ཕྱེད་སྤྲད་རྒྱུར་ཐག་བཅད། བུ་རིག་པའི་ཁྱེའུ་ཆུང་ལ་རྒྱལ་པོས་བྱ་མི་སྐྱེལ་བའི་མནའ་བཀག དེ་ནས་ལུང་པ་ཕར་ངོས་ཀྱི་རྒྱལ་པོ་ཆེན་པོ་དེས་སྲས་མོ་ཞིག་ཡོད་པ་དེར་ཟས་ཞིམ་ལ་མངར་བ་བསྐུར་ནས་བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པ་དེ་བསླུ་བར་བཏང་། བུ་མོ་དེ་ལུང་པའི་ཕུ་ནས་བུ་རིག་པའི་ཁྱེའུ་ཆུང་རྩད་གཅོད་ཅིང་ཡོང་བས་རྩད་ཆོད། དེས་བུ་རེག་པའི་ཁྱེའུ་ཆུང་། ང་དོ་དགོང་ས་ཕྱིས་ནས་གཞན་དུ་ལམ་མ་བགྲོད་པས་རྟ་དཔོན་པས་ཞག་ས་ཐུགས་ལ་མངའ་བར་ཞུ་བྱས་པས། བུ་རིག་པའི་ཁྱེའུ་ཆུང་གི་བསམ་པར་གཡོག་ཚོ་ཡང་གཞན་ན་ཡོད་པས་གཡོག་བྱེག་མཁན་མེད་བསམས་ནས་ཁོ་ཅུང་འཚེར་ཏེ། འདིར་ཞག་སར་སྡོད་པ་ལ་ཁྱོད་ལ་གཡོག་བྱེད་མཁན་མེད། ཁྱོད་རང་ལ་འདི་ཕར་རྒྱབ་ན་རྟ་གླང་འཚོ་མཁན་མང་པོ་ཡོད་པས་དེར་ཕྱིན་ན་དགའ་བྱས་པས། མོ་ན་རེ། དོ་ནུབ་ཕར་ཕྱིན་ན་སླེབས་པ་མི་འདུག དོ་ནུབ་ང་ལ་ཞག་ས་ཅི་ནས་ཐུགས་ལ་འདོགས་པར་ཞུ་བྱས་པར། ང་རང་གཅིག་པུ་ལས་མེད། ད་ཤོག་ཟེར་ཞག་ས་བཏང་ངོ་། དེའི་ནུབ་མོ་དེར་བསྡད། དེའི་སང་ནུབ་ཀྱང་བུ་མོ་དེར་ཐོགས་ཏེ་བུ་མོ་དང་རིག་པའི་ཁྱེའུ་ཆུང་གཉིས་ལུས་འབྲེལ་བྱུང་བ་ཡིན་པར་འདུག དེ་ནས་བུ་མོ་ཞག་འགའ་ཤས་བསྡད་རྗེས་བུ་མོ་དེས་ནམ་ཞིག་ང་ན་ང་ཚ་ཟེར་འགྲམ་པ་གཡས་སུ་བཙག་བཅུག་གཡོན་དུ་རམ་བཅུག་ལུད་པ་སྔོ་དམར་ཤིག་གི་བར་ན་རྫུ་བཏབ་ནས་བསྡད། ཁོ་བློ་ཀྱོག་སྟེ་ཁོས་བུ་མོ་ཁྱོད་ཀྱི་ནད་ཅི་འདྲ་ཡིན་པ་འདུག བུ་མོས་ན་བ་ལ་ཙད་ལས་འདས་པ་འདུག་བྱས་པ་དང་། སྔར་གྱི་ནད་རོ་ལངས་པ་མིན་ནམ་བྱས་པས། ནད་གཞིའི་རིགས་གང་ཡང་མེད་ཟེར། ད་ན་བ་ལ་གང་གིས་ཕན་བྱས་པས། ཕན་པ་ཡོད་དེ་ཁྱོད་ཀྱི་མཛད་དོགས་མེད་ཟེར། ཁོ་ན་རེ། བུ་མོ་ལ་ཕན་པའི་ཐབས་འདུག་ན་ལོས་བྱེད་བྱས་པ་དང་། ང་ན་བ་ལ་རྟ་ཕོ་མེ་ལོང་གི་རྟ་ཁྲ་འདི་བསད་ནས་ཤ་བྱིན་ན་ཕན་པར་འདུག་བྱས་པས། བུ་རིག་པའི་ཁྲེའུ་ཆུང་གི་སྨྲས་པ། བུ་མོ། ཐབས་གཞན་ཡོད་དམ། རྟ་ཕོ་མེ་ལོང་གི་རྟ་ཁྲ་འདི་ངེད་རང་གི་མངའ་འོག་ན་ཡིད་བཞིན་གྱི་ནོར་བུ་རེད། ངེད་ཀྱི་རྒྱལ་པོ་ལ་འདི་ལས་ལྷག་པའི་ནོར་བུ་མེད་བྱས་པས། བུ་མོས་ཐབས་གཞན་མེད། བུ་མོ་འཆི་བ་འདུག་ཀྱང་འཆི་ཆུག་མཛོད་བྱས་པར། བུ་རིག་པའི་ཁྱེའུ་ཆུང་གི་བསམས་པ་ལ། བུ་མོ་འདི་འདྲ་ཤི་ན་རོ་བདག་ག་ནས་ཡོང་མི་ཤེས་པས་རྟ་ཕངས་ཀྱང་གསོད་དོགས་པ་ཨེ་ཡིན་བསམས་ནས། བུ་མོ་ན་བ་ཅི་འདྲ་འདུག་བྱས་པར། ན་བ་ལས་འཆི་བ་འདུག་ཟེར། ཁོའི་བསམ་པ་ལ། བུ་མོ་ཤི་ན་སྔོ་ལོ་འཕྱར་བསམས་ནས་ལག་གཡོན་དུ་ཟན་ཆང་ཞིག་ཁུར། གཡས་སུ་སྟ་རེ་ཁུར། རྟ་ཕོ་མེ་ལོང་གི་རྟ་ཁྲའི་རྩར་ཕྱིན་ནས་རྟ་ཕོ་མེ་ལོང་གི་རྟ་ཁྲ་ཤོག་བྱས་པ་དང་། རྟ་ཕོ་མེ་ལོང་གི་ཅང་ཤེས་པས། ཁོ་ཡིས་དོན་དེ་མ་འགྲུབ་ན། རྒྱལ་པོའི་རྒྱལ་གཞིས་མི་ཐོབ་པའི་ཁར་ཕྱེད་ཕར་ཤོར་བ་འདུག་བསམས་ནས་སྔར་ལས་མགོ་འཕང་དམའ་བ་ཞིག་བྱས་བྱུང་། དེར་ཟན་ཆང་བྱིན། རྟ་ཕོ་ལ་སྟ་རེ་རྒྱག་པ་མ་ནུས་པར་སྤྲུག་སྤྲུག་ཅིག་བཏང་ནས་ལོག་བཏང་ངོ་། དེ་ནས་བུ་མོ་དེའི་རྩར་ཕྱིན་པ་དང་། མོ་ཁ་ས་ནས་སྟོ་མ་ཟོས་པ་དང་། སྐོམ་མ་འཐུང་བའི་སྟབས་ཀྱིས་ཁ་སྣ་སྐམ་ཞིང་དྲེག་པ་ཆགས། ཡ་ཁུང་བརྡིབས། མིག་ཀྱང་གཏིང་དུ་ལྷུང་འདུག་པ་དང་། ཁོ་ཞེད་ནས་མི་ཕོད་ཀྱང་རྟ་གསོད་དུ་འགྲོ་བསམས་ནས་ཡང་ཟན་ཆང་ཞིག་དང་སྟ་རེ་ལག་ཏུ་ཁྱེར་ནས་ཕྱིན་ནོ། རྟ་དེའི་རྩར་སླེབས་འཕྲལ་རྟ་ཕ་དེ་ལ་ཤོག་ཤོག་བྱས་པ་དང་། རྟ་ཕོ་དེ་ཚུར་ཡོང་བ་མཐོང་ནས་ཁོ་མཆི་མ་ཤོར་རོ། ཁོས་སྨྲས་པ། རྟ་ཕོ་ཁྱོད་ལ་རྟ་རྫི་ང་འདྲ་ཞིག་ཡོང་བ། ཁྱོད་བསད་ན་ང་ཅི་འདྲ་བྱེད། ཁྱོད་ནི་རྒྱལ་པོའི་ཕྱི་ནོར་དྲག་ཤོས་ཡིན། ཁྱོད་མ་བསད་ན་བུ་མོ་འདི་འཆི་བ་འདུག་གང་འདྲ་བྱས་ན་དྲག་ཟེར་ངུས་པ་དང་། རྟ་ཕོ་དེ་ཁོའི་རྩར་ཡོང་ནས་བཅུམ་སྟེ་ཉལ་སོང་བ་དང་ཁོས་དམོད་བོར་བར། རྟ་ཕོ་ཁྱོད་གསོད་ཕོད་པ་མི་འདུག ཁྱོད་སོང་ལ་རི་ཀླུང་མེད་པར་བྲོས་ནས་མི་ཟིན་པར་ཤོག ཁྱོད་བསད་ནས་རྒྱལ་པོས་བཀའ་བཀྱོན་མ་ཕོག་ཀྱང་ངས་གསོད་མི་དགོས་པར་ཁྱོད་འཆི་བར་ཤོག་བྱས་དམོད་བོར་བས། ཁོ་བསམ་པ་རྣམ་པར་དག་པ་དང་། རྟ་ཅང་ཤེས་ཡིན་པའི་སྟབས་ཀྱིས། རྟས་སྨྲས་པ། རང་རེའི་རྒོད་མ་གྲོ་མོ་འདི་ངའི་གདོང་དུ་ཕར་ཁྲིད་ཚུར་ཁྲིད་གྱིས་ཤོག་ཟེར་རོ། ཁོས་ཕྱིན་ནས་རྒོད་མ་བཟུང་སྟེ་རྟའི་རྩར་ཕར་ཁྲིད་ཚུར་ཁྲིད་ལན་གསུམ་བྱས་པས། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་མིག་ལོག་གེར་ཤི་སོང་། ཁོས་རྒོད་མ་དེ་ཕར་བཏང་། ངུ་བཞིན་ངུ་བཞིན་དུ་རྟ་དེའི་པགས་པ་བཤུས། ཁོའི་བསམ་པ་ལ་ད་རེས་མགྲོན་བསྟེན་པའི་ཉེས་པ་འདི་འདྲ་ཞིག་བྱུང་བར་རྒྱལ་པོས་ཅི་གསུང་ཡོང་ངམ་བསམས་བློ་ཤིན་ཏུ་མ་བདེ། པགས་པ་བཤུ་འཕྲོ་དེ་བཤུས་ནས་ཤ་ཁོ་རང་སྡོད་སར་ཁུར་ཕྱིན། ཤ་དེ་བཙོས་ནས་བུ་མོ་ལ་རྒྱགས་ཚད་བྱིན་པས་བུ་མོ་དེ་དྲག ཁོས་ལུང་པའི་ཕུའི་རྟ་འཚོ་མི་རྣམས་ཀྱིས་ཤེས་མ་ཤེས་བལྟ་བར་འགྲོ་རིང་ལ་བུ་མོ་དེས་མགོ་ལྤགས་རྣམས་ཁུར་ནས་ཁོ་རང་གི་རྒྱལ་སར་སོང་ནས་མི་འདུག་གོ། བུ་རིག་པའི་ཁྱེའུ་ཆུང་གི་བསམ་པ་ལ། སྐྱོན་ཆེ་བ་ནི་རྟ་མཆོག་དེ་བསད་ཚར་བའི་ཁར་བུ་མོ་དེ་ཡང་མི་འདུག རྒྱལ་པོ་ལ་གང་འདྲ་ཞུ་བསམ་སྟེ་ཕྱིང་པ་ཞིག་ཁུར་ནས་རི་སྒང་ཞིག་ཏུ་ཕྱིན། དེར་སླེབས་ནས་ངས་རྫུན་ཞིག་ཨེ་འགྲིགས་བསམས་ནས་ལ་མའི་ཐོ་ཐོ་གཅིག་བརྩིགས། ཐོ་ཐོ་དེ་ལ་ཁོ་རང་གི་ཕྱིང་པ་དེ་གཡོགས་། དེ་ལ་ཞྭ་མོ་བསྐོན་ནས་བཞག དེར་ཁོས་ཐོ་ཐོ་དེ་རྒྱལ་པོའི་ཚུལ་བྱས། སྔོན་ལ་ཁོས་ཐོ་ཐོ་ལ་ཕྱག་གསུམ་བྱས། ཡང་ཁོ་རང་གིས་ཞུ་བ་འབུལ་བའི་ཚུལ་བྱས། ཡང་ཁོས་ཐོ་ཐོ་རྩར་ཕྱིན། རྒྱལ་པོས་གསུང་བྱོན་པའི་ཚུལ་བྱས་ནས་ཁོ་རང་གི་སྨྲས་པ། འོ་བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པ་སླེབས་སམ། རྟ་ཕོ་མེ་ལོང་གི་རྟ་ཁྲ་ཁམས་བཟང་ངམ་བྱས། ཡང་ཁོས་མར་ཕྱིན་ནས་ཕྱག་བཙལ་ནས། རྟ་ཕོ་མེ་ལོང་གི་རྟ་ཁྲ་རྐུ་ལ་ཤོར་ལགས་བྱས་པས། ཐོ་ཐོ་དེ་འགྱེལ་བྱུང་སྟེ། རྫུན་བཤད་ན་མི་འགྲིག་པ་འདུག ཐབས་གཞན་ཞིག་བྱེད་བསམས་ནས་ཐོ་ཐོ་དེ་བརྩིགས། ཕྱིང་པ་དང་ཞྭ་མོ་བསྐོན། མར་ཡོང་ནས་ཕྱག་བཙལ། ཡང་ཐོ་ཐོའི་རྩར་ཕྱིན་ཏེ་རྒྱལ་པོས་གསུངས་པ་ལྟར་བྱས་ནས། འོ་བུ་རིག་པའི་ཁྱེའུ་ཆུང་ཞེས་གོང་བཞིན་བྱས། ཡང་མར་ཕྱིན་ནས་ད་གིན་བཞིན་ཞུས་པའི་མཐར། རྟ་ཕོ་མེ་ལོང་གི་རྟ་ཁྲ་འདམ་ལ་ཤོར་ནས་ཤི་སོང་ཞུས་པས་ཡང་ཐོ་ཐོ་དེ་འགྱེལ་བྱུང་བ་དང་། གང་ལྟར་རྫུན་བཤད་ན་མི་འགྲིག་པ་འདུག ད་དྲང་པོ་ཞིག་བཤད་ན་དྲག་བསམས་ནས། ཡང་ཐོ་ཐོ་བརྩིགས་སྔར་བཞིན་ཕྱོང་པ་དང་ཞྭ་མོ་བསྐོན། མར་ཕྱིན་ནས་ཕྱག་ཕུལ། ཡར་ཕྱིན་ནས་བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པ་སླེབས་སམ། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་ཁམས་བཟང་ངམ་བྱས་ནས་ཁོ་མར་ཕྱིན་ཕྱག་གཅིག་ཕུལ། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་བུ་མོ་གཅིག་གིས་མགོ་བསླུས་ནས་གསོད་དགོས་བྱུང་ལགས། མགོ་ལྤགས་རྣམས་ཀྱང་མོས་ཁྱེར་ནས་བྲོས་ལགས་བྱས་པས། ཐོ་ཐོ་དེ་མ་འགྱེལ་བར་ཙོག་གེར་བསྡད་པས་ཁོའི་བསམ་པ་ལ་རྫུན་བཤད་པ་ལས་དྲང་པོ་བཤད་པ་དགའ་བསམས་ནས་དེའི་སང་ཉིན་སྔ་མོ་རྟ་སྒ་བསྒྲོན། རྟ་རྫི་གཞན་རྣམས་ལ་རྟ་རྣམས་རྩིས་སྤྲད་དེ་ཁོ་རང་རྒྱལ་པོའི་དྲུང་དུ་ཕྱི་ནོ། རྒྱལ་པོའི་དྲུང་ན་ལ་ཕར་རྒྱབ་ཀྱི་རྒྱལ་པོ་ཐེབས་འདུག་གོ། ཁ་སང་བསླུ་བར་ཡོང་མཁན་བུ་མོ་དེ་འདྲ་བ་ཞིག་ཀྱང་སླེབས་འདུག་གོ། ཁོས་རྒྱལ་པོ་ལ་ཕྱག་ཕུལ་བ་དང་། རྒྱལ་པོ་སྔར་ལས་ཞལ་ངོ་ནག་པ་ཞིག་བྱས་ནས། བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པ་སླེབས་སམ། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་ཁམས་བཟང་ངམ་གསུངས་པ་དང་། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་བུ་མོ་ངན་པ་ཞིག་གིས་བསླུས་ནས་བསད། མགོའི་པགས་པ་ཡན་ཆོད་བཤུས་ལགས་བྱས་པས། རྒྱལ་པོ་མཉེས་ཏེ། ངའི་མི་འདིས་རྫུན་མི་ཤེས་ཟེར་ཁ་སང་ནས་ཞུས་པ་ཡིན་ཟེར་བས། གཞན་གྱི་རྒྱལ་པོ་དེའི་རྒྱལ་གཞིས་ཕྱེད་ཚུར་ལོན་ཏེ་བུ་རིག་པའི་ཁྱེའུ་ཆུང་ལ་གནང་ངོ་། དེའི་ལོ་དུས་ལ་ཁ་སང་རྟའི་གདོང་དུ་ཁྲིད་པའི་རྒོད་མ་དེ་ལ་རྟ་ཕོ་མེ་ལོང་གི་རྟ་ཁྲ་འདྲ་བ་ཞིག་སྐྱེས་ཏེ་རྟ་ཕོ་མེ་ལོང་གི་རྟ་ཁྲ་ལས་ལྷག་པ་བྱུང་ངོ་། དེར་རྒྱལ་པོ་གཞན་དེའི་རྒྱལ་གཞིས་ཀྱི་ཕྱེད་ཀ་དང་ཁ་སང་བསླུ་བར་བཏང་བའི་བུ་མོ་དེ་ཡང་བུ་རིག་པའི་ཁྱེའུ་ཆུང་ལ་གནང་ནས་རྒྱལ་པོ་དེས་ཆོས་མཛད། རྒྱལ་སྲིད་དེ་བུ་རིག་པའི་ཁྱེའུ་ཆུང་གི་བཟུང་། རྒྱལ་འབངས་རྣམས་སྔར་ལས་དར་ཞིང་རྒྱས་པ་བྱུང་འདུག་ཟེར་རོས་སྨྲས་པ་དང་། རྒྱལ་བུས་རྫུན་ཤོད་པ་ལས་དྲང་པོ་བྱས་ན་དགའ་ཟེར་བ་བདེན་པར་འདུག བུ་དེ་བསོད་ནམས་ཆེ་ཟེར་བ་ཁ་ནས་ཤོར་བས། རོ་ན་རེ། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། ལྡན་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེ་ལོག་སོང་ངོ་། རྒྱལ་བུ་བདེ་སྤྱོད་བཟང་པོའི་བསམ་པ་ལ། བླ་མའི་ཞལ་ནས་རོ་ཁོ་རང་ཅི་ཟེར་ཡང་། ཁྱོད་རང་གཏམ་ཁ་མ་ལེན་གསུངས་པ་ཡིན་ཏེ། ཁོས་སྒྱུ་མའི་མགོ་སྐོར་བཏང་བར། ང་སེམས་ཡེངས་པས་ལན། ད་གསུས་པ་ཡང་ལྟོགས། ལོག་འགྲོ་དོགས་བསམས་བྱོན་ནོ། ཤར་སྒོའི་མཚམས་རྡོ་ལ་ཡི་གེ་བསྒྲགས། མར་ཟན་གྭ་ཡུ་ཁ་སང་གི་དེ་ལས་ཆེ་བ་ཞིག་བཞག་འདུག ཡི་གེ་ཀློག་པ་དང་། རྒྱལ་བུ་བདེ་སྤྱོད་བཟང་པོ་ཁྱོད་རོ་ལ་གཏམ་ལན་རྒྱུན་དུ་བྱས། ད་རེས་བདུན་གྱི་ཚིག་ཏུ་སླེབས་པས་པུས་མོ་མན་ཆད་གསེར་དུ་མི་འགྱུར་རོ། ད་རུང་རིག་པ་མ་བསྒྲིམས་ན་རོ་དེ་སྨྲ་མཁས་ཤིང་སྒྲུང་ཤིན་ཏུ་མང་བས། ཁོས་ཅི་ཟེར་ཡང་ཁ་རོག་སྡོད་ལ་ཞེ་རུས་སྐྱེད་ཅིག་གསུང་བ་ཞིག་འདུག་སྟེ། ཁ་སང་གི་མར་ཟན་དེ་ལས་འདི་ཆེ་བ་འདུག། ཁ་སང་གི་དེས་ཀྱང་ཞག་བདུན་དང་དེ་རིང་བྲོ་ཁ་ཚུན་ཐུབ་བྱུང་། ལྟོགས་སྐོམ་གཉིས་ཀ་མ་བྱུང་། མར་ཟན་འདི་ལྟའི་བདུད་རྩི་ལྟ་བུ་འདུག་པས་ད་ང་ཞེ་རུས་བསྐྱེད་བསམ་དུར་ཁྲོས་དེར་ཕྱིན་ནོ། རོ་དེ་ཚོ་སྔར་ལས་དུམ་པ་བཅོས་ནས་མཐའི་རོ་ཕྲན་ཚོ་ལ་ལ་ཧ་ལ་ཧ་ལ་ཟེར། མགོ་བཏེགས་ཙམ་བྱེད། ལ་ལ་ཧུ་ལུ་ཧུ་ལུ་ཟེར་ལག་པ་བཏེགས་ཙམ་བྱེད་པ་དང་། ཤིང་སྡོང་ཁའི་རོ་དེས་ཀྱང་ཧ་ལ་ཧ་ལ་ཟེར་ནས་ཁ་བགྲད་དང་། མིག་ཚུམ་ཚུམ་སོ་ཐམ་ཐམ་སོགས་འཇིགས་པའི་ཆ་ལུགས་མང་པོ་བྱེད་ཀྱི་འདུག་རུང་། སེམས་རྣལ་དུ་ཕབ་པས་སྐྲག་སྣང་མ་བྱུང་ངོ་། འདི་ཡན་རྒྱལ་ས་ཟིན་པའི་ལེའུ་བདུན་ཡིན།
འབྲེལ་ཡོད་འོས་སྦྱོར།