logo

རོ་སྒྲུང་ལེའུ་དང་པོ། ཁ་མི་གྲགས་པའི་བུ་མོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-08 ཀློག་གྲངས།:
      བདེ་སྤྱོད་བཟང་པོ་སླར་ཡང་དུར་ཁྲོད་དེར་སོང་ནས་སྔར་ལྟར་ཁུར་འོངས་པ་ལ། རོ་དངོས་གྲུབ་ཅན་ན་རེ། ཝེ་ན་གཞོན། ལམ་ཐག་རིང་ཞིང་ཉི་མ་ཚ་བས། ང་ཚོས་སྒྲུང་ཞིག་བཤད་ནས་ཁམས་དྭངས་པོ་ཞིག་བྱེད་ཟེར་བ་ལ། ཁོའི་བསམ་པར་ཁྱོད་ཀྱིས་ང་ལ་མགོ་སྐོར་བཏང་ནས་འདུར་རྒྱུག་མང་པོ་བྱས། ད་ཐེངས་ཅིས་ཀྱང་ངག་མི་ཤོར་བ་བྱེད་སྙམ་ནས་གོ་ཁུལ་ཙམ་ཡང་མ་བྱས་པར་ཁུར་འོངས་པར། རོ་དངོས་གྲུབ་ཅན་ན་རེ་ཁྱོད་ཀྱིས་བཤད་མི་འདོད་ན་ངས་བཤད་ཟེར་ནས་སྒྲུང་ཞིག་བཤད།
      སྔོན་ཆད་གཙང་གི་ས་ཆ་ཞིག་ན། དཔོན་པོའི་བུ་དང་། ཕྱུག་པོའི་བུ་དང་། དབུལ་པོའི་བུ་གསུམ་སྤུན་བསྒྲིགས་ནས། ཕན་ཚུན་མཛའ་བས་ལས་དོན་ཅི་ཡོད་ན་ཡང་གྲོས་བྱས་པ་རེད། ཉིན་ཞིག་དབུལ་པོའི་བུས་ང་ཚོའི་ལུང་བ་འདིའི་ཕུ་ན། ཤིན་ཏུ་མཛེས་ཤིང་རྒྱུད་བཟང་བ། ལས་ལ་མཁས་པའི་བུ་མོ་ཞིག་ཡོད་པ་དེར། ཉིན་རེ་བཞིན་མི་མང་པོ་སོང་ནས་གཉེཔན་བསླངས་ཀྱང་། སྐད་ཆ་མི་ཤེས་པ་ལྟར་ཁ་མི་གྲག་པར་འདུག་ཅེས་རང་གི་ཐོས་པ་མཛའ་བོ་གཉིས་ལ་བཤད་པས། དེ་གཉིས་ཀ་བུ་མོ་ངོ་མཚར་ཅན་དེ་ལ་བལྟ་འགྲོ་བར་འདོད། དཔོན་པོའི་བུས་བློ་བཀོད་འཐེན་ནས་བཤད་རྒྱུར། འོ་སྐོལ་གསུམ་སུས་བུ་མོ་མཛེས་མ་དེ་བཤད་ནས་འཐད་དེ། ཆུང་མ་ལོན་ན་བཟང་བས། ངས་ཆུང་མར་ལོན་ན། ཕྱུག་པོའི་བུའི་ནོར་རྫས་ཕྱེད་ཙམ་ང་ལ་བྱིན། དབུལ་པོའི་བུ་ངའི་ཚེ་གཡོག་བྱོས། ཕྱུག་པོའི་བུས་ཆུང་མར་ལོན་ན། ངའི་ས་ཞིང་གི་ཕྱེད་ཀ་ཁོ་ལ་སྟེར། དབུལ་པོའི་བུ་ཁྱོད་ཁོའི་ཚེ་གཡོག་བྱོས། གལ་ཏེ་ངེད་གཉིས་ཀྱིས་མ་ལོན་པར། དབུལ་པོའི་བུ་ཁྱོད་སོང་ནས་ཁོ་མོ་ཆུང་མ་ལོན་ན། ངའི་ས་ཞིང་གི་ཕྱེད་ཀ་ཁྱོད་ལ་བྱིན། ཕྱུག་པོའི་བུའི་ནོར་རྫས་ཀྱི་ཕྱེད་ཙམ་ཡང་ཁྱོད་ལ་སྦྱིན་ཞེས་བཤད་པར་ཁོ་གསུམ་ཁ་འཆམ་པ་བྱུང་བས། ཚང་མས་དེ་ལྟར་བྱེད་པར་མནའ་བོར་བ་རེད།
      ཐོག་མར་དཔོན་པོའི་བུས་བློ་ཐབས་ཀྱིས་ལུང་ཕུག་ཏུ་བུ་མོ་དེ་ལ་གཉེན་སློང་དུ་སོང་། ཁོས་རྟ་པའི་དཔུང་དང་འཁོར་གཡོག་མང་པོ་ཁྲིད། རྟ་ལ་ཞོན་ནས། རིན་པོ་ཆེ་མང་པོ་ཁྱེར་ནས། བུ་མོ་ཡོད་སར་ཕྱིན། དེ་ཡང་ཁོས་ཤོམ་ར་ཇི་ལྟར་བྱས་ཀྱང་བུ་མོ་དེའི་སེམས་སྒུལ་མ་ནུས་ཤིང་བཤད་ནས་ལྕེ་ལ་ཆུ་བུར་བྱུང་རུང་། བུ་མོ་དེ་ཁ་གྲག་པར་བྱེད་མ་ཐུབ་པ་རེད། དེ་ལྟར་དཔོན་པོའི་བུས་ཉིན་འགའ་ལ་བཤད་ཀྱང་བྱ་ཐབས་མ་བྱུང་བས། ཡི་ཆད་སན་སླར་ལོག་པ་རེད།
      དེའི་འཕྲོར་ཕྱུག་པོའི་བུས་གཟབ་སྤྲས་བཏང་ནས་འཚམས་རྟགས་གྲངས་མེད་པ་ཁྱེར། བྲོ་འཁྲབ་མཁན་སྐོར་ཞིག་ཁྲིད་ནས། རི་ཕུག་དེར་ལྷུང་ལྷུང་སོང་ནས། བཤམ་རྒྱུ་ཡོད་ཚད་མདུན་དུ་བཤམས། རོལ་མོ་དཀྲོལ་རྒྱུ་ཡོད་ཚད་དཀྲོལ་ནས། བློ་བཀོད་ཡོད་ཚད་ཟད་པར་བཀོལ་ཡང་། བུ་མོ་དེའི་སེམས་སྒུལ་མ་ནུས། ཁ་ནས་ཚིག་གཅིག་ཀྱང་མ་ལོན་པས། ཞེ་ཤོར་ནས་སླར་ལོག་པ་རེད།
      མཐར་དབུལ་པོའི་བུ་དེ་ལ་གཉེན་སློང་བའི་རེས་བབས་པས། ཁོ་ལ་གཅིག་ཏུ་ཁྲ་ཁྲ་རིག་རིག་གིས་མིག་འཕྲོག་ནུས་པ་མེད། གཉིས་སུ་ཞིམ་མངར་བྱིན་ནས་ཁ་འཕྲོག་ནུས་པ་མེད། གཏམ་དཔེ་ལ་ཉིན་དཀར་འཚོ་སྐྱོང་བྱེད་དགོས་པའི་ཕྱུགས་མེད། ནུབ་མོ་ཐུན་པ་བྱེད་དགོས་པའི་ནོར་རྫས་མེད་ཟེར་བ་ལྟར་ཡིན་པས།རྩམ་པ་ཁུག་མ་གང་བཟུང་ནས་སོང་བ་རེད། ཉིན་གཅིག་སོང་ནས་བྲག་ཕུག་ཅིག་གི་འགྲམ་དུ་རྒན་མོ་ཞིག་མཐོང་། ཁོ་མོ་ལོ་ཧ་ཅང་བགྲེས་པས། སྐྲ་དུང་ལྟར་དཀར་བ། མིག་གཡུ་ལྟར་སྔོ་བ། ཁ་ན་སོ་མུ་ཏིག་ཙམ་མེད་པ་ཞིག་འདུག ཁོ་མོ་རྡོ་ཐོག་ཅིག་ལ་བསྡད། ལུས་འཁར་བ་ལ་བརྟེན་ནས་ཤུགས་རིང་འབྱིན་བཞིན་འདུག་པར། ཁོ་ན་རེ། ཨ་ཕྱི་བགྲེས་མོ་ལགས། ཁྱོད་ལ་ཅི་ཞིག་ཉེས། ངས་ཁྱོད་ལ་གོ་ཆོད་ན་རོགས་རམ་བྱས་ཆོག་ཟེར་བ་ལ། རྒན་མོས་མགོ་ཡར་བཀྱགས་ནས། གཞོན་ནུ་བསམ་པ་བཟང་པོ་ཞིག་ཡིན་པ་ལ། ང་རང་ལྟོགས་ནས་ཉམ་ཐག་པ་ཡིན། ཁྱོད་ལ་ཁ་ཟས་ཡོད་ན་ངས་ཅུང་ཟད་ཟོས་ཆོག་གམ་ཟེར་བས། ན་གཞོན་དེས་རྩམ་ཁུག་བླངས་ནས་ཁོ་མོར་བྱིན། ཁོ་མོས་རྩམ་པ་དོད་ཙམ་ཟོས་རྗེས་རྩམ་ཁུག་སླར་སྤྲད་ནས། ན་གཞོན་བསམ་བཟང་ཅན། ཁྱོད་གང་ལ་འགྲོ་བ་ཡིན་ཞེས་དྲིས་པར། ཁོ་ན་རེ་ཨ་ཕྱི་བགྲེས་མོ་ལགས། ང་རང་རི་ཕུག་འདི་ལ་གཉེན་སློང་དུ་འགྲོ་བ་ཡིན་ཞེས་ལན་བཏབ། རྒན་མོས་འོ་སུ་ཚང་གི་བུ་མོ་ཡིན་ཞེས་དྲིས། ཁ་མི་གྲག་པའི་བུ་མོ་དེ་ཡིན་ཞེས་པ་ལ། ཨ་ཙེ། དེ་ཡིན་པ་ལ། ཁོ་མོས་དཔོན་པོའི་བུ་དང་། ཕྱུག་པོའི་བུ་ལ་ཡང་ཁ་མ་གྲག་པར་འདུག ཁྱོད་སོང་ན་དོན་བྱ་འགྲུབ་བམ། ཁོ་མོས་གཅིག་ན་གོ་ས་ལ་མི་བལྟ། གཉིས་ན་ནོར་རྫས་ལ་མི་བལྟ་བས། ངོ་མ་སྙིང་ནས་བརྩེ་གདུང་ཅན་ཞིག་ལ་བསྒུགས་ཡོད་ཀྱང་སྲིད་པས། ཁྱོད་སོང་ལ་ཚོད་ལྟ་གྱིས། ཁྱོད་ཀྱི་བསམ་དོན་འགྲུབ་པར་ཤོག་ཟེར་བས་ན་གཞོན་དེ་ཡར་ལངས་ནས་ཆས་སྐབས། རྒན་མོས་སླར་ཡང་ཁོ་བོས་ནས་བཤད་རྒྱུར། ན་གཞོན་ཁྱོད་རྒྱུད་བཟང་ཞིག་ཡིན་པས། ངས་ཁྱོད་ལ་གསང་གཏམ་ཞིག་བཤད། བུ་མོ་དེས་ཉིན་རེ་བཞིན་དོན་མཚར་དགུ་ཞིག་ལ་བསམ་བློ་བཏང་སྟེ་ཧ་ཅང་སེམས་སྐྱོ་ནས། ད་གཟོད་མི་ལ་སྐད་ཆ་བཤད་མ་འདོད་པ་རེད་ཟེར། ཁོ་ན་རེ་ཁོ་མོས་དོན་མཚར་དགུ་ཅི་ཞིག་དྲན་པ་རེད་ཅེས་དྲིས་པ་ལ། རྒན་མོ་ན་རེ། ཁོ་མོས་གང་ནས་ཐོས་འོང་བ་མི་ཤེས་མོད། ཁོ་མོ་ཐོག་མ་བྱིའུ་འཇོལ་མོ་ཞིག་ཏུ་སྐྱེ་བ་བླངས་སྐབས་ཉིན་གང་ལ་སྐད་སྙན་མོ་གྲགས་ནས་རྩེད་འཇོ་བྱེད་བཞིན་ཡོད་པ་ལ། རྗེས་སུ་བྱིའུ་ཕྲུག་གསུམ་སྐྱེས་ནས་ལྷག་པར་དགའ་བཞིན་ཡོད། ཉིན་ཞིག་ཆུ་ལོག་ཆེན་པོ་བྱུང་སྟེ། ས་གཞི་ཐམས་ཅད་ཆུ་ལོག་གིས་བཀང་ནས། གཤོག་རྩལ་མ་རྒྱས་པའི་ཕྲུ་གུ་གསུམ་ཆུས་ཁུར་བར། ཁོ་མོ་དང་ཁོ་མོའི་ཁྱོ་བོ་གཉིས་ཕྲུ་གུ་སྐྱོབ་ཕྱིར་ཆུ་ལ་མཆོངས་པས། ཆུས་བསྣུབས་ནས་ཤི་སོང་། དེའི་རྗེས་བྱིའུ་མཐེ་བོང་གཅིག་ཏུ་སྐྱེ་བ་བླངས་སྐབས་སུ་ཡང་བྱིའུ་ཕྲུག་ཚང་གང་སྐྱེས། ཉིན་ཞིག་ཁོ་མོ་རྒུམ་འཐུ་རུ་སོང་ནས། ཕྱིར་སླེབས་སྐབས་ཕྱུགས་རྫི་བྱིས་པ་མ་རབས་ཤིག་གིས། མེ་རྩེད་བྱས་པས་ས་དེར་མེ་ཤོར་ནས། གཤོག་སྒྲོ་མེད་པའི་ཕྲུ་གུ་ཐམས་ཅད་བསྲེགས་པས། ཡང་ཁོ་མོ་དང་ཁྱོ་བོ་གཉིས་མེ་ལ་ལྕེབས་ནས་བསྲེགས་པས་ཤི་སོང་། དེའི་རྗེས་ཁོ་མོ་སྟག་མོ་ཞིག་ཏུ་སྐྱེ་བ་བླངས་ནས། སྟག་ཕྲུག་གཉིས་སྐྱེས། ཉིན་ཞིག་རི་དྭགས་པ་སྐོར་གཅིག་འོངས་ནས། ཁོ་མོ་མ་བུ་རྣམས་མདའ་བརྒྱབ་ནས་བསད། ད་ཐེངས་ཁོ་མོ་བུ་མོ་ཞིག་ཏུ་སྐྱེས། ཁོ་མོས་ཚེ་སྔོན་མ་རྣམས་ལ་བསམ་བློ་བཏང་ནས་གཉེན་བཟའ་ཟླ་ཐམས་ཅད་སྡུག་གི་རྒྱུ་ཡིན་སྙམ། དེའི་ཕྱིར་ཉིན་གང་ལ་སེམས་སྡུག་བྱས། མི་ལ་ཁ་མི་གྲག་པ་རེད། ཁོ་མོའི་གནས་ཚུལ་ཞིབ་མོར་བཤད་ན་དེ་འདྲ་ཡིན་ཞེས་བཤད།
      ན་གཞོན་དེས་སྐད་ཆ་ཐམས་ཅད་ཉན་ནས་རེ་རེ་བཞིན་སེམས་ལ་བཟུང་། རྒན་མོར་ཁམས་བདེ་ཞུས་ནས། རང་གཅིག་པུ་རི་ཕུག་དེར་སོང་།
      བུ་མོས་ཡང་མི་ཞིག་འོངས་པ་མཐོང་ནས། འཕྲལ་དུ་ཁང་པར་ཡིབ་ནས་སྒོ་གཏན། ན་གཞོན་གྱིས་མ་མཐོང་བ་ལྟར་བྱས་ནས། སྒོ་ཁར་འགྲེང་བསྡད་དེ་བཤད་རྒྱུར་ཨ་ཙེ། འོ་སྐོལ་གཉིས་ལས་སྐལ་སྡུག་པ་ལ་ཨང་། ང་འོང་བ་མཐོང་ནས་ཁྱོད་ཅིའི་ཕྱིར་ནང་ལ་བཀབ་བསྡད་པ་ཡིན།ཁྱོད་ཀྱིས་བརྗེད་སོང་ངམ་ཅི། ཚེ་དང་པོར་ངེད་གཉིས་བྱིའུ་འཇོལ་མོར་སྐྱེས་ནས། ཁྱོ་ཤུག་བྱས་ཏེ་དགའ་དགའ་སྐྱིད་སྐྱིད་བྱས་ནས་ཡོད་སྐབས།ཕྲུ་གུ་ཚོ་ཆུ་ལོག་གིས་ཁུར་བ་སྐྱོབ་ཕྱིར། རང་གི་སྲོག་བཏང་། དེའི་རྐྱེན་གྱིས་ངེད་གཉིས་པ་བྲལ་བྱུང་ཟེར་བ་ལ། སྐད་ཆ་དེས་བུ་མོ་འཕྲལ་དུ་སེམས་བསྒུལ་ནས། ཁོ་མོ་སེམས་ནས་ཧ་ལས་སྟབས། སྒོར་བུད་ནས་འཐག་ཆའི་རྩར་སོང་སྟེ་སྣང་བུ་འཐག་ཁུལ་བྱེད་བཞིན། རྣ་བས་ཁོའི་སྐད་ཆར་ཉན་པ་རེད། ན་གཞོན་གྱིས་སྐད་ཆ་དེ་ལ་ནུས་པ་ཡོད་པ་མཐོང་སྟེ། ཁོ་ན་རེ། ཨ་ཙེ་ཁྱོད་ཀྱིས་བརྗེད་སོང་བ་རེད་དམ། དེའི་རྗེས་རང་ཅག་གཉིས་བྱིའུ་མཐེ་བོང་གཉིས་སུ་སྐྱེས་པ་བླངས་ནས། ཚེ་གཅིག་ལ་བདེ་སྐྱིད་ཀྱིས་འདའ་བར་བསམ་པ་ལ། ཕྱུགས་རྫི་བྱིས་པ་མ་རབས་ཤིག་གིས་ཚང་ལ་མེར་བསྲེགས་པས། ང་ཚོའི་ཕྲུ་གུ་བསྲེགས། རང་ཅག་གཉིས་ཀྱང་མེར་བསྲེགས་ནས་ཤི་བས། ཡང་སྐྱིད་རྐེད་པས་ཆད་སོང་ཟེར་བར་བུ་མོས་སྣམ་བུ་འཐག་མཚམས་བཞག་སྟེ་ཉན་ནས་བསྡད། དེའི་རྗེས་རང་ཅག་གཉིས་ཀྱིས་སྟག་དང་སྟག་མོར་སྐྱེས་པ་བླངས། སྟག་ཕྲུག་གཉིས་སྐྱེས་ཡོད་དུས། རི་མགོར་རྔོན་པ་དང་ཐུག་པས། མདའ་བརྒྱབ་ནས་ཚང་མ་བསད་སོང་། སྐྱེས་པ་ད་ལྟ་ཁྱོད་འདིར་སྐྱེས། ང་རི་འདབས་ཀྱི་ཁྱིམ་དབུལ་པོ་ཞིག་ཏུ་སྐྱེས་ནས་སྡུག་བསྔལ་མྱངས། ང་འདིར་འོངས་པ་ལ། ཁྱོད་ཀྱིས་ཚེ་སྔོན་གྱི་འབྲེལ་བ་བརྗེད་ནས་ང་མཐོང་ཙམ་ཉིད་ནས་སྒོ་གཏན་ཏེ། ཚིག་ལན་ཙམ་ཡང་མི་འཇལ་བ་བསམ་པའི་དགུ་ལ་ཡང་མ་ཤར་ཞེས་ངུ་ངག་གིས་བཤད་པར། བུ་མོས་འཐག་ཤིང་བཞག་ནས་ཁོ་ལ་འཇུས་ཏེ་ངུ་ངག་གིས་བཤད་རྒྱུར། ཨ་ཁ། སྐྱེས་པ་ད་ལྟ་ཅི་བྱས་ཀྱང་རང་ཅག་གཉིས་ཁ་མ་འབྲལ། སྔོན་གོ་ས་ཅན་གྱི་དཔོན་པོ། སྟོབས་འབྱོར་ཅན་གྱི་ཕྱུག་པོ་སུ་ལ་ཡང་ངས་བརྫི་མ་ཤོར་བར། ད་བར་ཁྱོད་ལ་བསྒུགས་བསྡད་པ་ཡིན་ཟེར།
      དེ་ནས་བཟུང་ཁོ་གཉིས་བཟའ་ཟླ་བྱས། དཔོན་པོའི་བུས་ས་ཞིང་ཕྱེད་ཙམ་ཁོ་ལ་བྱིན། ཕྱུག་པོའི་བུས་ནོར་རྫས་ཕྱེད་ཙམ་ཁོ་ལ་བྱིན་པས། བདེ་སྐྱིད་ཕུན་སུམ་ཚོགས་པར་ལོངས་སྤྱོད་བཞིན་དུས་འདས་པ་ཡིན། བུ་མོས་ཀྱང་ཚེ་སྔོན་གྱི་དོན་ལ་སྡུག་བསྔལ་མ་བྱས་པ་ཡིན་ནོ།
      རྒན་མོ་དེ་སུ་ཡིན་ཁྱོད་ཀྱི་ཁེད་དང་ཞེས་པས་བདེ་སྤྱོད་བཟང་པོས། ཁོ་མོའི་སྒྱུག་མོ་ཡིན་སྲིད་ཟེར་བས་ཁ་ནས་གཏམ་ཤོར་བས། རོ་དངོས་གྲུབ་ཅན་དེ་ཕ་ལ་ཞེས་སླར་དུར་ཁྲོད་ལ་འཕུར་སོང་ངོ་།


འབྲེལ་ཡོད་འོས་སྦྱོར།