logo

མིང་ཚིག་གསར་བའི་རྩོམ་སྒྱུར་ལ་ཉེ་བར་མཁོ་བའི་བསམ་འཆར་འགའ་ཞིག

རྩོམ་པ་པོ།:ཚེ་ཏན་ཞབས་དྲུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-30 ཀློག་གྲངས།:
  1949ལོར་རྒྱལ་ཡོངས་བཅིངས་འགྲོལ་བྱས་པ་ནས་བཟུང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ་གྲངས་ཉུང་མི་རིགས་སྤྱི་དང་། ཁྱད་པར་དུ་བོད་ཀྱི་ས་ཁུལ་དུ་ཆབ་སྲིད་དང་། དཔལ་འབྱོར། ཚན་རིག་སོགས་གང་གི་ཐད་ནས་ཀྱང་མིང་ཚིག་གསར་བ་རྒྱ་ཡིག་ལས་བོད་ཡིག་ཏུ་གང་མང་བསྒྱུར་བའི་སློབ་སྦྱོང་དང་སྙན་ཞུའི་ཡིག་ཆ། གསར་འགྱུར་དང་དུས་དེབ་སྣ་ཚོགས། རིག་རྩོམ་དང་ལོ་རྒྱུས་སོགས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཕོན་ཆེར་དཔར་དུ་བཀོད་ཅིང་འགྲེམ་གཏོང་བགྲང་ལས་འདས་པ་མཛད་པའི་དབང་གིས་བོད་རིགས་ལས་བྱེད་པ་དང་། བོད་མང་ཚོགས་ལ་མིང་ཚིག་གསར་བའི་ཐ་སྙད་ཀྱིས་རིག་པའི་བློ་སྒོ་ཕྱེ་བ་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚུངས་ཟླ་མེད་པའི་ངོས་ཟིན་དབྱར་མཚོ་ལྟར་རྒྱས་པའི་གནས་ཚུལ་ཉུང་ངུའི་ཚིག་གིས་བརྗོད་པའི་ཡུལ་ལས་འདས་སོ། །
  དེ་ལྟ་ནའང་རྩོམ་སྒྱུར་བྱེད་མཁན་གྱི་དབང་དུ་བཏང་ན། ས་གནས་ཐ་དད་པའི་རྐྱེན་གྱིས་བོད་སྐད་ཀྱི་མིང་ཚིག་གསར་བསྒྱུར་ལ་གཅིག་མཐུན་མ་བྱུང་བ་དང་། རྒྱ་སྐད་ཀྱི་མིང་ཚིག་གསར་བ་རྣམས་ལ་གོ་བ་ལེན་སྟངས་མ་མཐུན་པ་དང་། ཡིག་སྒྱུར་བ་དང་སྐད་སྒྱུར་བ་སོ་སོས་རང་སྟོབས་ཀྱིས་མིང་གསར་བ་རེ་འཕྲལ་འཕྲལ་དུ་བཏགས་པ་དང་། དབུས་གཙང་དང་ཁམས་ཕྱོགས་ཨ་མདོ་སྟེ་ས་ཁུལ་ཆེན་པོ་གསུམ་དུ་ཡིག་སྐད་ལ་མི་མཐུན་པ་མེད་ན་ཡང་ཁ་སྐད་ལ་མི་མཐུན་པའི་ཁྱད་པར་ཆེ་ཆུང་ཅི་རིགས་ཡོད་པ་དེའི་འགལ་ཟླ་ལས་སླ་མོ་ཞིག་གི་སྒོ་ནས་བསལ་མི་ཐུབ་པ་བཅས་ལ་བརྟེན། ད་ལྟ་བཅིངས་འགྲོལ་བཏང་ནས་ལོ་དེ་ཙམ་ཐལ་ན་ཡང་ད་དུང་མིང་ཚིག་གསར་བ་རྣམས་གཅིག་མཐུན་བྱུང་མེད་པ་འདི་ནི་བཏང་སྙོམས་སུ་འཇོག་མི་རུང་བའི་གནད་དོན་ཆེན་པོ་ཞིག་རེད་བསམ།
  དེའི་རྒྱུ་མཚན་གང་རེད་ཅེ་ན། མིང་ཚིག་གཅིག་མཐུན་ཞིག་མ་བྱུང་ཚེ་སློབ་གྲྭ་ལྟ་བུར་མཚོན་ན། དགེ་རྒན་ནང་ཕན་ཚུན་གྱིས་མིང་འདོགས་མ་མཐུན་ཚེ་སློབ་མ་རྣམས་ལའང་དེ་ལུགས་ཀྱི་མིང་འདོགས་རྣམ་པ་སྣ་ཚོགས་རེ་བསླབས། མིང་འདོགས་མི་མཐུན་པ་དེ་ལས་བྱུང་བའི་འབྲས་བུ་ལ་བྱ་གཞག་གཅིག་ཡིན་ན་ཡང་གོ་བ་ལེན་སྟངས་མི་འདྲ་བ་རེ་བློ་ངོ་ལ་བཞག  དེའི་དབང་གིས་ཤེས་པར་བྱ་རྒྱུ་དེ་སྤྱིར་ན་ལས་སླ་མོ་ཞིག་ཡིན་ཡང་མིང་ཚིག་ཐ་དད་པའི་དབང་གི་ཇེ་དཀའ་ལ་བཏང་ནས་མཐར་སེམས་ལ་འཛིན་དཀའ་བ་ཞིག་ཏུ་གྱུར་ཡོད། དེའི་ཕྱིར་མིང་ཚིག་གསར་བ་འདི་ཅི་ཐུབ་གང་ཐུབ་ཀྱིས་གཅིག་མཐུན་ཡོང་རྒྱུར་འབད་བརྩོན་རྒྱུན་ཆད་མེད་པར་བརྟེན་དགོས།
  དེས་ན་མིང་ཚིག་གཅིག་མཐུན་དུ་ཡོང་བའི་ཐབས་དེ་གང་ཡིན་ཞེ་ན། རྩོམ་སྒྱུར་བ་རྣམས་ཀྱིས་ཐོག་མར་རང་གི་སྐྱེ་ཡུལ་དང་གོམས་གཤིས་ཀྱི་ཁོར་ཡུག་ཆུང་ངུ་ལག་མཐིལ་ཙམ་ཞིག་ལ་མ་དམིགས་པར་བོད་ཀྱི་ཡུལ་ཁམས་མཐའ་དག་དམིགས་འོག་ཏུ་ཆུད་པར་བྱེད་དགོས། མིང་ཚིག་གསར་བ་ཞིག་བསྒྱུར་དགོས་པ་བྱུང་ཚེ། འདི་ལྟར་བསྒྱུར་ན་སྟོད་མངའ་རིས་ནས་བཟུང་ཨ་མདོ་ཤར་མཐའི་བར་གྱི་རོང་འབྲོག་ཚང་མས་གོ་ཐུབ་བམ་མི་ཐུབ་བསམ་བློ་མཐའ་ཆོད་པའི་སྒོ་ནས་གྲོས་བསྡུར་གྱིས་ཐག་གཅོད་དགོས། དེ་དུས་མཉམ་འཇོག་བྱེད་རྒྱུའི་གནད་འགག་ནི། རང་རང་གི་ས་ཆའི་ཕལ་སྐད་ཇི་མ་ཇི་བཞིན་བྱས་ཏེ་བསྒྱུར་ན་བོད་ཀྱི་ཡུལ་ཁམས་མཐའ་དག་ལྟ་ཅི། ཤན་ཁག་གཅིག་གི་ལུང་བ་ཕ་རི་ཚུ་རིའི་བར་ནས་ཀྱང་གོ་མི་ཐུབ། དེའི་ཕྱིར་ཅི་ནས་ཀྱང་ཡིག་སྐད་ཚད་ལྡན་གོ་སླ་བ་ཅན་གྱི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེ།
  ཡང་ཕྱོགས་གཅིག་ནས་མང་ཚོགས་ལམ་ཕྱོགས་དང་མཐུན་པའི་དགོངས་དོན་ལྟར་མང་ཚོགས་ཀྱི་ཁ་ནས་སྔར་ཡོད་ཀྱི་དངོས་རྫས་དང་། གསར་ཐོན་གྱི་དངོས་རྫས་ལ་མིང་ཚིག་བརྗོད་བདེ་ཞིང་མིང་དོན་མཐུན་པ་མང་དུ་ཡོད་པ་དེ་དག་ལ་རྩར་གཅོད་དང་བེད་སྤྱོད་བྱས་ན་བཟང་། དཔེར་ན་ལྷོ་ཁ་ནས་ཐོན་པའི་ཤིང་ཐོག་ཞང་ཀྱོ་ལ་ལྷ་སའི་སྐད་དུ་ངང་ལག་ཟེར། མིང་འདི་ཅི་འདྲས་གོ་སླ་ཞིང་བརྗོད་བདེ་བ་ཞིག་རེད། རང་རེ་ཨ་མདོ་བས་འདི་ལ་རྒྱ་སྐད་མ་གཏོགས་མིང་འདོགས་མེད་པ་ཀུན་ཀྱིས་ཤེས་གསལ་ལྟར་རེད། ཡང་། འཕྲུལ་འཁོར་གྱིས་བཟོས་པའི་ལུ་གུའི་ཚ་རུ་ལྟ་བུ་དེ་ལ་རྩོམ་སྒྱུར་བ་ཚོས་མིས་མང་ཚོགས་ཀྱིས་དེ་ལ་བཟོས་ཚར་ཞེས་ཟེར་ཏེ། འདི་ལྟ་བུ་ནི་རྩོམ་སྒྱུར་བ་རྣམས་ཀྱིས་ངེས་པར་དང་དུ་ལེན་དགོས་པའི་མིང་ཚིག་གསར་བ་སྐྱོན་དང་བྲལ་བ་ཞིག་རེད།
  གོང་སྨོས་འདི་དག་ལ་སྔོན་ཆད་གཙིགས་འཛིན་ཡིད་བརྟན་ཐུབ་པ་ཞིག་མ་བྱུང་བའི་རྐྱེན་གྱིས་མཚོ་སྔོན་ཞིང་ཆེན་གཅིག་པུར་མཚོན་ན། ཞིང་ཆེན་གྱི་རྩོམ་སྒྱུར་སྡེ་ཁག་དང་རང་སྐྱོང་ཁུལ་སོ་སོའི་རྩོམ་སྒྱུར་སྡེ་ཁག་སོ་སོ་ནས་བསྒྱུར་བའི་མིང་ཚིག་རྣམས་མི་མཐུན་པ་དང་། ཞིང་ཆེན་རྩོམ་སྒྱུར་སྡེ་ཁག་ཁྲོད་ནས་ཀྱང་བོད་ཡིག་གསར་འགྱུར་ཁང་དང་མི་རིགས་དཔེ་སྐྲུན་ཁང་། ཀུན་ཁྱབ་རླུང་འཕྲིན་ཁང་། མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་ནང་ཕན་ཚུན་གྱིས་བསྒྱུར་བའི་མིང་ཚིག་རྣམས་ཀྱང་མི་མཐུན་པ་བྱུང་ཡོད་པ་ལྟར་ལ། དེས་ན་ད་རེབ་ཏང་གི་འགོ་ཁྲིད་འོག་ཏུ། བོད་ཡིག་གི་མིང་ཚིག་གསར་བསྒྱུར་རྣམས་གཅིག་མཐུན་ཡོང་བའི་ཐབས་སུ་ཐོག་མར་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་གཅིག་མཐུན་ཞིག་ཨེ་ཡོང་གི་རེ་བ་སྔོན་དུ་བཏང་ནས་དེ་དོན་གྱི་དུས་དེབ་གསར་བ་ཞིག་བཟོས་ནས་འགྲེམ་སྤེལ་བྱེད་རྒྱུ་དང་། དེ་ནས་རིམ་གྱིས་བོད་ས་གནས་ཀུན་ཏུ་དེ་ལྟ་བུའི་གཅིག་མཐུན་ཞིག་ཨེ་ཡོང་གི་ཐབས་ལ་འབད་བརྩོན་བྱེད་རྒྱུའི་མགོ་ཚུགས་པ་ནི། སྤྱིར་བྱ་བ་རྒྱ་ཆེ་ཞིང་གཏིང་ཟབ་པ་ལ་དེ་ལུགས་ཀྱི་བློ་བཀོད་དང་ཕྲ་ཞིབ་ཀྱི་རྣམ་དཔྱོད་ཀྱང་མེད་མི་རུང་བས་བྱ་བ་འདིའི་འགན་འཁུར་བ་རྣམས་ཀྱིས་ཅི་ནས་ཀྱང་བར་ལམ་རྐེད་ལམ་ནས་བཞག་མ་བཏང་བར་མཐར་ཕྱིན་པ་ཞིག་བྱེད་རྒྱུའི་རེ་བ་ནན་ཏན་ཞུའོ། །


འབྲེལ་ཡོད་འོས་སྦྱོར།