logo

རྒྱལ་ཁམས་བསྐོར་བའི་སྣང་ཚུལ།

རྩོམ་པ་པོ།:མཁས་དབང་དགེ་འདུན་ཆོས་འཕེལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-24 ཀློག་གྲངས།:

          ཞིང་ཆེན་སོ་སོས་བདམས་པའི་འཐུས་མི་ལས། །
          ཡིན་མིན་བརྟག་པའི་ཚུལ་བཞིན་འགྲིམ་བྱས་ནས། །
          གང་ཞིག་མང་པོའི་ཕྱོགས་སུ་ཐག་གཅོད་པ།།
          དབྱིན་ཇིའི་གཞུང་དང་མེ་གོའི་སྲོལ་ལུགས་ཉིད། །
          ཡུལ་གྱི་ཡོང་འབབ་གཞུང་ས་ཁོ་ནར་དབང་། །
          གཞུང་གི་དབང་ཐག་སྐྱེས་བུ་གཅིག་གིས་གཅོད། །
          དེ་ཡི་བསྐོ་བཞག་འབངས་ཀྱིས་བྱེད་པ་དེ། །
          ཨུ་རུ་སུ་དང་འཇར་མན་གཞུང་གི་སྲོལ། །
          མི་དྲག་མཐོན་པོའི་རིགས་ཀྱི་སྡེ་ཚན་ལ། །
          ཡོན་ཏན་ཚོད་ལ་དཔག་པའི་གྲལ་བྱས་ནས། །
          རྒྱལ་ཁམས་སྤྱི་པའི་བྱ་གཞག་ཐག་གཅོད་པ། །
          འདི་ནི་ཤར་ཕྱོགས་ཉི་མའི་ཁབ་ཀྱི་སྲོལ། །
          ཕོ་ལུས་ཐོབ་ཚད་རྒྱལ་པོའི་གཡོག་པོ་སྟེ། །
          མོ་ལུས་ཐོབ་ཚད་བཙན་པོའི་བཙན་མོ་ཉིད། །
          ཡོད་ཚད་ཐམས་ཅད་རྗེ་ཡི་དཀོར་རྫས་ཡིན། །
          ཙནྡྲ་ཤམ་ཤེར་མ་ཧཱ་ར་ཛའི་སྲོལ། །(བལ་ཡུལ)
          ཐམས་ཅད་ཁོང་དུ་སྦེད་པ་ཟབ་མོར་རློམས། །
          ཀུན་ལ་དོགས་པ་ཟ་བ་གྲུང་པོར་བྱེད། །
          རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། །
          གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། །
          ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས། །
          ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཊ་ཡི་སྲོལ། །
          འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ། །
          ཀུན་ལ་ཕན་པའི་ངོ་མཚར་རྫས་འཕྲུལ་དང་། །
          ཡོངས་ལ་གནོད་པའི་ལྟས་ངན་ཆོ་འཕྲུལ་གཉིས། །
          ཤེས་རབ་རལ་གྲིའི་རྣོ་ཕྱོགས་རེ་རེའི་སྣེ། །
          གཅིག་གི་ཟླ་ལ་གཅིག་ཀྱང་སླེབས་པར་ངེས། །


འབྲེལ་ཡོད་འོས་སྦྱོར།