༄༅།།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་སྨོན་ལམ་དལ་འབྱོར་གྲུ་ཆེན་ཞེས་བྱ་བ་བཞུགས་སོ།།
སྨོན་ལམ་དལ་འབྱོར་གྲུ་ཆེན་ནི།། དལ་འབྱོར་གྲུ་ཆེན་མི་རྟག་དྲན་པ་ཡི།།བ་དན་དཀར་པོ་བསྐྱོད་པའི་ལས་འབྲས་ཀྱི།།བླང་དོར་མཐུན་པའི་རླུང་གིས་རབ་སྐུལ་ནས།། འཇིགས་རུང་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག ། བསླུ་མེད་སྐྱབས་མཆོག་གཙུག་གི་ནོར་བུ་བསྟེན།། སེམས་གྱུར་འགྲོ་བའི་དོན་ཆེན་སྙིང་ལ་ཞུགས་།།རྡོར་སེམས་བདུད་རྩིས་ཉེས་པའི་དྲི་མ་འཁྲུད།།རྗེ་བཙུན་བླ་མའི་ཐུགས་རྗེས་སྐྱོང་བར་ཤོག། ཡིད་འོང་རྒྱལ་ཡུམ་ཕྱི་ཡི་རྣལ་འབྱོར་མ།། བཾ་ཡིག་ནང་གི་རྡོ་རྗེ་བཙུན་མོ་མཆོག ། མས་ཉིད་སྟོང་གསལ་གསང་བའི་མཁའ་སྤྱོད་ཡུམ།། རང་ཞལ་མཐོང་ནས་རྩེ་དགས་རོལ་བར་ཤོག། སྣོད་ཀྱི་འཇིགས་རྟེན་ཨེ་ཡིག་གཞལ་ཡས་ཁང་།། བཅུད་ཀྱི་སེམས་ཅན་བཾ་ཡིག་རྣལ་འབྱོར་མ།།ཟུང་འཇུག་བདེ་བ་ཆེན་པོའི་ཏིང་འཛིན་གྱིས།།ཅིར་སྣང་དག་པའི་སྣང་བ་འཆར་བར་ཤོག དེ་ལྟར་ཕྱོགས་དང་ཟླ་བའི་རྣལ་འབྱོར་གྱིས།། ནམ་ཞིག་དུས་ན་དགའ་མ་བྱི་རུའི་མདོག། ལི་ཁྲིའི་སྐྲ་ཁྲོལ་དམར་སེར་མིག་གཡོ་བས།། མངོན་སུམ་རིགས་འཛིན་གྲོང་དུ་འཁྲིད་པར་ཤོག། སིན་ངྷུར་ལངྐ་ལི་ཡི་སྡོང་བུར་བཅས།།རོ་ལྡན་གནས་སུ་བསྒྲུབ་ཅིང་ཡུལ་ཀུན་ཏུ།། མྱུལ་པས་གང་གི་མཛོད་སྤུར་འཁྱུལ་རིས་ཅན།། འཕོས་པའི་མཛེས་མས་མཁའ་སྤྱོད་འཁྲིད་པར་ཤོག། ནང་གི་ཕག་མོས་གཟུང་འཛིན་འཁྲི་ཤིང་བཅོམ།།མཆོག་གི་ཏཱིར་ཞུགས་པའི་གར་མཁན་མ།། ཚངས་བུག་སྒོ་ནས་སྤྲིན་ལམ་དབྱིངས་སུ་ཐོན།། ཁྲག་འཐུང་དཔའ་བོར་འཁྱུད་ཅིང་རོལ་བར་ཤོག། ལྟེ་བའི་བདྨོར་རླུང་ལྔའི་ཏི་ལཀ། རྩེ་གཅིག་བསྒོམ་པའི་ཁ་སྦྱོར་རྣལ་འབྱོར་གྱིས།།ལུས་སེམས་རྩལ་དྲི་གཞོན་ཞུགས་པ་ཡི།།བདེ་བ་མཆོག་གིས་བདག་རྒྱུད་ཚིམས་པར་ཤོག། ཐ་མལ་འོད་ཀྱི་གཏུམ་མོ་མཛེས་ལྡན་མ།། ངྷཱུ་ཏཱིའི་འཛུམ་དཀར་བཞད་པའི་རོལ་རྩེར་གྱིས།།ཧཾ་ཡིག་གཞོན་ནུར་ཡོངས་སུ་མཉེས་བྱས་ནས།།ཟུང་འཇུག་བདེ་བ་ཆེན་པོའི་ས་ཐོབ་ཤོག། སྐྱེ་འགག་གནས་གསུམ་བྲལ་བ་གདོད་མའི་གཤིས།།སྟོང་གསལ་བརྗོད་དུ་མེད་པ་གཉུག་མའི་ངང་།། ཟུང་འཇུག་བློ་འདས་རང་སེམས་རྣལ་འབྱོར་མ།། རང་ངོ་ཤེས་ནས་རྟག་ཏུ་སྐྱོང་བར་ཤོག། རྩ་རླུང་ཐིག་ལེ་ཨེ་ཝྃདབྱིངས་སུ་ཐིམ།།སེམས་ཉིད་བདེ་ཆེན་ཆོས་སྐུའི་དཔལ་ཐོབ་ནས།། བགྲང་ཡས་གཟུགས་སྐུའི་རྣམ་རོལ་གྲངས་མེད་ཀྱིས།། ནམ་མཁའི་མཐའ་ཀླས་འགྲོ་འདི་སྐྱོང་བར་ཤོག། ཞེས་ཚར་ཆེན་གྱིས་གསུངས་སོ།།༈ །།མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་ཞེས་བྱ་བ་བཞུགས་སོ། མཐའ་ཡས་རྒྱལ་བའི་བདེ་སྟོད་ཟློས་གར་ནི།།སྲིད་ཞིའི་མིག་འཕྲུལ་ཅིར་ཡང་འཆར་བ་ལས།། དེང་འདིར་མཁའ་སྤྱོད་དཔའ་མོའི་ཡིད་འོང་མ།། སྙིང་ནས་དྲན་ནོ་འཁྱུད་པའི་རྩེ་དགས་སྐྱོང་།།འོག་མིན་ཞིང་ན་ལྷན་སྐྱེས་རྒྱལ་ཡུམ་མ།།ཉེར་བཞིའི་ཡུལ་ན་ཞིང་སྐྱེས་ཊཱ་ཀི་མ།། ནོར་འཛིན་ཁྱབ་པའི་ཀརྨ་མུ་ཏྲ་མ།།རྣལ་འབྱོར་བདག་གི་སྐྱབས་མཆོག་རྗེ་བཙུམ་མ།། ཁྱོད་ནི་སེམས་ཉིད་སྟོང་པའི་རང་རྩལ་སྟེ།། རྡོ་རྗེ་གྲོང་ནས་ཨེ་དབྱིབས་བཾ་གྱི་དངོས།། སྒྱུ་མའི་གླིང་ན་འཇིགས་རུང་སྲིན་མོ་དང་།། འཛུམ་དཀར་གཡོ་བའི་ལང་ཚོ་གསར་བའང་སྟོན།།བདག་གིས་ཇི་ལྟར་བཙལ་ཀྱང་འཕགས་མ་ཁྱོད།།བདེན་པར་གྲུབ་པའི་ངེས་པ་མ་རྙེད་ནས།།སྤྲོས་པའི་དུབ་པའི་སེམས་ཀྱི་གཞོན་ནུ་དེ།།བརྗོད་བྲལ་ནགས་གྱི་ཁང་བར་ངལ་གསོ་རྟེན།།ཨེ་མ་དེ་ནི་ཊ་ཀི་དབྱིབས་ནས་བཞེངས།། ཧེ་རུ་ཀ་དཔལ་རྒྱུད་ཀྱི་རྒྱལ་པོ་ལས།།རྡོ་རྗེ་བཙུན་མོའི་ཉེ་བའི་སྙིང་བོ་མཆོག། ཀླག་པས་འགྲུབ་ཅིང་གསུང་པའི་བདེན་པའི་སྐྱོང་།།ཨོ་ཊཱི་བི་ཤ་པས་མཐའི་ནགས་ཁྲོད་དུ།།གྲུབ་པའི་དབང་ཕྱུག་རྗེ་བཙུན་དྲིལ་བུ་བ།། འཁྱུད་དང་རྩུམ་བྷའི་བདེ་བས་ཉེར་བསྐྱངས་ཏེ།།ཁ་སྦྱོར་མཆོག་གིས་རོལ་བཞིན་བདག་ཀྱང་སྐྱོངས།།གངྒའི་གླིང་དུ་རྗེ་བཙུན་ཀུ་ས་ལི།། མངོན་སུམ་ནམ་མཁའི་དབྱིངས་སུ་འཁྲིད་པ་དང་།།དཔལ་ལྡན་ནཱ་རོ་ཏ་པ་རྗེས་བཟུང་ལྟར།། བདག་ཀྱང་མཁའ་སྤྱོད་དགེ་བའི་གྲོང་དུ་འཁྲིད།། འཕན་ཡུལ་ཨོ་ཧྲི་ཡ་ནའི་ཡུལ་ལྗོངས་སུ།། གྲུབ་དབང་ཚར་པ་ཆེན་པོ་རྗེས་བཟུང་ལྟར།།བདག་ཀྱང་ཁྱོད་ལ་སྙིང་ནས་སྐྱབས་བཅོལ་ན།། མཁའ་སྤྱོད་དགེ་བའི་གྲོང་དེར་མྱུར་དུ་འཁྲིད།།གཞན་ཡང་མཁྱེན་བརྩེའི་དབང་ཕྱུག་ནས་བཟུང་སྟེ།། ཁྱབ་བདག་བཀའ་དྲིན་མཚུངས་མེད་བླ་མའི་བར།། མཁས་དང་གྲུབ་པའི་ཚོགས་རྣམས་རྗེས་བཟུང་ལྟར།། བདག་ཀྱང་མཁའ་སྤྱོད་དགེ་བའི་གྲོང་དུ་ཁྲིད།།རྩ་རྒྱུད་བླ་མ་མཆོག་གི་ཐུགས་རྗེ་དང་།། རྒྱུད་ཆེན་གསང་མཐའི་མྱུར་ལམ་ཟབ་ཁྱབ་དང་།། རྣལ་འབྱོར་བདག་གི་ལྷག་བསམ་དག་པའི་མཐུས།།མཁའ་སྤྱོད་དཔའ་མོའི་འཛུམ་ཞལ་མྱུར་མཐོང་ཤོག། ཅེས་པ་འདི་ནི་རྡོ་རྗེ་འཆང་ཚར་ཆེན་གྱི་རྗེ་བཙུན་རྣལ་འབྱོར་མའི་ཞལ་གཟིགས་དུས་སུ་མཛད་པ་ཞལ་བཟང་བལྟ་བའི་སྨོན་ལམ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་པས་འདིའི་སྒོ་ནས་གསོལ་བ་ཤུགས་དྲག་ཏུ་བཏབ་བོ།།། བསྐྱེད་རིམ་ཟབ་མོའི་མཁའ་སྤྱོད་རྣལ་འབྱོར་དང་།། རྫོགས་རིམ་དབུ་མའི་རྣལ་འབྱོར་སྒོམ་པའི་མཐུས།།བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྐྱེ་བ་དང་།།མཁའ་སྤྱོད་གོ་འཕང་ཐོབ་པར་བྱིན་གྱིས་རློབས།། ཁ་བསྐང་འདི་ཡང་ཚར་ཆེན་གྱི་གསུངས། །