བོད་ཀྱི་དབང་མཛད་བཅུའི་སྐབས་ཀྱི་ཤེས་རིག
སྤྲ་ནས་མིར་འཕོ་འགྱུར་བྱུང་ཚུལ་གྱི་ལོ་རྒྱུས་དེ་ནི་ཆེས་སྔ་བའི་ཡ་ཐོག་གི་དུས་དེར་འགྲོ་བ་མིའི་རིགས་རྣམས་ཇི་ལྟར་བྱུང་ཡོད་པའི་བཤད་པ་ཞིག་ཡིན་པ་ལས། འཇིག་རྟེན་ཁམས་འདིར་ཡོད་པའི་ཡུལ་ཁམས་གཞན་དག་ཏུ་མིའི་འགྲོ་བ་ཆགས་ཚར་བའམ། མིའི་འགྲོ་བ་འགའ་ཤས་ཀྱི་བསམ་སྤྱོད་མཐའ་དག་ཡར་རྒྱས་བྱུང་བའི་སྐབས་དེར། ལུང་ཁུག་འགའ་ཞིག་ཏུ་སྤྲའམ་སྤྲེའུ་ཁ་ཤས་མིའི་འགྲོ་བར་ཆགས་པའི་ལོ་རྒྱུས་ཤིག་རྩ་བ་ནས་མིན། དེ་བས་བོད་ཁམས་ཀྱི་འགྲོ་བ་མིའི་གནའ་བོའི་མེས་པོ་རྣམས་ཀྱིས་ཀྱང་འཛམ་གླིང་གི་མིའི་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་ནང་བཞིན་ཡ་ཐོག་གི་སྤྱི་ཚོགས་དང་བྲན་གཡོག་སྤྱི་ཚོགས་སོགས་རིམ་པར་བརྒྱུད་ཅིང་། གནའ་མི་ནས་མི་གསར། ཀླ་ཀློ་ནས་ཤེས་རིག་ལྡན་པའི་དུས་རབས་རེ་རེའི་འཕོ་འགྱུར་ཁྲོད། རྡོ་ཆས་དང་རུས་ཆས། ཟངས་ཆས་སྐོར་གྱི་ཐོན་རྫས་སོགས་གསར་བསྐྲུན་བྱས་ཐོག གང་ཟག་དང་དངོས་པོའི་ནུས་ཤུགས་བར་གྱི་འབྲེལ་བ་ཇི་སྙེད་ཡོད་པ་དང་། གཞི་གནས་ཀྱི་དངོས་པོའི་ནུས་ཤུགས་དང་ནུས་ཤུགས་དེ་ལ་དབང་བྱེད་ཐུབ་པའི་གཏོད་རིགས་བར་གྱི་འབྲེལ་བ་ཇི་སྙེད་ཡོད་པ་སོགས་སྐོར་གྱི་ཤེས་རིག་བླ་ན་མེད་པའི་ལེགས་སྐྱེས་མི་ཡུལ་དུ་བཞག་མྱོང་།
བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་སོགས་ལོ་རྒྱུས་ཀྱི་ཡིག་ཆ་ཡོངས་གྲགས་ཕལ་མོ་ཆེར། ཆོས་རྒྱལ་སྲོང་བཙན་སྒམ་པོ་མ་བྱོན་པའི་གོང་རོལ་གྱི་དུས་རིམ་བར་མའི་ནང་། བོད་ཀྱི་རྒྱལ་རབས་རིམ་བྱོན་རྣམས་ཀྱི་རྒྱལ་སྲིད་དེ་སྒྲུང་དང་ལྡེའུ་བོན་གསུམ་གྱིས་བསྐྱངས་སོ་ཞེས་ཡོངས་གྲགས་ཀྱི་ཚུལ་དུ་གསུངས་ཡོད། དེ་ལྟར་ནའང་གསུངས་ཚུལ་ལ་མི་འདྲ་བ་འགའ་རེ་ཡོད་པའང་རྒྱལ་པོ་བཀའི་ཐང་ཡིག་ལས། རྗེ་གཅིག་གཉའ་ཁྲི་བཙན་པོའི་སྐུ་རིང་ལ། ལྷ་ཡི་ཆོས་ལུགས་སྒྲུང་ལྡེའུ་བྱུང་། ཞེས་སྒྲུང་དང་ལྡེའུ་ནི་ལྷའི་ཆོས་ལུགས་ཡིན་པ་སྐད་དུ་བསྟན་ཡོད་པ་དང་། རྒྱལ་རབས་གསལ་མེ་ལས། ཆབ་སྲིད་ནི་སྒྲུང་ལྡེའུ་བསྒྱུར་རོ།། ཞེས་ཆབ་སྲིད་སྐྱོང་བྱེད་ཀྱི་ཆ་རྐྱེན་གཙོ་བོ་སྒྲུང་ཡིན་པར་བསྟན་པ་དང་། ལྷོ་བྲག་ཆོས་འབྱུང་ལས། འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ། ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས། ཞེས་པ་ལྟ་བུ་སྒྲུང་དང་ལྡེའུ་བོན་གསུམ་གྱིས་སྒོ་ནས་བསྐྱངས་པའི་ཚུལ་བསྟན་པ་ཅི་རིགས་ཤིག་བྱུང་ཡོད་འདུག འདི་དག་ནི་རྒྱལ་རབས་ལོ་རྒྱུ་གླེང་བའི་དགོས་མཁོའི་དབང་གིས་གདུང་རབས་ཉི་ཤུ་རྩ་བདུན་དང་སྲོང་བཙན་ཡར་སྔོན་ལ་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་ཚིག་ཟིན་ལ་བཀོད་པ་ལས། དོན་ལ་གཉའ་ཁྲིའི་ཡར་སྔོན་དུ་སྒྲུང་ལྡེའུ་བོན་གསུམ་གྱི་ཤེས་རིག་མེད་པར་བརྗོད་པའི་དགོངས་པ་ཞིག་ག་ལ་ཡིན་ཏེ། རིག་གནས་སྣང་ཚུལ་ཐབས་ཅད་ནི་མི་རྣམས་ཀྱིས་རང་བྱུང་ཁམས་བསྒྱུར་བཀོད་བྱེད་པའི་ངལ་རྩོལ་ཁྲོད། དུས་ཡུན་རིང་བོའི་ལག་ལེན་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་སྤྱི་ཚོགས་ཀྱི་ཐོན་རྫས་ཤིག་ཡིན་པས། གཉའ་ཁྲི་བཙན་པོའི་སྐུ་རིང་ལ་སྒྲུང་ལྡེའུ་བོན་གསུམ་གྱི་ཤེས་རིག་ནི་ཆབ་སྲིད་ཀྱི་གདུང་མ་འདེགས་པའི་ཀ་བ་ལྟ་བུར་གྱུར་ཡོད་པར་གཞིགས་ན། དེའི་སྔོན་ནས་བྱུང་འཕེལ་གྱི་གོ་རིམ་ངེས་ཅན་ཞིག་ལྡན་དགོས་པ་ཚད་མས་གྲུབ།
ཐོག་མར་སྒྲུང་དང་ལྡེའུ་བོན་ཞེས་པའི་དོན་ལ་བརྟག་ན། སྒྲུང་ཞེས་པ་དེའི་དངོས་དོན་ནི་གཙོ་ཆེར་གནའ་རབས་ཀྱི་བྱུང་བ་བརྗོད་པའི་གཏམ་ཅི་རིགས་ཤིག་ཡོད་པ་དེ་དག་ལ་ཟེར་ཞིང་། ལྡེའུ་ཞེས་པ་ནི་ཡོངས་གྲགས་སུ་ཁེད་ཞེས་པ་འདི་རིགས་ལ་ངོས་འཛིན་གནང་བ་འདྲ་ཞིག་འདུག་དཔེར་ན་མཚོན་དཔེའི་ཚིག་ཚོགས་བྱི་རུའི་སྒམ་ཆུང་ནང་དུ་གསེར་གྱི་སྒོར་མོ་བརྩིསག་པ་དེ་གང་རེད་ཅེས་དྲིས་པའི་ལན་དུ་མཚོན་བྱའི་དངོས་དོན་དེ་སི་པན་རེད་ཅེས་པ་ལྟ་བུ་དེ་ལ་ཁེད་ཟེར་བ་ཡིན། ཞེས་སོ།།