logo

རྒྱལ་རབས་གསལ་བའི་མེ་ལོང༌།

རྩོམ་པ་པོ།:SAYYES ཡོང་ཁུངས།:བོད་ལྗོངས་ལོ་རྒྱུས་དྲ་བ། དུས་ཚོད།:2009-07-07 ཀློག་གྲངས།:

ཡོན་ཏན་མཐའ་ཡས་བསམ་བྱའི་ཡུལ་ལས་འདས།།  སྤྱན་རས་གཟིགས་དང་ཆོས་རྒྱལ་མེས་དབོན་གྱི།།

མཛད་པའི་རྣམ་ཐར་ཟུར་ཙམ་བསྡུས་པ་འདི།།    བདག་བློ་དམན་པས་བཀོད་པར་མི་ནུས་ཀྱང༌།།

དད་ལྡན་སྐྱེས་བུ་བསྟེན་པའི་རྒྱུས་འདོད་རྣམས།།    མོས་གུས་གདུང་བ་དཔག་མེད་སྐྱེ་བ་དང༌།།

    རྣ་བའི་དགའ་སྟོན་འགྱེད་ཕྱིར་བདག་གིས་བྲི།།      

              རྒྱལ་རབས་གསལ་བའི་མེ་ལོང་ལས།

 རྒྱལ་རབས་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི་ས་སྐྱ་པ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པ་ཞིག་རེད།  ཁོང་སྤྱི་ལོ་༡༣༡༢པར་(རབ་བྱུང་ལྔ་བའི་ཆུ་བྱི་ལོར་)ཞ་ལུ་ཁང་གསར་དུ་འཁྲུངས་ཤིང༌།   རང་ལོ་བརྒྱད་ལ་སླེབས་དུས་ནས་གཞུང་ལུགས་མང་པོ་གསལ་ལ་རྒྱ་ཆེ་བ་བཤད་ཐུབ་པས་སྙན་གྲགས་ཆེ་བར་གྱུར།  ལོ་བཅུ་བདུན་ལ་མཁན་པོ་བསོད་ནམས་གྲགས་པ་དང༌།  སློབ་དཔོན་དཔལ་ལྡན་སེང་གེ་གཉིས་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་མཚན་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་བཏགས།  བུ་སྟོན་རིན་ཆེན་གྲུབ་དང༌།  རྒྱལ་སྲས་ཐོགས་མེད་བཟང་པོ། དཔང་ལོ་བློ་གྲོས་བརྟན་པ་སོགས་བླ་མ་མང་པོ་བསྟེན་ནས་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་སྤེལ་བ་ལས།  ཚད་མ་དང༌།  ཕར་ཕྱིན།  དབུ་མ།  གསང་སྔགས་སོགས་རིག་གནས་དང་ཆོས་འབྱུང་གི་དཔེ་ཆའང་བརྩམས་ཡོད་པ་རེད།

   རྒྱལ་རབས་འདི་ས་འབྲུག་ལོར་བསམ་ཡས་གཙུག་ལག་ཁང་དུ་བརྩམས་པའི་ལོ་རྒྱུས་ཡིག་ཆ་གྲགས་ཅན་ཞིག་ཡིན་ཞིང༌། ནང་དོན་གཙོ་བོ་འཇིག་རྟེན་ཆགས་ཚུལ་དང༌།  མིའི་རིགས་ཇི་ལྟར་བྱུང་ཚུལ། སངས་རྒྱས་ཀྱི་ཆོས་ལུགས་བྱུང་སྟངས་བཅས་དང༌།  ལྷག་པར་བོད་ཀྱི་མི་རིགས་ཆགས་ཚུལ་དང༌། བོད་ཀྱི་རྒྱལ་རབས། བོད་ལ་སངས་རྒྱས་ཀྱི་ཆོས་དང་ཡི་གེ་ཇི་ལྟར་བྱུང་ཚུལ།  དེ་སྔོན་གྱི་རྒྱ་བོད་མི་རིགས་བར་གྱི་འབྲེལ་བ་རྣམས་བཀོད་ཡོད་པས་འདི་ག་དཔེ་སྐྲུན་ཁང་གིས་བོད་ཀྱི་ལོ་རྒྱུས་དཔྱད་གཞིར་དམིགས་ནས་སྡེ་དགེའི་ཤིང་པར་དེ་མ་དཔེར་བཅོལ་ཏེ་ཡིག་ནོར་གསལ་རྗེན་རྣམས་ལ་བཅོས་མཆན་བརྒྱབ་ཐོག   རྒྱལ་རབས་ཀྱི་ནང་དོན་རྣམས་གཟིགས་པ་པོ་རྣམས་ཀྱིས་གཟིགས་བདེ་པའི་ཆེད་དུ་གཞུང་གི་དཀྱུས་སུ་ཡོད་པའི་ལེའུ་རྣམས་དང༌།   གཞུང་དུ་ལེ་ཚན་ཕྱེ་མེད་པའི་དུམ་བུ་རྣམས་ཀྱི་ནང་དོན་མདོར་བསྡུས་རེ་ལེའུ་འམ་དུམ་བུ་སོ་སོའི་འགོ་ལ་བཞག་ནས་དཀར་ཆག་ཏུ་བཀོད་དེ་པར་སྐྲུན་བྱས་པ་ཡིན།   འོན་ཀྱང་དཔེ་ཆ་འདི་དུས་རབས་བཅུ་བཞི་པར་བརྩམས་པ་ཞིག་ཡིན་པར་བརྟེན་ལྟ་ཚུལ་ཐོག་དངོས་གཙོ་རིང་ལུགས་དང་མི་མཐུན་པ་ཡོད་ངེས་པས་གཟིགས་པ་པོ་རྣམས་ཀྱིས་སྙིགས་དོར་བཅུད་ལེན་བྱེད་དགོས་པ་གལ་གནད་ཤིན་ཏུ་ཆེ།

 མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༡ལོར་དཔར་དུ་བསྐྲུན་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས་བཤུས།


འབྲེལ་ཡོད་འོས་སྦྱོར།