༄༅། །ཆོས་སྐྱོང་པའི་རྒྱལ་པོ་སྲོང་རྩན་སྒམ་པོའི་འཛངས་ཡིག་གསལ་བའི་མེ་ལོང་བཞུགས།
རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས།
ཡོང་ཁུངས།:སྔོ་རྡེའུ་ཚང་གི་འཕྲིན་སྟེགས།
དུས་ཚོད།:2021-10-18
ཀློག་གྲངས།:
༄༅། །ཆོས་སྐྱོང་པའི་རྒྱལ་པོ་སྲོང་རྩན་སྒམ་པོའི་འཛངས་ཡིག་གསལ་བའི་མེ་ལོང་བཞུགས།
ཡིག་འབེབས་པ། སྔོ་དེའུ་སྒོམ་པ་བཀྲ་ཤིས།
༄༅༅། །ཨོཾ་མ་ཎི་པད་མེ་ཧཱུཾ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་རྫས་བརྒྱད་ཚང་བའི་འབུ(དབུ)རུ་ལྷ་ས་རུ། ཐུགས་རྗེ་ཆེན་པོའི་སྤྲུལ་པ། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིས་ཁབ་ཀྱི་ཆེན་མར་བལ་མོ་བཟའ་བཞེས། ཁབ་ཀྱི་ཆུང་མར་རྒྱ་མོ་བཟའ་ཨོང་ཇོ་བཞེས། བལ་མོ་བཟས་ལྷ་ས་འཁྲུལ(འཕྲུལ)སྣང་གཞེངས(བཞེངས)། རྒྱ་མོ་བཟས་ར་མོ་ཆེ་གཞེངས(བཞེངས)། བོད་འབངས་ཐམས་ཅད་བདེ་བ་ལ་བཀོད། ལྷ་ཆོས་དང་མི་ཆོས་གཉིས་ཀྱི་སྲོལ་སོ་སོར་ཕྱེ། དམ་པའི་ཆོས་ལ་ཐུགས་རྗེ་ཆེན་པོའི་ཆོས་དར་ཞིང་རྒྱས་པར་མཛད། ཆོས་ཐམས་ཅད་དུམ་དུམ་ཁྲིགས་སུ་མཛད། ཕྱི་བློན་ནང་བློན་བར་བློན་རྣམས་ལ་གདམས་པ་ཕྱི་རབས་དོན་དུ་གཏེར་དུ་སྦས། འཛངས་ཡིག་འཕྲུལ་གྱི་མེ་ལོང་ལེ་ཚེ་ཁྲིགས་དྲུག་ཚན་བཅུ་ཡི་དྲུག་ཅུ་ཡིས་མི་ཆོས་ཀྱི་དོན་གསལ་བར་སྟོན་ནོ། །
སྤྲུལ་པའི་རྒྱལ་པོའི་ཞལ་གདམས། གཅིག་ཚན་དྲུག་ནི། ཕ་མས་བསྐུལ་ཡང་སྡིག་པ་མི་བྱ་བ་དང་གཅིག ལུས་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤང་བ་དང་གཉིས། བུ་དང་ཚ་བོའི་དོན་ཏུ(དུ)ལ་ཡོགས་ཀྱི་སྣ(མནའ)མི་ཟ་བ་དང་གསུམ། གཉེན་དང་གྲོགས་ཀྱི་ཕྱིར་ཡང་ཁྲམ་གྱི་གཞུང་མི་བཅད་པ་དང་བཞི། ཕོངས་ཀྱི་དོགས་པ་མེད་ཀྱང་སོ་ནམ་མི་སྤང་བ་དང་ལྔ། དགྲ་དང་བགེགས་ཀྱི་ཕྱོགས་སུ་ཆེད་མེད་ཀྱི་དོན་མི་གཉེར་བ་དང་དྲུག་གོ། །
སྤྲུལ་པའི་རྒྱལ་པོའི་ཞལ་གདམས་གཉིས་ཚན་དྲུག་ལ། སློབ་དཔོན་དང་ཕ་མ་གཉིས་མི་སྤོང་བར་ཁུར་དགོས། སྡིག་པ་དང་ངན་བྱེད་གཉིས་མི་བྱེད་པར་སྤོང་དགོས། དགེ་སྦྱོར་དང་སོ་ནམ་གཉིས་མི་གཡེལ་བར་བྱེད་དགོས། དམ་བཙིགས(ཚིག)དང་ངོ་ཚ་གཉིས་མ་ཤོར་བར་བསྲུང་དགོས། ཉམས་མྱོང་དང་རེ་དོགས་གཉིས་མ་བྲལ་བར་སྐྱོང་དགོས། རང་རྒྱུད་དང་དགྲ་བོ་གཉིས་མ་རེངས་བར(པར)འདུལ་དགོས་སོ། །
སྤྲུལ་པའི་རྒྱལ་པོའི་ཞལ་གདམས། གསུམ་ཚན་དྲུག་ལ། མཛད་པ་གསུམ་ལ། ཤ་ཚ་དམའ་འབེབས་སུ་མ་སོང་པ(བ)མཛད་དགོས། དགེ་རྩ་སྡིག་རྩར་མ་སོང་པ(བ)མཛད་དགོས། བར་པ(བ)ཕྲ་མར་མ་སོང་བ་མཛད་དགོས། མི་མཛད་པ་གསུམ་ལ། གཏམ་ངན་འདྲེས་པའི་ཟས་མི་ཟ། མནའ་དང་འདྲེས་པའི་གཏམ་མི་སྨྲ། སྡིག་དང་འདྲེས་པའི་ནོར་མི་བསག་གོ། །གོད་ཁ་གསུམ་ལ། རྟ་བཟངས་གོ་བསོས་བྱེད་ན་གོད་ཁ་རབ། བཟང་གོས་མལ་ཐུལ་བྱེད་ན་གོ(གོད)ཁ་འབྲིང་། འགྲོན་ཟས་རང་ཟས་བྱེད་ན་གོད་ཁ་ཐ་མའོ། །དཀའ་བ་གསུམ་ལ། དགྲ་ངན་ཡང་འདུལ་དཀའ་བ་མནའ་མ་དང་ཡུགས་ས་མོ། གཉེན་ངན་ཡང་སྐྱོང་དཀའ་བ་བུ་ཚ་བླན་བླེན། ཟས་ངན་ཡང་འཇུ་དཀའ་བ་རའི་འོ་མ་དང་ལ་ཕུག་གོ། །ངན་བ(པ)གསུམ་ལ། ལྟོ་བ་ངན་ལ་འཁྲུག་པ་མ་ལ་བསྲུ། མཐུན་འཇུག་ཆེ་ཡང་མི་ངན་ལ་དབང་ཁ་མ་སྦྱིན། ཁོང་པ(བ)ཡངས་ཀྱང་ཆུང་མ་མི་ལ་གཡར་དུ་མི་བཏང་ངོ་། །ཚོད་མ་ཟིན་བ(པ)གསུམ་ལ། ཕོ་རབ་འཁྲུག་ཚོད་མ་ཟིན་བ(པ)སྦབ(རྦབ)དང་ཐོད་པ་ཐུག་པ་འདྲ། ཕོ་འབྲིང་གཉེན་ཚོད་མ་ཟིན་བ(པ)བྱིས་པ་ཉུང་མ་བརྐུ་བ་དང་འདྲ། ཕོ་ཐ་མ་ལྟོ་ཚོད་མ་ཟིན་བ(པ)ཝ་མོ་ཆུས་འགྲངས་པ་དང་འདྲ་གསུང་ངོ་། །
སྤྲུལ་བའི་རྒྱལ་པོའི་ཞལ་གདམས། བཞི་ཚན་དྲུག་ལ། ཕྱིའི་དཀའ་དོན་བཞི་ལ། དཔའ་འཛངས་འཕྲུལ་དང་བཅས་པ་སྐྱེས་པ་ཕོའི་དགེ །འཕྲུལ་འཛངས་བཤིན(གཤིན)དང་བཅས་པ་ཟ་མ་མོའི་དགེ །ཚོ་འགྱོགས་གཟུགས་དང་བཅས་པ་གྱེར་གླིང(གྱི་ལིང)རྟའི་དགེ །ཆུ་ཤིང་འབྲོག་དང་བཅས་པ་གང་གནས་ཡུལ་གྱི་དགེ །ནང་གི་དཀའ་དོན་བཞི་ལ། ཕྱུག་པོས་སྤྱོད་ཤེས་ན་ལུད་ཀྱང་ཕྱིར་མི་འབོ། མི་ལྟོགས་ཀྱི་གཞུང་བསྲིངས་ན་དགོས་པ་རྩལ(བཙལ)དུ་རྙེད། ཁ་ཉེན་བོས་ཟུངས་ཐུབ་ན་གཞན་གྱིས་སྙད་མི་ཐོགས། ཡོན་ཏན་འཚོང་ཤེས་ན་རང་གཞན་གཉིས་ཀ་ལ་ཕན་ནོ། །མཛེས་པ་བཞི་ལ། དབུལ་པོར(བོར)མ་སོང་སྟག་ཆས་མཛེས། ཡོན་ཏན་ཅན་ལ་ཐིབ་ཀྱི་ཞྭ་འཛེས(མཛེས)དམང(རྨང)པོའི་མི་ལ་སྲིད་ཀྱི་བུ་འཛེས། གཞི་དང་ལྡན་པའི་སྐྱེས་བུ་ལ་ཆོས་ཀྱི་འཕྲོ་འཛེས་སོ། །དགོས་པ་མེད་པ་བཞི་ལ། དྲིན་ལན་ལན་གྱིས་མི་ལྡོན་ན་མཆན་གྱི་བུ་ཚས་ཀྱང་དགོས་པ་མེད། བསྙེན་བཀུར་ཞེ་སྡང་གི་རུ་ཤིགས་མི་ཡོང་ན་ཉེ་འཁོར་ཚ་ཡུག་གིས་དགོས་པ་མེད། བསྙེན་བཀུར་དང་བྱས་པ་མི་ཉན་ན་འཐབ་རོགས་ཀྱི་ཆུང་མས་དགོས་པ་མེད། གང་བྱས་སུ་ཡང་མ་འགུ(མགུ)ན་རང་སྒོ(མགོ)མཐོ་བས་དགོས་པ་མེད་དོ། །ཐང་བ་བཞི་ལ། ཞག་གཅིག་སྡོད་པའི་གནས་ཁང་ལ་བསྐྱིད་བསྡུག(སྐྱིད་སྡུག)ལྟ་ཚོད་ཀྱིས་རྟག་ཏུ་སྡོད་པའི་ཁང་པ(བ)ག(གད)དར་བྱེད་པ་ཐང་། ཁ་དྲག་མི་ལ་བྱེད་ཚོད་ཀྱིས་སྨང(རྨང)པོའི་མི་རྣམས་སྲིད་ཇུས་ཚོལ་ལ་ཐང་། ལེགས་ཉེས་ཀྱི་གཞི་མ་ཐམས་ཅད་བུད་མེད་ཡིན་ཚོད་ཀྱིས་རྟག་ཏུ་འགྲོགས་པའི་ཆུང་མ་ལ་རྟགས(བརྟགས)ནས་བྱེད་པ་ཐང་། མི་སེམས་ཟས་ཀྱིས་འཛིན་བར(པར)བྱེད་ཚོད་ཀྱིས་སྒྱུ་མའི་ནོར་ལ་བརྩོན་འགྲུས་བྱེད་པ་ཐང་། མི་ཐང་བ་བཞི་ལ། གྲལ་མགོར་བཞུགས་ནས་སྒོས་བྱེད་ལ་མི་ཐང་། གྲལ་བཞུག(གཞུག)ཏུ་སྡད(བསྡད)ནས་གཏམ་ཟེར་ལ་མི་ཐང་། དར་གོས་ཅན་རྐང་ཐང་བྱེད་ལ་མི་ཐང་། བྱ་ཕྲུ་ཅན་མེ་འབུད་བྱེད་ལ་མི་ཐང་ངོ་། །
སྤྲུལ་བའི་རྒྱལ་བོའི་ཞལ་གདམས་ལྔ་ཚན་དྲུག་ལ། ཕོའི་ཡིག་ཚང་ལྔ་ལ། ཆད་ཁུངས་བཙུན་བ(པ)རུས་ཀྱི་ཡིག་ཚང་། བྱ་བ་ལག་རིས་ཆེ་བ་མེས་གོང་མའི་ཡིག་ཚང་། ཁང་ཁྱིམ་ཡུལ་མཁར་བརྩན་བོ(པོ)བརྟེན་བ(པ)གནས་ཀྱི་ཡིག་ཚང་། ཟས་ནོར་ལོངས་སྤྱོད་ཆེ་བ་བསགས་པ་ནོར་ཀྱི(གྱི)ཡིག་ཚང་། བྱ་ལུགས་བྱེད་ཐབས་མཐོང་པ(བ)རང་མཐོང་གི་སྒོ་གནས་སྐབས་ཀྱི་ཡིག་ཚང་ངོ་། །མོའི་ཡིག་ཚང་ལྔ་ལ། ཆོས་རིས་ཁུངས་བཙུན་བའི(པའི)རྫོངས། ཕ་མིང་དཔུང་པའི(བའི)རྫོངས། ལྟ་སྡུག་ནོར་འབྲན་གྱི་རྫོངས། རང་རྒོ་གཏན་གྱི་གྲོགས་དང་ལྔའོ། །དཀོན་བ(པ)ལྔ་ལ། མི་མང་ས་ཁུངས(ཁོངས)ཆེ་ཡང་ཕ་མ་བཙལ་དུ་དཀོན། ཡུལ་ཆེ་ས་ཡངས་ཀྱང་ཁང་པ(བ)བཟང་པོ(བོ)དཀོན། ཉེ་དུ་གྲངས་མང་ཡང་ཆེ་སར་འདོན་པ(བ)དཀོན། མཛའ་མོས་མཐའ་སྐོར་ཡང་སྲོག་འདོན་བ(པ)དཀོན། འཛམ་གླིང་མིས་གང་ཀྱང(ཡང)སྲས་བུ་བཙལ་དུ་དཀོན་ནོ། །མི་འཚོང་པ(བ)ལྔ་ལ། ཟས་ཕྱིར་ནོར་མི་འཚོང་། ནོར་ཕྱིར་སྲོག་མི་འཚོང་། ཁ་ཕྱིར་སྲོག་མི་འཚོང་། གཉེན་ཕྱིར་སྲིད་མི་འཚོང་། ནོར་ཕྱིར་བུ་མི་འཚོང་ངོ་། །ཡིན་བ(པ)ལྔ་ལ། སློབ་དཔོན་རྒྱབ་ཏུ་སྐྱུར་ནས་རང་ཆེ་བ་བརྗོད་ན་དམ་ཚིག་ཉམས་པ་ཡིན་བས(པས)དམྱལ་བར་འགྲོ། དཀོན་མཆོག་རྒྱབ་ཏུ་སྐྱུར་ནས་འཇིག་རྟེན་ལྷ་འདྲེ་འཆོད(མཆོད)ན་བསྲུངས་མ་ཡིན་ཀྱང་ཕུང་སྟེ་འགྲོ། མཆེད་གྲོགས་རྒྱབ་ཏུ་སྐྱུར་ནས་འཕྲལ་དུ་དགོས་འཛའ(སྒོས་མཛའ)ཚོལ་ན་མིག་ཏྲད་འཐུན་དང་བྲལ་ཏེ་འགྲོ། ཕ་མ་རྒྱབ་ཏུ་བོར་ནས་བཟར་མེད་ཁྱིམ་ཐབ་བྱེད་ན་ལས་འཕྲོ་ཡིན་ཡང་སྡུག་སྟེ་འགྲོ། ལས་དང་སོ་ནམ་བོར་ནས་ཅི་ལེད་སྤྱོད་པ་བྱེད་ན་རྩིང་པོ་རང་མཐོང་ཡིན་ཡང་ཕུང་ཏེ(སྟེ)འགྲོ། མིན་བ(པ)ལྔ་ལ། དགྲ་ལ་ཟོན་བྱེད་བསྡར(སྡར)མ་མིན། གསང་གྲོས་ལ་ཁ་ཐུབ་པ་ལྐུགས་པ་མིན། འཆི་ཁར་འགྲོ་གྲབས་བྱེད་པ་དད་པ་མིན་ནོ། །
སྤྲུལ་བའི་རྒྱལ་པོའི་ཞལ་གདམས། དུས་བཟང་པོའི་སྤྱོད་པ་དྲུག་ལ། གྲལ་མགོ་ཡོན་ཏན་ཅན་གྱིས་མི་ཡིས་འགྲིམ། དགེ་བ་ཡིག་ཚང་ཅན་གྱིས་ཤད། ཤགས་དཔུང་པ(བ)ཅན་གྱིས་འདེབས། གྲོས་ཕུགས་ཕ་མེས་རྒན་རིམས་ལ་འདྲི། དགེ་བ་ཕྱོགས་རིས་མེད་པར་བྱེད། ཉོ་ཚོང་རིན་པོ་ཆེ་ལ་བྱེད། དུས་ངན་པའི་སྤྱོད་པ་དྲུག་ལ། གྲལ་མགོ་གོས་བཟང་པོས་འགྲིམ། དགེ་བ་ལུག་ཅན་གྱིས་ཤད། ཤགས་དཔུང་བས་འདེབས། གྲོས་ཕུགས་བུད་མེད་ལ་འདྲི། དགེ་བ་ཁ་ལན་དུ་བྱེད། ཉོ་ཚོང་མགོ་ཐོན་མི་ཐོན་ལ་བྱེད། ནོར་ཀྱི(གྱི)སོག་ལུགས་དྲུག་ལ། ཤེས་རབ་ཅན་ཡོན་ཏན་ལ་བསྟེན(བརྟེན)ནས་ནོར་སོག །འབྲོག་པ་ཕྱུགས་དང་སྤུ་ལ་བརྟེན་ནས་ནོར་སོག །ལས་རེམ་པོ་ཡུལ་ཞིང་ལ་བརྟེན་ནས་ནོར་སོག །བློ་རྒྱ་ཅན་ཁྱེ་ཕོགས་ལ་བརྟེན་ནས་ནོར་སོག །དཔའ་ཤོར་ཅན་བྱག(ཇག)ཆོམས་ལ་བརྟེན་ནས་ནོར་སོག །བྱིན་བུ་སྐྱེས་གླང་ཁལ་ལ་བརྟེན་ནས་ནོར་སོག་གོ། །ནོར་གྱི་དགོས་པ་དྲུག་ལ། ཡར་བླ་མ་དཀོན་མཆོག་ལ་མཆོད་ན་དགོས། མར་དམངས་རིས་དང་ངན་བ(པ)སྐྱོང་ན་དགོས། ཡུལ་གྱི་ཁྲལ་བབ་ན་དགོས། ཉེ་གྲོགས་ཀྱི་ཁ་ལན་འཇལ་ན་དགོས། རྐྱེན་དང་བློ(གློ)བུར་བ་བྱུང་ན་དགོས། བུ་འབོགས་བུ་མོ་རྫོང་ན་དགོས། ནོར་གྱི་འབོ་ས་དྲུག་ལ། དད་པ་ཅན་གྱི་ནོར་ཆོས་ཕྱོགས་སུ་འབོ། ཁེངས་དྲེགས་ཅན་གྱི་ནོར་སྲིད་ཀྱི་ཕྱོགས་སུ་འབོ། བརྩེ་གདུང་ཅན་གྱི་ནོར་གཉེན་གྱི་ཕྱོགས་སུ་འབོ། སེར་སྣ་ཅན་གྱི་ནོར་བུའི་ཕྱོགས་སུ་འབོ། ཞེ་སྡང་ཅན་གྱི་ནོར་དགྲ་ཕྱོགས་སུ་འབོ། ལན་ཆགས་ཅན་གྱི་ནོར་འདྲེ་ཕྱོགས་སུ་འབོ། བསགས་ཀྱང་ནོར་དུ་མི་ཡོང་པ(བ)དྲུག་ལ། སྤྱི་གཙུག་གི་ནོར་བུ་རིན་པོ་ཆེ་བོར་ནས་བསགས་དང(ཀྱང)ནོར་དུ་མི་ཡོང་། གངས་ཀྱི་སེང་གེ་ལ་འཚལ(མཚལ)གྱི་ཐིག་བཏབ་ནས་བསགས་ཀྱང་ནོར་དུ་མི་ཡོང་། འབྲས་མོའི་ས་བོན་དུ་མ་སྨིན་ན་བསགས་ཀྱང་ནོར་དུ་མི་ཡོང་། ཙན་དན་གྱི་ནགས་ལ་ཞེ་སྡང་གི་མེ་འཆེད(མཆེད)ན་བསགས་ཀྱང་ནོར་དུ་མི་ཡོང་། དུག་གི་སྡོང་པོ(བོ)ལ་ལྕེས་རོ་མྱངས་ན་བསགས་དང་ནོར་དུ་མི་ཡོང་། ཁང་སྟོང་གི་དུག་སྦྲུལ་ནག་པོ་ལྟོར་ཟས་ནས་བསགས་དང་ནོར་དུ་མི་ཡོང་།
སྤྲུལ་པའི་རྒྱལ་པོའི་ཞལ་གདམས་བདུན་ཚན་དྲུག་ལ། ཞང་བློན་གྱི་ཆོས་བདུན་ལ། དཀོན་མཆོག་གསུམ་ཞབས་ནས་འདེགས་ཤིང་རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སྒྲུབ་པ་དང་གཅིག །རྡོ་རྗེ་སློབ་དཔོན་གྱི་ཞབས་ནས་འདེགས་ཤིང་བཀའ་དྲིན་གཉན་བོ(པོ)ཁྱད་དུ་མི་བསོད་པ་དང་གཉིས། ས་བདག་རྒྱལ་པོའི་ཞབས་ནས་འདེགས་ཤིང་ཐབས་དང་ཡིག་ཚང་བློ་ནས་འདོན་བ(པ)དང་གསུམ། མཁས་བཙུན་རང་བྱུང་གི་ཞབས་ནས་འདེགས་ཤིང་ངག་ཡིད་ལུས་གསུམ་གྱི་སྒྲིབ་པ་སྦྱང་པ(བ)དང་བཞི། ཕ་ཁུ་རྒན་རིམས་ཀྱི་ཞབས་ནས་འདེགས་ཤིང་བུ་དང་ཚའོ་བརྒྱུད་དུ་སྤེལ་བ་དང་ལྔ། ཕ་མ་རྒན་རྒོན་གྱི་ཞབས་ནས་འདེགས་ཤིང་དྲིན་ལན་ལན་གྱི(གྱིས)བླན་པ་དང་དྲུག །རྗེ་གོང་མའི་ཞབས་ནས་འདེགས་ཤིང་ཡ་རབས་ཀྱི་ཚུལ་བཟང་བ་དང་བདུན་ནོ། །གཅེས་པ་བདུན་ལ། བར་མི་ལ་མཁས་ན་རང་རྒྱུད་གཅེས། ཞལ་ཆེ(ལྕེ)ལ་དཔེ་དང་ཁྲིམས་གཅེས། ཤགས་ལ་ལྷོད་དང་ཤོང་གཅེས། གྲོས་ལ་ནན་དང་ལྡེམ་གཅེས། བསྡུམས་ལ་ལྷོད་དང་ཤོང་གཅེས། སྤྲོད་ལ་ཕ་དང་སྤུན་གཅེས། ཞབས་སྒྱུ་མའི་ནོར་གཅེས། མཆོག་བདུན་ལ་བློ་བཟུང་དུ་མེད་ན་བདེ་བའི་མཆོག །ཟུག་མྱུར་དུ་ཆོག་ན་སྨན་གྱི་མཆོག །བཀྲེས་སྐོམ་ལ་ཕན་ན་ཟས་ཀྱི་མཆོག །བློ་བཏད་ཐུབ་ན་གྲོགས་ཀྱི་མཆོག །དགོས་དུས་སུ་གཏོང་ན་མཉེན(གཉེན)གྱི་མཆོག །ཆོག་ཤེས་སེམས་ཚོད་ཟིན་ན་ནོར་གྱི་མཆོག །ཡོན་ཏན་སྐྱོན་དུ་མཐོང་པ(བ)བདུན་ལ། བཟང་ཞིང་དྲང་བའི་མི་ལ་གླེན་ཞིང་འཐོམས་པའི་སྐྱོན། གསལ་ཞིང་དྲང་པའི(བའི)མི་ལ་ཚ་ཞིང་རྩུབ་པའི་སྐྱོན། མཁས་ཤིང་དྲང་པའི(བའི)མི་ལ་འཇམ་ཞིང་འཁྲི་བའི་སྐྱོན། དཔའ་ཞིང་བརྟན་བའི(པའི)མི་ལ་འཆུམ་ཞིང་གཏུམ་པའི་སྐྱོན། ཡངས་ཤིང་ལྷོད་པའི་མི་ལ་ནར་ཞིང་ཕྱལ་བའི་སྐྱོན། གསལ་ཞིང་འཛངས་པའི་མི་ལ་བཏབ་ཅིང་བརྡར་བའི་སྐྱོན། རྟིག་ཅིང་རྟག་པའི་མི་ལ་དམ་ཞིང་འཇུར་བའི་སྐྱོན། སྐྱོན་ཡོན་ཏན་དུ་སོང་བ་བདུན་ལ། གླེན་བར(པར)མ་སོང་ན་གླད(ཀླད)པ་ཆེ་བ་ཡོན་ཏན། འགྲུམ་འགལ་མེད་ན་དབྱིབས་རྒུ་བ་ཡོན་ཏན། ལྦ་བ་མེད་ན་འགུལ་པ(མགུལ་བ)རྒུ་བ་ཡོན་ཏན། གཙང་རྨེ་མེད་ན་མིག་རྩ་དམར་བ་ཡོན་ཏན། ཁོག་ཅོང(གཅོང)མེད་ན་ཤ་རྩི་སྔོ་བ་ཡོན་ཏན། མ་ལྐུགས་ན་སྨྲ་བ་སྙུང་བ་ཡོན་ཏན། བཟར་ཡོད་ཅིང་རྣོ་འཛུགས་མེད་ན་གསོལ་བཟང་བ་ཡོན་ཏན་ནོ། །མེད་པ་བདུན་ལ། འཁོར་བས་གདུངས་པའི་མི་ལ་ཆགས་ཤིང་ཞེན་པ་མེད། ནད་ཀྱིས་གདུངས་པའི་མི་ལ་གཉིད་མེད་བདེ་བ་མེད། ནོར་གྱིས་གདུངས་པའི་མི་ལ་སྡིག་དང་རྣམ་སྨིན་མེད། ཟས་ཀྱིས་གདུངས་པའི་མི་ལ་ཁྲེལ་དང་ངོ་ཚ་མེད། གཉིད་ཀྱིས་གདུངས་པའི་མི་ལ་ཉིན་དང་མཚན་མོ་མེད། གོས་ཀྱིས་གདུངས་པའི་མི་ལ་འཇམ་རྩུབ་བསར(གསར)རྙིང་མེད། ཆགས་པའི་གདུངས་པའི་མི་ལ་རྒན་བཞོན(གཞོན)བཟང་ངན་མེད། གསུང་ངོ་། །
སྤྲུལ་པའི་རྒྱལ་པོའི་ཞལ་གདམས་བརྒྱད་ཚན་དྲུག་ལ། ཁྲིམས་ཆེན་བརྒྱད་ལ། མི་ཤ་མི་ལྡོན་བའི(པའི)རི་སྟོང་། བརྡེག་ལན་མི་ལྡོན་བའི(པའི)རི་གསོལ། ཞེ་ལ་མི་འཇོག་པའི་རི་ཡུས། བློ་ལ་ཕེབས་པ་ལ་གཉའ། མ་དག་པ་ལ་མནའ་དཀར། མ་ཆོད་པ་ལ་ཞལ་ཆེ། མ་ཐར་བ་ལ་སྐྱེལ་མ་དང་བརྒྱད་དོ། །ཁྲིམས་ཆུང་བརྒྱད་ལ། ཁྲལ་ལ་ངན་པ་ལ་ཆད་པ། ལྟོ་ལ་ངན་པ(བ)ལ་མགོ་རྒོས། ཁུངས་ལ་ངན་བ(པ)ཏེའུ། མི་ཤེས་པ་ལ་སློབ་པ། མ་འཆམས་པ་ལ་ཤགས་འབྱེད། མ་ལྡང་པ(བ)ལ་གཉའ་སྐྱི། མ་ཁྱེར་བ་ལ་ཞུ་བ། རང་དབང་མེད་པ་ལ་གཉེན་པོ། གཙོ་བོའི་དཔེ་བརྒྱད་ལ། དབང་བསྐུར་སྤྱི་ཕུད་གཙོ་བོ་དེ། །དབུ་ལ་བ་དན་བཏགས་པ་འདྲ། །ཁ་དྲག་དབང་ཆེན་གཙོ་བོ་དེ། །རི་བཟར(གཟར)འབབ་པའི་སྦབ(རྦབ)དང་འདྲ། །བཟང་སེམས་ཡུལ་ཚིས་གཙོ་བོ་དེ། །ནམ་ཟླ་དཔྱིད་ཀའི་ལུག་རྫི་འདྲ། །ཡུལ་ཆུང་སྒོ་ཁུད་གཙོ་བོ་དེ། །ཤིང་སེབ་སྐྱེས་པའི་དབྱི་མོང་འདྲ། །དབང་མེད་ལས་ཀྱི་གཙོ་བོ་དེ། །བ་དོར་ཚྭ་སྐྱེ(སྒྱེ)བཀལ་བ་འདྲ། །མཁས་ཤིང་དྲང་པའི(བའི)གཙོ་བོ་དེ། །གངས་ལ་ཉི་མ་ཤར་བ་འདྲ། །ཕ་མེས་གོང་མ་ལ་བརྟེན་བའི(པའི)གཙོ་བོ་དེ། །མཛོ་མོ་སྣ་ཐག་ཆད་པ་འདྲ། །ཟ་འདོད་མཆུ་སྙུང་གཙོ་བོ་དེ། །ཕད་བུ་རུལ་པར་སྙུང་བཅུག་འདྲ། །མི་རུང་བ་བརྒྱད་ལ། ལྷ་དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་པ་མི་རུང་། དབང་བསྐུར་བའི་བླ་མ་ལ་ར་ཆོད་བྱར་མི་རུང་། བུད་མེད་ལྟེ་རྒྱ་མའི་ཁ་ལ་ཉན་དུ་མི་རུང་། ཤ་ལ་ཆད་པའི་བུ་ཚ་ལ་སྙིང་རིང་བྱར་མི་རུང་། ཚར་ཁུངས་ངན་བར(པར)འདུས་པ་ལ་ངན་སེམས་བྱར་མི་རུང་ངོ་། །ཞལ་ལྟ་བརྒྱད་ལ། ཕུའི་ལྷ་གཡག་དཀར་པོ་ལ་འཕོག་ཀྱང་མདའ་མི་རྡེག །བར་གྱི་ཞང་བློན་གྲ་མ་ལ་ཐུབ་ཀྱང་དོ་མི་བརྡོ། ཡང་པོ་ཁ་ཞུ་འོག་འཁྱགས་ལ་ཆགས་ཀྱང་རྟ་མི་རྒྱུག །འཚོ(མཚོ)དང་སྦ་ལ་ཚོད་ཀྱང་རྐྱལ་མི་བྱ། བན་བོན་རྩལ་ཅན་ལ་ཐོབ་ཀྱང་ནོར་མི་རྐུ། ལྷ་ཁང་རྙིང་པའི་སྒོ་ཁར་ཉི་མ་ཕྱེད་ནས་གཉིད་མི་ལོག །ཉེ་བ་ཁ་བྱམས་ལ་སྙིང་མི་བྱམས་པ་ལ་སྐྱིད་སྡུག་བྱུང་ཀྱང(ཡང)གྲོས་མི་འདྲི། གོལ་ས་བཅད་པའི་ཆོས་བརྒྱད་ལ། སློབ་དཔོན་གྱིས་སློབ་མ་མ་འཆུན་པའི(བའི)ཡུན་རིངས་འགྲོགས་པའི་སྣ་དྲེད་ཅན། གདམས་ངག་གིས་རང་རྒྱུད་མ་ཐུལ་བའི་ཡེ་ཤེས་མེད་པའི་ཚིག་དྲེད་ཅན། ལྟ་སྒོམ་གྱིས་སྤྱོད་པ་མ་འཆུན་བའི(པའི)ཐོ་ཆོ་སྨྱོན་ཐབས་ཀྱི་ར་ཆོད་ཅན། གནས་ཀྱི་སྡེ་མ་འཆུན་བའི(པའི)སྐོར་ལ་འབགས་པའི་སྙིང་ཁམས་ཅན། ཇོ་བོས་གཡོག་མ་འཆུན་པའི་ཐོབ་ཚད་བརྐུ་བའི་གོ་རྟགས་ཅན། བཟའ་དཔོན་གྱིས་བུ་སྨད་མ་འཆུན་པའི་རང་དབང་མེད་པའི་ཅོང་སྐད་ཅན།
སྤྲུལ་པའི་རྒྱལ་པོའི་ཞལ་གདམས། དགུ་ཚད་དྲུག་ལ། ཡ་རབས་ཀྱི་སྤྱོད་པ་དགུ་ལ། དཔའ་བོ་ལ་ཟུངས་ཐུབ་པ་ཡ་རབས་ཀྱི་སྤྱོད་པ། དྲང་ལ་ངོ་ཟློགས་ན་ཡ་རབས་ཀྱི་སྤྱོད་པ། བཟང་ལ་ཚིག་གཙང་ན་ཡ་རབས་ཀྱི་སྤྱོད་པ། ཤེས་རབ་ཆེ་ལ་འགྲོགས་པ་བདེ་ན་ཡ་རབས་ཀྱི་སྤྱོད་པ། ཆོས་ལ་དཀར་ལ་དད་པ་ཆེ་ན་ཡ་རབས་ཀྱི་སྤྱོད་པ། ཁོག་པ་ཡངས་ལ་མདོ་ཆེ་ན་ཡ་རབས་ཀྱི་སྤྱོད་པ། ལག་པ་བཟོ་ལ་རྒྱུད་མཉེན་ན་ཡ་རབས་ཀྱི་སྤྱོད་པ། བྱ་བ་ཉུང་ལ་ཀུན་དང་མཐུན་ན་ཡ་རབས་ཀྱི་སྤྱོད་པ། མ་རབས་ཀྱི་སྤྱོད་པ་དགུ་ལ། བྲོད་པ་ཆེ་ལ་མཛའ་སྡེ་ལ་སྡང་ན་མ་རབས་ཀྱི་སྤྱོད་པ། ཆང་ལ་དགའ་ཞིང་ཆང་སྲེད་ཆེ་ན་མ་རབས་ཀྱི་སྤྱོད་པ། བརྐུ་འདོད་ལ་སྦེད་མི་ཤེས་ན་མ་རབས་ཀྱི་སྤྱོད་པ། སྨྲ་བ་མང་ལ་ཚིག་མི་གཙང་ན་མ་རབས་ཀྱི་སྤྱོད་པ། འབུངས་མེད་པ་ལ་འཐབ་འདོད་པ་མ་རབས་ཀྱི་སྤྱོད་པ། མགུ་སླ་ལ་ཁོན་རྐྱེན་ན་མ་རབས་ཀྱི་སྤྱོད་པ། བྱས་པ་མེད་ལ་རེ་ཆེ་ན་མ་རབས་ཀྱི་སྤྱོད་པ། །འཛངས་པའི་མི་དགུ་ལ། སྲོ་རིང་ལ་ལེན་ཆེ་ན་འཛངས་ཀྱི་ལྷུ་བཟུག །མཉེན་ངན་ལ་ཉེ་སེམས་ཆེ་བ་འཛངས་ཀྱི་གློག་པ། གཞུང་རིང་ཕྱི་ཐག་རིང་བ་འཛངས་ཀྱི་ཕྱི་རྟགས། ནང་གི་སོ་ཚིགས(ཚིས)བྱེད་པ་འཛངས་གི(ཀྱི)བང་མཛོད། ཕྱིའི་སྡེ་འཆོས་པ་འཛངས་ཀྱི་ངོ་ཚ། ཤེས་པའི་ཡོན་ཏན་སློབ་པ་འཛངས་ཀྱི་བསྣན་བ(པ)འཇུག་སྡུད(ལྡོག)དོན་ལ་མཁས་པ་འཛངས་ཀྱི་རྩ་བ་དང་དགུའོ། །ངན་བའི(པའི)མི་དགུ་ལ། ལེགས་ཉེས་ལྟ་མི་ཤེས་ན་མིག་རྣོ་ཡང་ལོང་བ། བདེན་རྫུན་ངོ་མ་ཤེས་ན་རྣ་བ་གསང་ཡང་འོན་པ། ཉེ་རིང་འབྱེད་མ་ཤེས་ན་ཤེས་པ་གསལ་ཡང་གླེན་བ(པ)། ཕྱི་ནང་འབྱེད་མ་ཤེས་ན་རྣོ་ཡང་ལྡར་པོ། བཟང་ངན་ལྟ་མ་ཤེས་ན་དབང་པོ་གསལ་ཡང་ལོང་བ། དགེ་སྡིག་ལྟ་མ་ཤེས་ན་ཤེས་རབ་ཆེ་ཡང་ལྐུགས་པ། ཆེ་ཆུང་འབྱེད་མ་ཤེས་ན་རྒན་ཡང་བྱིས་པ། ཕན་ཚུན་འགྲོགས་མ་ཤེས་ན་གཤིས་བཟང་ཡང་ངན་བ(པ)། ཚིག་གསུམ་གྲོལ་མ་ཤེས་ན་མགྲིན་བ(པ)ཡངས་ཀྱང་ལྐུགས་པ། ཕོ་རྩལ་སྣ་དགུ་ལ། ཡོད་པའི་དུས་སུ་སྤྱོད་ཤེས་ན་སྐྱེས་པ་ཕོའི་རྩལ། མེད་པའི་དུས་སུ་ཚོལ་ཤེས་ན་སྐྱེས་པ་ཕོའི་རྩལ། འཕམ་པའི་དུས་སུ་ལྡོག་ཤེས་ན་སྐྱེས་པ་ཕོའི་རྩལ། རྒྱལ་བོའི(པའི)དུས་སུ་ཚོད་ཟིན་ན་སྐྱེས་པ་ཕོའི་རྩལ། གཉེན་དགོས་སར་ཐོངས་ན་སྐྱེས་པ་ཕོའི་རྩལ། སྲིད་དགོས་སུ་སྐྱོང་ན་སྐྱེས་པ་ཕོའི་རྩལ། དགྲ་ལ་གཏིང་འཆམ་བྱེད་ན་སྐྱེས་པ་ཕོའི་རྩལ། གྱེ་གླིང(གྱི་ལིང)རྐང་གིས་ནོན་ན་སྐྱེས་པ་ཕོའི་རྩལ། ནམ་ཡང་སྒྱུ་མའི་ནོར་ཀྱིས(གྱིས)མི་ཕོངས་ན་སྐྱེས་པ་ཕོའི་རྩལ། །མོ་འཛངས་ཀྱི་ནོར་དགུ་ལ། ཀྱང་ཀྱོང་མ་ཆག་པ་ཅིག་དགོས། སག་སིག་མ་བོ་བ་ཅིག་དགོས། ངན་ངོན་མ་ཤི་བ་ཅིག་དགོས། ལྡད་ལྡུད་མ་ལས་པ་ཅིག་དགོས། འགྲན་འགྲོན་མ་སྐྱེངས་པ་ཅིག་དགོས། ཁྲད་ཁྲུད་མ་རེངས་པ་ཅིག་དགོས། ལབ་ལོབ་མ་ཤོར་བ་ཅིག་དགོས། ཁྱིམ་མཚེས་ཀུན་དང་མ་མཁོན(འཁོན)པ་ཅིག་དགོས།
སྤྲུལ་པའི་རྒྱལ་པོའི་ཞལ་གདམས། བཅུ་ཚན་དྲུག་ལ། ཆོས་ལ་དཀའ་བ་བཅུ་ལ། དང་པོ་མཚན་ལྡན་བླ་མ་རྙེད་པ་དཀའ། གཉིས་པ་མཁས་པའི་ཕྱག་ཕྱིར་འབྲེང(འབྲང)བ་དཀའ། གསུམ་པ་བསྙེན་བཀུར་དང་རིམ་འགྲོ(གྲོ)འཛོམས་པ་དཀའ། བཞི་པ་དམ་ཚིག་སེལ་མེད་ཐུབ་པ་དཀའ། ལྔ་པ་སྤྱན་སྔར་གཏན་ཚིགས་འགྲོལ་བ་དཀའ། དྲུག་པ་རྒྱུད་ལ་གདམས་ངག་ཐེབས་པ་དཀའ། བདུན་བ(པ)ཉམས་མྱོང་རྒྱུད་ལ་ཞོགས་པ་དཀའ། བརྒྱད་པ་ཕ་ཡུལ་ཞེན་པ་སྤོངས་པ་དཀའ། དགུ་བ་སེམས་དང་ཆོས་སུ་འདྲེས་པ་དཀའ། བཅུ་པ་བླ་མའི་དགོངས་པ་མཐའ་རུ་འཁྱོལ་བ་དཀའ་འོ། །སྐྱེ་བོ་ལ་དཀའ་བ་བཅུ་ལ། གཅིག་ཏུ་འཛངས་པའི་མི་དང་མཐུན་སྦྱོར་བྱེད་པ་དཀའ། གཉིས་སུ་ཉེ་རིང་མེད་པའི་ཞལ་ཆེ་དཀའ། གསུམ་པ་སྤྱན་སྔར་བཀའ་མཆིད་གླེང་བ་དཀའ། བཞི་པ་རུ་ཆད་བྱུང་བའི་ལོག་འཐེན་དཀའ། ལྔ་པ་གྱེན་པོ་བྱུང་བའི་ཚད་མདའ་དཀའ། དྲུག་པ་ལ་ཡིས་ཆོད་མི་ཤ་དཀའ། བདུན་བ(པ)མཛའ་མོ་ཡུན་དུ་འགྲོགས་པ་དཀའ། བརྒྱད་པ་དྲིན་ལན་ཕྱིར་མིག་ལྟ་བ་དཀའ། དགུ་པ་ཏུག་གིས་ཐུག་པའི་ནོར་ཚོལ་དཀའ། བཅུ་བ་གཏམ་སྙན་བས(པས)མི་ཚེ་ཕྱིད་པ་དཀའ། བུད་མེད་ལ་དཀའ་བ་བཅུ་ལ། དང་པོ་འདོད་པའི་བཟའ་གྲོགས་ཡོན་ཏན་མཁན་རྙེད་པ་དཀའ། གཉིས་པ་གྲོགས་ལ་སྲིད(སྲི)ཞུ་བྱེད་པ་དཀའ། གསུམ་པ་ངང་གིས་བུ་ཚ་སྐྱོང་བ་དཀའ། བཞི་པ་གྱོས་རྒྱུད(སྒྱུག)བུད་དུ་ཁུར་བ་དཀའ། ལྔ་པ་ཁྲལ་འགྲོན་དུས་སུ་འཇལ་བ་དཀའ། དྲུག་པ་ཚག་པ་མོ་དང་གླེང་མོ་བྱེད་པ་དཀའ། བདུན་པ་ཁྲལ་འགྲོན་སྨྲ་ལྕེ་ཉུང་པ་དཀའ། བརྒྱད་པ་ལག་སྤད་གཙང་བ་དཀའ། དགུ་པ་སྤྱོད་སྦོ་དུས་སུ་ཉེས་པ་དཀའ། བཅུ་པ་ལག་པས་སོས་གོས་བྱེད་པ་དཀའ། །མིའི་བློ་རིགས་མི་མཐུན་པ་བཅུ་ལ། སྐྱིད་ཅིང་རྒྱགས་པའི་བློ་ནི་ཆོས་དང་འདྲ། བསྡུག་ཅིང་ཕོངས་པའི་བློ་ནི་བྲ་བྲེ་ཚང་སྟོར་འདྲ། གཞོན་ཞིང་སྐྱེས་པའི་བློ་ནི་སྤང་ལ་མེ་འཆེད(མཆེད)འདྲ། རྒས་ཤིང་ཁོགས་པའི་བློ་ནི་ཁ་བ་ཉི་གདུངས་འདྲ། བཟང་ཞིང་དྲང་པའི་བློ་ནི་ཆུའི་རྒྱུན་དང་འདྲ། དཔའ་ཞིང་བརྟན་བའི(པའི)བློ་ནི་སྤང་བློན(རློན)ཕུར་བཏབ་འདྲ། བླུན་ཞིང་འཇམ་པའི་བློ་ནི་དུག་པོར་ཆུར་བཅུག་འདྲ། ངན་ཞིང་གྱོང་བའི་བློ་ནི་བྲེས་ཐག་བླན(རླན)མེད་འདྲ། དམང་པོ་མི་གཅིག་བློ་ནི་སྟོན་ཀའི་ཆུ་རྒྱུན་འདྲ། རང་སྒོ་ཕོ་ཕེར་གྱི་བློ་ནི་སྟག་གི་འཕྱོངས་པ་འདྲ། ཕོ་ལ་དགོས་པ་མདའ་ལ་ཚང་བ་བཅུ་ལ། དང་པོ་སྐྱེ་ས་བཟང་པ(བ)བྲག་ཐོག་གི་སྙུག་མ་འདྲ་བ་ཅིག་དགོས། སྒོ་གསུམ་གཡོ་བ་མེད་པ་སྙུག་མ་སྲོངས་པ་འདྲ་བ་ཅིག་དགོས། ཁོང་པ་ཡངས་པ་སྙུག་མའི་ཁོང་པ་འདྲ་བ་ཅིག་དགོས། མདོ་དོན་སྡུད་ཤེས་པ་ཅ་ར་འདྲ་བ་ཅིག་དགོས། ཤེས་པ་བཀྲ་བ་སྒྲོའི་ནོར་བུ་འདྲ་བ་ཅིག་དགོས། ཟུར་ཐོན་པ་སྒྲོ་འདྲ་བ་ཅིག་དགོས། རྣོ་གཉེན་ངར་དང་བཅས་པ་མདེ་སོ་འདྲ་བ་ཅིག་དགོས། གང་ལ་ཡང་ཐག་ཐོགས་མེད་པ་རྩལ་པོ་ཆེས་མདའ་རྒྱབ་པ་འདྲ་བ་ཅིག་དགོས་སོ། །མོ་ལ་དགོས་པ་འཕང་ལ་ཚང་པ་བཅུ་ལ། དང་པོ་སྐྱེ་ས་བཟང་པ་སྤང་ལ་སྐྱེས་པའི་ཕང་ཤིང་འདྲ་བ་ཅིག་དགོས། ཁྱོ་ལ་མ་སོང་བར་དུ་ལུས་སིང་གཙང་བ་འཕང་འདྲ༢བ་ཅིག་དགོས། ལུས་རྒྱེ་རྒྱུ(དགྱེ་རྒུ)མེད་པ་འཕང་ཤིང་འདྲ་བ་ཅིག་དགོས། གཙང་སྒྲ(སྦྲ)ཆེ་ཞིང་དྲི་མའི་སྐྱོན་གྱིས་མ་གོས་པ་འཕང་བཞོགས་འཕྲོ་འདྲ་བ་ཅིག་དགོས། བཞག་སར་སྡོད་པ་འཕང་ཁུལ(ཁེལ)འདྲ་བ་ཅིག་དགོས། ཤེས་རབ་རྣོ་བ་འཕང་རྩེ་འདྲ་བ་ཅིག་དགོས། གཏང་སར་འགྲོ་བ་བསིར་བ་འདྲ་བ་ཅིག་དགོས། ངོ་རྟག་པ་ལྤགས་བལ་ལ་ཐེར་རྒྱུ་བཀལ་བ་འདྲ་བ་ཅིག་དགོས། བཟའ་གྲོགས་ལ་བརྩི་བ་ཕུད་བུ་འདྲ་བ་ཅིག་དགོས། བུ་ཚུགས་བཟང་པ་ཕུད་བུ་འཁོར་བ་འདྲ་བ་ཅིག་དགོས་སོ། །
ཆོས་སྐྱོང་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་འཛངས་ཡིག་གསལ་བྱེད་མེ་ལོང་ཞེས་བྱ་བ། སྐྱེས་བུ་བློ་དང་ལྡན་བས(པས)ནན་ཏན་མཛོད། །མཾགྷལཾ། །
གསལ་བཤད། ཆོས་སྐྱོང་བའི་རྒྱལ་པོ་སྲོང་རྩན་སྒམ་པོའི་འཛངས་ཡིག་གསལ་བྱེད་མེ་ལོང་ཞེས་བྱ་བའི་གནའ་རྩོམ་འདིའི་མ་ཡིག་མི་རིགས་རིག་གནས་ཕོ་བྲང་གི་དཔེ་མཛོད་དུ་ཉར་ཡོད་སྐད། རྩོམ་དེ་དཔར་སློག་བྱས་པའི་བུ་ཡིག་ཅིག་ལག་སོན་བྱུང་བ་སྔོ་དེའུ་སྒོམ་པ་བཀྲ་ཤིས་སུ་འབོད་པས་མིག་ཚ་བ་དང་སོར་མོ་ངལ་བ་ལ་མ་འཛེམས་པར་གློག་ཀླད་དུ་གཏགས་ཤིང་། དེང་དུས་ཀྱི་ཡིག་སྲོལ་དང་མི་མཐུན་པ་འགའ་ཞིག་ལ་ཟླ་ཁྱིམ་དུ་དེང་དུས་ཀྱི་འབྲི་སྟངས་དཔྱད་གཞིར་བཀོད་ནས་དག་སྒྲིག་བྱེད་ཁུལ་བགྱིས་ཏེ། འདིར་ལྷན་རྒྱས་རྣམ་པ་ཚོའི་སྤྱན་ལམ་དུ་གཟིགས་མོར་བསྟར་བས་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །
ཡོང་ཁུངས། 傲帝仓的自留地公众平台
འབྲེལ་ཡོད་འོས་སྦྱོར།