logo

གནའ་རྩོམ། བོད་མཁས་པའི་འཕྲིན་ཡིག་ཡིད་ཀྱི་ངང་མོ་རྣམ་རྩེན།

རྩོམ་པ་པོ།:བོད་མཁས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-25 ཀློག་གྲངས།:
༄༅། །དབྱངས་ཅན་ངག་གི་རོལ་མཚོ་ཡིད་ཀྱི་ངང་མོ་རྣམ་རྩེན་ཚངས་པའི་མགྲིན་རྒྱན་རབ་དགའི་རྒྱུད་མངས། 

༄༅། །རིག་འཛིན་ལྷ་ཡི་སྐྱེད་ཚལ་དུ། །འཇུག་པའི་འཕྲིན་ཡིག་ཐབས་ཤེས་ཀྱི། །འདབ་གཤོག་གཡོ་བའི་ཟློས་གར་མཁན། །ཡིད་ཀྱི་ངང་མོ་རྣམ་རྩེན་བཞུགས། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤྲིན། །རབ་ཞི་ཆོས་ཀྱི་དབྱངས་བདུན་རྫོགས་པའི་གླུས། །བདེ་བ་ཆེན་པོའི་དཔྱིད་འཇོ་བཅོམ་ལྡན་མ། །ངག་དབང་ལྷ་ཡི་བུ་མོར་བཏུད་ནས་དེའི། །ཐུགས་རྗེའི་འདབ་ཡངས་སྟོང་དུ་འཛུམ་པའི་རླབས། །འགོག་མེད་ཆོས་དོན་ཟབ་མོའི་བདུད་རྩིའི་རོ། །བཅུད་ལེན་སྙིང་བོར་སེམས་པའི་རྐང་དྲུག་པ། །མ་བརྟགས་ཉམས་དགའི་སྙན་ཚིག་མགྲིན་པ་འདེགས། །ལེགས་བྱས་དཔལ་གྱི་དུམ་བུའི་ནགས་ཀྱི་ལྗོངས། །ལང་ཚོར་སྨིན་པ་དལ་འབྱོར་བཟང་བོའི་རྟེན། །འཐོབ་པར་དཀའ་ཡང་ལན་ཅིག་བརྒྱ་ལམ་ན། །རྙེད་འདིར་དམ་པའི་ཆོས་ཀྱི་འབྲས་ལྡན་པས། །དགའ་དང་མོས་པའི་ཚིག་སྦྱོར་གངྒཱའི་རྒྱུན། །ཀུན་མཁྱེན་རལ་བའི་ནགས་སུ་འཁོར་འདོད་ཀྱང་། །དུས་གཞན་སྐལ་ལྡན་ཤིང་རྟས་ཉེར་དྲངས་ཚེ། །འདིར་སྣང་ཁྱབ་འཇུག་ཞབས་ཀྱང་བསིལ་བར་བྱེད། །ཡུལ་གྱི་མངོན་འདོད་གསར་བའི་རྩེ་དགའ་མར། །སྲེད་པས་བཅིངས་པའི་ཉམ་ཐག་འཁོར་བ་བ། །སྣ་ཚོགས་མྱོང་བའི་ཁུར་གྱིས་ཡོངས་དུབ་རྣམས། །རང་སེམས་ངལ་འཚོའི་སྟེགས་བུ་འདི་ལོངས་ཤིག །སྐྱེ་བར་འདྲིས་པའི་བག་ཆགས་བཟང་བོ་ཡིས། །མདུན་ནས་བསུས་པ་དབྱངས་ཀྱི་རྒྱལ་མོའི་གྲོགས། །སྐལ་བཟང་དགེ་ལེགས་རྣམ་པར་རྒྱལ་བའི་ལྷ། །རང་ཉིད་ཉེར་ཞིའི་དཔལ་ལ་ཡིད་ཆགས་ཤིང་། །གཉིས་མེད་གསུང་རྒྱུན་ཡན་ལག་བརྒྱད་ལྡན་ཆབ། །ལྷག་པའི་སྙིང་སྟོབས་འཛིན་མའི་སྣོད་ཡངས་པོར། །དོགས་པ་མེད་པར་འཐུང་བའི་མ་དྲོས་མཚོ། །རྣམ་འདྲེན་ཀླུ་ཡི་དབང་བོའི་ཐུགས་རྗེའི་མཐུ། །རྣམ་དཔྱོད་མཆུ་སྒྲོས་བྱི་རུའི་ཚལ་ནང་སྐྱེས། །ལེགས་བཤད་རོ་བརྒྱ་འཛིན་པའི་པདྨ་འདི། །རྣམ་པར་གྲོལ་བའི་ཉི་ཟེར་འཐུང་འདོད་པས། །དད་དང་བརྩོན་པའི་འཁྲི་ཤིང་ཀུན་ནས་གཡོ། །གང་ཚེ་ལེགས་ལྡན་འབིགས་བྱེད་དགའ་མའི་མགྲིན། །སྔོན་གོམས་རིག་གཞུང་རྒྱ་མཚོའི་ཆུ་རིས་ཅན། །ཀུན་གསལ་ནམ་མཁའི་ཕང་བར་གནས་བཅས་ཏེ། །གནས་སྐབས་བདེ་བར་རློམ་པའི་དུས་ཤིག་ན། །རིག་འཛིན་ལྷ་ཡི་སྐྱེད་མོས་ཚལ་འགྲམ་ནས། །དྲི་ཟའི་ན་ཆུང་གྲུབ་པའི་ཕོ་ཉ་མོས། །བསྐུལ་བའི་སྙན་ཚིག་རྒྱུད་མངས་ལས་ཐོན་པའི། །འཕྲིན་ཡིག་ཀུན་དགའ་རྒྱས་པའི་དབྱངས་ལྡན་དེས། །སྙིང་ལ་བདེ་བའི་དབུགས་འབྱིན་ལྷ་བརྒྱ་ཡི། །གཏམ་སྙན་རྔ་ཡབ་ནོར་བུའི་ཡུ་བ་ཅན། །སྙན་དང་འགྱུར་བག་སྟོང་གི་བསེར་བུའི་རྒྱུན། །ཡིད་ཀྱི་ཤེས་པ་བསིལ་བའི་རྟེན་དུ་འབབ། །རང་སེམས་དྲི་བྲལ་དར་དཀར་ཆུན་པོ་ལ། །བརྩེ་སེམས་མི་ཕྱེད་ཕྱག་རྒྱའི་མདུད་ལྡན་པ། །གཞན་རྐྱེན་སོར་རྩེས་འབྱེད་པའི་གོ་སྐབས་ཀྱང་། །ནམ་མཁའི་ཚལ་གྱི་པད་དཀར་དོགས་པ་བཞིན། །ཉི་ཟེར་ཁུ་བས་ཡོངས་སྨིན་ཨུཏྤལའི། །འདབ་འཕྲེང་རྩེ་གར་རྒོད་པའི་ཁྱིམ་ཡངས་པོར། །བུང་བའི་ན་ཆུང་སྦྲང་རྩིས་མྱོས་པའི་གླུ། །སུམ་རྩེན་ཚལ་གྱི་གླིང་བུའི་སྒྲ་ལྟར་སྙན། །འདི་ན་རྔོན་པའི་གླུ་ལས་རི་དྭགས་བཞིན། །འཁྲུལ་སྣང་འགོག་མེད་མྱོང་བའི་མེལ་ཚེ་བས། །སྡུག་བསྔལ་བདེ་བར་སེམས་པས་ཡིད་དྲངས་ཏེ། །ལང་ཚོའི་ཟེར་ཕྲེང་ནུབ་རིར་འཆེལ་ལ་ཉེ། །ཡུལ་གྱི་ནགས་མཐར་རྒྱུག་པ་ཡིད་ཤེས་ཀྱི།   །བུང་བ་ལས་ཀྱི་བསེར་བུའི་གཞན་དབང་ཅན།   །ལྷ་ཁྱེད་དྲན་པའི་སྦྲང་རྩིས་ཡིད་བཀུག་སྟེ། །གཞན་དུ་མི་གཡོ་ཕྱོགས་དེར་ཁར་མ་ཁོར། །རིང་ནས་གོམས་པའི་བག་ཆགས་ནགས་ཀྱི་གཞིར། །སྨོན་ལམ་དྲི་བཟང་མངར་བོ་འཐུལ་བའི་གྲོགས། །ཀུན་ལས་ཕུལ་བྱུང་ལི་ཤིའི་གུར་ཁང་ན། །རང་སྣང་བདེ་བའི་བུང་བ་ཀུན་དགར་རྒྱུ། །མཐའ་མེད་སྲིད་པའི་སྐྱེད་ཚལ་མངོན་ཡངས་པོར། །ལས་སྣང་འཁྲུལ་རྟོག་ཧ་ལའི་མེ་ཏོག་གི །རོ་བཅུད་དུཿཁ་རྒྱས་པའི་ཁ་ཟས་འདི། །རིག་སྔགས་ཟབ་མོས་སྨན་དུ་བྱེད་ནུས་སམ། །དེ་སྐད་གླུ་ཡིས་གཏམས་ལས་རང་གི་སེམས། །ལྷག་པའི་བསམ་པ་དཀར་ཕྱོགས་ཟླ་བའི་ཆ། །ཀུན་ཕན་ག་བུར་ཆུ་རྒྱས་སྤྲོ་མཁས་དེས། །ལེགས་པའི་ལམ་ཡངས་གསལ་བཞིན་རབ་སྨྲས་པ། །མཚར་སྡུག་ཆུ་རིས་སྙིང་བོས་བཀྲ་བའི་འཛུམ། །སྙན་ཚིག་འཆི་མེད་རྔ་དབྱངས་གསང་མཐོའི་སྐྱེས། །ཡིད་ཀྱི་འཛིན་མར་བདེ་བའི་ཆར་འབེབས་པའི། །ཡ་མཚན་ཀུན་དགའི་སྤྲིན་གྱི་རོལ་རྩེད་མར། །སྔོན་འདྲིས་མཛའ་བ་ག་བུར་དཀར་འཛུམ་གྱི། །རེག་པ་མུ་ཏིག་འཁྲི་ཤིང་ཚལ་གྱི་གཞིར། །དབྱངས་ཅན་སོར་རྩེས་བླངས་པ་སྙན་ཚིག་གི །རོ་བཅུད་སྨིན་པའི་འཕྲིན་ཡིག་མེ་ཏོག་འཕེན། །གསུང་གི་ལྕུག་ཕྲན་ལས་ཐོན་ཚོན་བརྒྱ་བའི། །འཕྲིན་ཡིག་ཨུཏྤལ་གསར་བའི་ཆུན་པོ་ཞིག །མཛའ་བའི་དྲི་བསུང་མངར་བོ་འཐུལ་བཞིན་དུ། །རྣ་བའི་དཔྱིད་དུ་རིང་ནས་འགོད་པ་སྙམ། །ཉམས་དང་འགྱུར་བག་སྟོང་གི་ཟེའུ་འབྲུའི་རྩེར། །དོན་བཟང་ཟིལ་བ་ཚར་དུ་དངར་བའི་བཅུད། །བདག་བློ་དབྱངས་ཅན་གྲོགས་པོས་འཐུངས་པའི་མོད། །བདེ་བས་མྱོས་པའི་གར་བཅས་གླུ་ཡང་ལེན། །སྔོན་ནས་ཡོངས་འདྲིས་བག་ཆགས་ཡངས་པའི་ཚོན། །རང་སེམས་ཟླ་ཤེལ་མེ་ལོང་ལ་འགོད་པ། །ནམ་ཡང་འབྲལ་མེད་སྙན་པའི་གཏམ་གསར་བས། །མཛའ་བ་དཀར་བོའི་བདུད་རྩིས་བྲན་པ་བཞིན། །གཡོ་མེད་གཡུང་དྲུང་སྙིང་བོས་ལྕིད་ཆགས་པའི། །བཙོ་སྦྱངས་གསེར་ལྟར་བཟང་བའི་སེམས་ཀྱི་ཁམས། །མི་འགྱུར་རྡོ་བའི་ངོས་ཀྱི་རེ་ཁཱ་ཞིག །འདི་ན་བདག་གི་སྐལ་བར་ཉེ་བར་རྒྱུ། །སྙིགས་མ་རྣམ་ལྔའི་ལང་ཚོ་རྫོགས་ལྡན་པའི། །དུས་ངན་སྐྱེ་བོའི་སྤྱོད་ཚུལ་སྨྱོན་པའི་གར། །ངེས་མེད་གཡོ་ཡང་ཡིད་བརྟན་མ་མཆིས་པ། །འདི་འདྲར་བདག་སེམས་འཇོག་པ་གང་དུ་བགྱིད། །སྙམ་སེམས་སྐྱོ་ཤས་ཡུས་ཀྱི་ཤུགས་རིང་གི །དབུགས་ཀྱིས་མཆུ་འདབ་དཔལ་ནི་ཟིལ་མནན་ཅིང་། །ཨུཏྤལ་རྣ་རྒྱན་རྙིངས་པ་འགྲམ་པའི་གཞིར། །ལྷུང་བའི་དྲི་བསུང་ཕྱོགས་ལ་འགོད་པ་བཞིན། །རང་གི་སྤྱོད་ཚུལ་དང་མཚུངས་གཡོ་བའི་མིག །རིག་རིག་བགྱིས་ཀྱང་ལྟ་བའི་ཡུལ་བྲལ་བའི། །ཁྱུ་ཉམས་ནགས་མཐར་འཕྱན་པའི་རི་དྭགས་མོ། །ཡིད་ཀྱི་ཤེས་པ་སྐྱོ་བའི་གར་ལ་འཇུག །འོན་ཀྱང་ཟླ་བའི་སྲིང་མོས་མཆོག་སྦྱིན་པའི། །རིག་བྱེད་སྙན་ངག་དམ་པའི་བསིལ་ཡབ་དཀར། །དལ་བུ་དལ་བུར་གཡོབ་འདི་སེམས་ཉིད་ཀྱི། །སྐྱོ་དུབ་སེལ་བའི་རྟེན་དུ་བཟང་ཞིང་བསིལ། །དུས་འདིར་དག་པའི་མཁའ་ལ་རང་སྣང་གི །སྐྱེ་མཆེད་དྲན་པས་སྨིན་པའི་ལང་ཚོ་མས། །ཕན་པའི་སྙིང་གཏམ་དང་སྦྱར་རྡོ་རྗེའི་གླུ། །རྒྱུད་མངས་སྒྲ་ལས་དྲངས་ཏེ་འདི་སྐད་ཟེར། །སྣ་ཚོགས་ལས་ཀྱི་ཤིང་རྟར་ཞོན་པའི་སེམས། །རྣམ་པར་སྨིན་པའི་འབྲས་བུར་མི་འཇིགས་ན། །ལང་ཚོས་རྫོགས་པའི་མངོན་འདོད་ཡོན་ཏན་རྣམས། །མདའ་ལྔའི་ཆོ་གས་རྩེན་ལ་ཅིས་མི་འཇུག །གཞོན་ནུའི་ན་ཚོད་འཛིན་པའི་མཚར་སྡུག་ལུས། །རྒས་དང་འཆི་བའི་གནོད་པས་རེག་མིན་ན། །མཐིང་འོད་རལ་བའི་ཟུར་ཕུད་མཛེས་ཆགས་པ། །ཉེས་མེད་སྤུ་གྲིས་བསྙོལ་བ་ཇི་ལྟར་རིགས། །རིན་ཆེན་རྣ་རྒྱན་འཁྲོལ་བའི་འོད་རིས་ཀྱིས། །མུན་པའི་ཕྱོགས་ལས་རྒྱལ་བྱེད་ནོར་བུའི་ཕྲེང་། །ལུས་སེམས་མཛེས་པ་རྟག་པར་གཏོང་མིན་ན། །རྒྱན་མེད་སྣ་ཞགས་འཕྱང་བ་ཅི་ལ་འོས། །འཁྲི་ཤིང་གཞོན་ནུའི་ལུས་ཕྲ་མིག་ཡངས་མའི། །ལང་ཚོའི་མྱོས་བུམ་མངོན་མཐོའི་ནུ་རྒྱས་ཟུང་། །རེག་པས་བསིལ་བའི་ལག་སོར་འབྲས་ལྡན་ན། །དོར་ནས་ལྷུང་བཟེད་དགའ་བ་ཇི་ལྟར་སྐྱེ། །འཆི་མེད་བདུད་རྩིའི་ཁ་ཟས་མངར་བོ་ཡིས། །ལུས་ཀྱི་པདྨ་དར་བའི་སྐལ་བཟང་ཆ། །དུས་བཞི་འཇིག་པའི་ཆོམ་པོས་མི་འཕྲོག་ན། །བསོད་སྙོམས་ཙམ་གྱི་འཚོ་བར་སུ་ཞིག་བརྟེན། །སུམ་རྩེན་ལྗོན་པ་ལས་བབས་བདེ་ཆེན་གྱི། །རེག་བྱ་སྟེར་བ་ཀན་རྩ་ལིནྡའི་གོས། །འབྲལ་མེད་ལུས་ཀྱི་ཉེར་འཚོར་རྟག་འགྲོགས་ན། །ཤ་ནའི་གོས་ཀྱི་གདུང་བ་ཅི་ཕྱིར་བཟོད། །མཛེས་མའི་ཁ་ཡི་ཆང་གིས་དགའ་ལྡན་པས། །རེག་པ་བདག་གིར་བྱེད་ནུས་བ་ཀཱུ་ལའི། །མེ་ཏོག་ཀུན་དགར་ཆགས་བདེ་མི་འགོག་ན། །སུ་ཞིག་ཚངས་སྤྱོད་གདུང་བ་དོན་དུ་གཉེར། །གསེར་གྱི་བ་གམ་བཞད་ལྡན་ཕྱོགས་ཀྱི་སྒོར། །དྲིལ་ཆུང་སྙན་སྒྲོགས་ལྷ་ཡི་གཞལ་མེད་ཁང་། །རྟག་པར་ལོངས་སུ་སྤྱོད་པའི་མཐུ་ཡོད་ན། །ངེས་མེད་བས་མཐའི་ནགས་ལ་སུ་ཞིག་སྲེད། །མདོར་ན་ལང་ཚོའི་དཔལ་ཀུན་མི་འགྲིབ་ཅིང་། །རང་ཡིད་མཛའ་བའི་གྲོགས་དང་མི་འབྲལ་བར། །འདོད་ལ་གཏན་དུ་རོལ་བའི་གདེང་ཡོད་ན། །དམ་པའི་སྤྱོད་ལ་སུ་ཞིག་གུས་པར་འགྱུར། །འདོད་ཡོན་དབང་བོའི་གཞུ་ཡི་འཁྲི་ཤིང་རྒྱུད། །ལུས་མེད་འཕྲུལ་གྱིས་བདུངས་པའི་མདའ་ལྔ་བ། །སྲིད་པའི་སྡུག་བསྔལ་སྟེར་བའི་མཚོན་ཆ་སྟེ། །རྣམ་པར་དཔྱད་ན་འཇིགས་པའི་ཆོས་ཉིད་ཅན། །དེ་ཕྱིར་རང་སེམས་གླང་བོ་དྲན་ཤེས་ཀྱིས། །རྣལ་དུ་འགོད་པ་ལྕགས་ཀྱུའི་བསྒྱུར་སྟབས་འདིས། །ཀུན་རྟོག་ཉེར་ཞིའི་གོམ་པ་དྲང་བོའི་སྟབས། །བསམ་གཏན་ནགས་མཐར་འགོད་ལ་སེམས་གཏོད་ཅིག །དེ་སྐད་སྨྲས་པའི་མཐའ་དེར་མཁའ་སྤྱོད་ཀྱི། །རིག་འཛིན་གྲུབ་པའི་ན་ཆུང་སྨིན་ལེགས་མ། །དྲན་པའི་སེམས་ཀྱི་ལྷག་མ་བཞག་ནས་ཀྱང་། །ལྟར་སྣང་ཡུལ་ནི་མི་སྣང་དབྱིངས་སུ་སོང་། །དུས་དེར་ཀུན་རྟོག་རང་མདངས་ཚོན་ལྔ་ཡིས། །ལེགས་བྲིས་དབང་བོའི་གཞུ་ཡི་དཔལ་འཛིན་པའི། །སྐལ་བཟང་སྙན་ངག་རྨ་བྱ་གདུགས་མཚར་བོ། །རེ་ཞིག་སེམས་ལ་བསིལ་བའི་རྟེན་དུ་བྱས། །ངོམས་པ་མེད་པར་འདོད་པའི་ཡུལ་ཀུན་ལ། །འགྱུ་བའི་རྦ་རླབས་འགྲེམས་པ་ཡིད་ཀྱི་མཚོར། །དུག་གསུམ་གདེངས་ཅན་གླལ་བའི་རོ་འཛིན་པ། །ཐར་འདོད་རྣམས་ལ་འཇིགས་རུང་གཤེད་མ་ཡིན། །རྩོད་པའི་འཁོར་ལོ་རྣོན་པོའི་གཞན་དབང་ཅན། །སྙིགས་མའི་ཕུན་ཚོགས་ཆུ་ཤིང་ནགས་མྱུལ་བས། །རང་ཉིད་བདེ་བར་རློམས་པ་བརྒྱ་ལམ་ན། །འདོད་པའི་འབྲས་བུ་གྲུབ་ཀྱང་ཡ་མ་བརླ། །དེ་སླད་སྡུག་བསྔལ་རྣམ་མང་གར་གྱི་རོས། །སེམས་ཀྱི་རྐང་སྟབས་བྲེལ་བའི་མུཉྫ་སྐྱེས། །འདུས་བྱས་རང་མཚང་བལྟ་བས་ཡིད་བྲེལ་བའི། །ཤུགས་རིང་རླུང་ཡབ་གཡོབ་ཅིང་འཕེན་པར་བྱེད། །འོན་ཀྱང་ཀུན་གཞིའི་དར་དཀར་ངོས་ཡངས་ལ། །སྔོན་གོམས་བག་ཆགས་སོར་རྩེས་བྲིས་པའི་གཟུགས། །ལེགས་སྤྱད་སྨོན་ལམ་ཚོན་བརྒྱའི་མདངས་གསལ་བ། །སུ་ཞིག་གིས་ཀྱང་འགོག་པར་ནུས་སམ་ཅི། །སླར་ཡང་ལྷག་བསམ་ཤར་རིའི་ཕང་བ་ནས། །གསུང་འཕྲིན་ཉིན་བྱེད་ལྷ་མོ་སྒེག་ལྡན་མ། །སྙིང་ནས་མཛའ་བའི་འོད་ཟེར་གདུ་བུའི་ཚོགས། །འཁྲོལ་བའི་སྒྲ་སྙན་དབྱངས་སུ་ལེན་པ་ཐོས། །ལེགས་བྱས་ཆུ་ཡི་འཁྲི་ཤིང་དོག་པ་ཡི། །པ་ཏྲ་མགྲིན་པར་རོལ་བའི་སྙན་ངག་གཏམ། །ཡིད་འོང་ཝུ་ཕྲེང་མུ་ཏིག་ཕོན་པོ་ཅན། །ངང་བའི་བུ་མོ་ཀུན་དགའི་དོ་རར་ནི། །རྙོག་པའི་དྲི་མ་རབ་བགྲུངས་རྣམ་དཔྱོད་ཀྱི། །རྫིང་བུ་རྣམ་པར་འཕྲུལ་བའི་ཐེམ་སྐས་ཅན། །རིག་བྱེད་གསེར་གྱི་པདྨ་བཞད་པའི་ཚལ། །ལེགས་པར་སྦྱངས་པའི་བསུང་ཞིམ་སྤོས་སུ་བཏུལ། །གྲོགས་དག་ཡིད་ཤེས་དཔྱིད་ཀྱི་ཕོ་ཉ་མོ། །མཛའ་བའི་ནགས་ཀླུང་ཡངས་པོར་བག་ཕེབས་ཀྱང་། །འདོད་དགོངས་སྙིང་བོའི་ཁ་ཟས་མ་ཐོབ་པས། །མགྲིན་པའི་པི་ཝང་སྦྲེང་བ་རྣ་བར་སྙན། །སྔོན་མེད་སྙིང་གཏམ་ག་བུར་ཟེགས་མ་ཡིས། །བསྒོས་པའི་འཕྲིན་ཡིག་མངར་བའི་རོ་བྲོ་བ། །ཅི་ཡང་དཀར་ཕྱོགས་ལྷ་མོའི་ལག་སོར་གྱིས། །དགའ་མགུར་བསྟབས་པ་ཡིད་ཀྱི་བཅུད་དུ་ལེན། །བག་ཡོད་སྦྲང་ཆང་མངར་བོས་སྙིང་མྱོས་པས། །རང་རང་སེམས་ཀྱི་དོ་རར་མངོན་འདོད་ཀྱི། །གོམ་པ་འདེགས་འཇོག་མང་བའི་སྟངས་སྟབས་ཀྱང་། །རེ་ཞིག་མཛེས་པ་འགོག་པའི་ཟོལ་ལ་བརྟེན། །རིག་གཞུང་ཟབ་མོའི་རྡོ་རྗེ་རྡུལ་ཕྲེང་རྒྱུན། །འདྲེན་བཞིན་དལ་གྱིས་འབབ་པ་སཱི་ཏའི་ཀླུང་། །ཚིག་དོན་གཡས་སུ་བསྐོར་ནས་རང་བློའི་མཚོར། །རྦ་རླབས་སོ་དཀར་འཛུམ་པའི་འོད་སྣང་འགྲེམས། །དཔྱད་ཀྱིན་བཟང་བའི་བློ་གྲོས་སའི་ཟླ་བ། །ཀུན་བཟོད་མངལ་དུ་གབ་ཀྱང་རང་བཞིན་ཉིད། །འགྱུར་མེད་འོད་ཀྱི་ཐིག་ལེ་མཁར་འགོད་པ། །སྒྲིབ་བྲལ་དངོས་པོའི་ཆེ་བ་ཡིན་མོད་ཀྱང་། །ལས་ཚུལ་ལྕགས་ཀྱི་སྲད་བུས་འཆིང་བ་དང་། །ལྷན་ཅིག་འགྲོགས་པའི་མརྒད་འདབ་ལྡན་མ། །གཞན་དབང་གཟེབ་ཀྱི་སྙིང་བོར་ལུས་བཅིངས་པས། །གཅིག་པུའི་སེམས་ཀྱི་ཀུན་རྟོག་དབྱངས་སུ་འབྱིན། །འདོད་པའི་ཆུང་མ་གཞན་བཞིན་ཡིད་ཀྱི་ནོར། །འཕྲོག་པའི་ཆོམ་རྐུན་ལྷན་སྐྱེས་རི་དྭགས་མིག །མ་འདྲིས་མཛའ་བ་དཀར་བོའི་ལ་དུ་ཞིག །ཕྱོགས་ཀྱི་མགྲོན་པོར་ཕྲད་སྐྱེས་ཡིན་ཀྱང་སླར། །རིང་ནས་གནས་ཀྱང་སྙིང་ལ་འབབ་པ་ཡི། །གཏམ་སྙན་སྐད་ཀྱི་རོལ་མོས་ཡིད་བཅུག་པ། །དབྱར་སྐྱེས་འབྲུག་ལ་རྨ་བྱའི་བུ་མོ་བཞིན། །ཀུན་དགར་རོལ་བ་སྲིད་ན་འགའ་འགར་ཤེས། །བྱམས་བརྩེའི་དྲི་བསུང་རྒྱས་པའི་པདྨ་དཀར། །གསུང་གི་གསང་བས་ཐོས་འཛིན་ཉེར་སིམ་ཡང་། །ཁྱོད་སྐུ་མངོན་སུམ་མཐོང་བ་འགོག་བྱེད་པའི། །ལས་དབང་མུན་པའི་ཡོལ་བ་འདི་ཅི་ཞིག །སུམ་རྩེན་ཚལ་དང་ཀླུ་དབང་གྲོང་མཚུངས་པར། །གནས་ཀྱིས་བསྐལ་པས་རྟག་པར་ཁྱོད་ཞལ་གྱི། །པདྨ་ཚར་དུ་དངར་དེར་ལྟ་འདོད་ཀྱང་། །ལྷ་ཡི་བདུད་རྩིའི་གཏམ་བཞིན་སྙན་པ་ཙམ། །གཞུང་ལུགས་འོ་མའི་རྒྱ་མཚོར་རྩེན་པས་ཡིད། །ཅུང་ཟད་བསིལ་བའི་དངོས་པོས་བཟུང་མིན་ན། །མྱ་ངན་ཚ་ཟེར་འབར་བའི་གདུང་བྱེད་འདིས། །འཚོ་བའི་སྲོག་ཀྱང་ཁམ་ཟས་བྱེད་པ་སྙམ། །འོན་ཀྱང་སྙིང་སྟོབས་ཟླ་འོད་དལ་བུའི་རླུང་། །བརྟེན་ཕྱིར་སྨོན་ལམ་དག་པའི་འཁར་བ་ལ། །རང་སེམས་ངལ་འཚོའི་སྟེགས་བུ་འགོད་བཞིན་དུ། །དྲན་པའི་ཁྱེའུ་ཕྱོགས་དེར་ཡང་ཡང་རྒྱུ། །རིག་འཛིན་དགའ་མས་བརྟེན་པའི་ནགས་ཀྱི་ལྗོངས། །ཧ་རི་ཙན་དན་འཁྲི་ཤིང་རྡུལ་ཚོགས་ཀྱིས། །ཕྱོགས་ཀུན་དྲི་བཟང་ཁང་བར་བཞད་པའི་མཚོ། །མཐོང་བ་མིན་ཡང་ཡིད་ཀྱི་ཤེས་པ་འགུལ། །རང་སེམས་ལྟ་བུར་གཙང་བྱེད་ལྷ་ཡི་རྫིང་། །གསེར་གྱི་པདྨ་བཞད་པའི་སྙིང་བོའི་རྡུལ། །དབའ་རླབས་སོར་མོས་ལེགས་བྲིས་ཚངས་པའི་མཚོ། །སྔོ་བསངས་ཆུ་ཡི་ལྷ་མོའི་གདེངས་ཀ་བཞིན། །ཡིད་འཕྲོག་ཤེལ་གྱི་ལྕུག་ཕྲན་རླུང་བཞོན་གྱིས། །གཡོ་ལྡན་ཆགས་པའི་མིག་ཡངས་མེ་ཏོག་མདའ། །བགྲང་ཡས་སྨིན་ལེགས་གཞུ་ཡི་འཁྲི་ཤིང་ལ། །དྲངས་ཏེ་གདུལ་བྱའི་སྙིང་ལ་འདིར་སྣུན་ཞིག །སྙན་པའི་ཉམས་བརྒྱ་ངག་གི་ཀུ་མུ་དར། །རྗེས་ཆགས་བཀའ་ཡིག་རོ་ལྡན་གྲུབ་པའི་སྐྱེས། །རྙོག་བྲལ་མོས་པའི་ཡིད་ཀྱི་མཁའ་ལམ་ལས། །རྒྱུ་སྐར་འཛུམ་པའི་རླབས་བཞིན་འཕེན་པར་མཛོད། །བཟང་མིན་ལས་དབང་མུན་པའི་གོས་གྱོན་ཏེ། །འཁྲུལ་སྣང་ཁྲག་ལ་རོལ་བའི་ཕྲ་མེན་མའི། །མངལ་དུ་འཕྱན་པའི་ལྷག་བསམ་ཟླ་ཚེས་འདི། །ལྷ་ཁྱོད་ཐུགས་རྗེས་ཀུན་ནས་སྣང་བར་མཛོད། །དེ་ལྟར་སྙིང་གི་པདྨ་ཅན་རོལ་བའི། །ལྷག་བསམ་ལྟར་དཀར་འཕྲིན་ཡིག་ངང་བའི་རྒྱལ། །གཏམ་སྙན་མགྲིན་རྔ་བརྡུང་བའི་ཟོལ་བགྱིས་ཏེ། །རང་སྣང་ལྷ་ཡི་ལམ་ལ་ཞོན་ནས་སོང་། །དེར་ནི་སྔ་མའི་ལེགས་བྱས་ལྷག་མ་ཡི། །སྦྲང་རྩིས་མྱོས་པའི་རྣམ་ཤེས་རྐང་དྲུག་པ། །ཡུལ་གྱི་ནགས་མཐར་རྒྱུ་བས་ཐང་ཆད་ནས། །རྟོག་ཚོགས་ཉེར་ཞིའི་དབྱིངས་སུ་བདེ་བར་གཉིད། །སྙིང་གཏམ་ཤལླ་ཀ་ཡི་ནགས་ཀྱི་དཔལ། །དྲན་པས་ཡིད་ཀྱི་གླང་བོ་རྒྱུག་རྩོམ་དུས། །ཉེར་ཞི་བསིལ་ལྡན་ལྕགས་ཀྱུའི་བསླབ་པ་ཡིས། །རྣལ་དུ་འགོད་ཐོབ་ཁ་ལོ་བསྒྱུར་བའི་དྲིན། །རང་ཉིད་ཆོས་དང་ཐར་བའི་མེ་ལོང་ལ། །ཉེ་བར་སེམས་པའི་ལྟད་མོས་ཡིད་གཡེངས་ཀྱང་། །ཚངས་པའི་བུ་མོའི་སྒྲ་སྙན་གླུར་ལེན་པ། །དུས་གཞན་ཞིག་ན་དྲན་པའི་གསོས་སུ་གྱུར། །སྙན་འཇེབས་ངག་ལ་འཕོས་པའི་དབྱངས་བདུན་གྱི། །དཀྱིལ་འཁོར་ཕང་བར་འཛེགས་པའི་རྒྱུད་མངས་མཁན། །རོ་ལྡན་འཁྱོག་པའི་ཉམས་ཀྱི་ཚིག་སྦྱོར་སླད། །ཀུན་རྟོག་གསར་བ་གསར་བའི་གར་ལ་འཇུག །འདིར་སྣང་འདོད་པའི་སྙིང་བོ་ཧ་ལའི་བཅུད། །མངར་བོས་ཁེངས་པའི་མྱོང་བྱའི་ཚོན་བཀྲ་བ། །སྲིད་པའི་ནགས་ཀླུང་དཔྱིད་དགའི་མེ་ཏོག་ཕྲེང་། །བདུད་རྩིར་བསྒྱུར་ཏེ་མགྲིན་པར་ཅིས་མི་ལེན། །མངོན་འདོད་སྒྱུ་རྩལ་འཁྲི་ཤིང་ལྡིང་ཁང་དུ། །མི་ཕྱེད་ཕྱག་རྒྱས་འཁོར་བའི་བསླབ་པ་མཁན། །དྲན་པའི་ཕོ་ཉ་དང་བོ་ཙཱུ་ཏའི་ཤིང་། །འོ་མས་བཅུ་གཉིས་ཁྱིམ་གྱི་འཁོར་ལོའི་མགོན། །ཤར་རིའི་གཙུག་ན་དལ་གྱིས་རྒོད་བྱེད་ཀྱང་། །མངར་བའི་དྲི་ལྡན་པདྨའི་འཛུམ་ཞལ་ལས། །སྐྱུགས་པའི་རྡུལ་དམར་འཐུང་བར་དེས་མ་སྤོབས། །དེ་ལྟ་ན་ཡང་རྗེས་ཆགས་དམར་འོད་ཀྱི། །ཕྱི་མིག་ཞགས་པས་གྲོགས་ལ་སྐྱེད་བསྲིངས་ཏེ། །དལ་བུས་བགྲོད་པས་རང་གནས་ཆུ་ལྷ་མོའི། །གདེངས་ཀ་མཁའ་ལ་བཀྲམ་པའི་མལ་སྟན་འཛིན། །བྲལ་སྐྱོའི་མིག་ཆུས་ཕྱིད་པའི་འདྲེན་བྱེད་ཟུང་། །བྱང་དུ་ལྟ་བའི་ངལ་བ་བསྲུང་སླད་དུ། །རྣམ་པ་གསལ་མིན་འོད་ཀྱི་རང་གཟུགས་ཤིག །བདག་གི་མདུན་ངོར་ལམ་ལམ་འཁོར་བ་སྙམ། །དེ་ཚེ་གཉིས་འཐུང་དཀར་བོའི་ལག་པ་ལྟར། །གཡོ་ཡངས་ཆུ་འཛིན་ལང་ཚོའི་རི་མོ་ཅན། །ཕྱོགས་དེར་བགྲོད་པ་མཐོང་བས་དྲན་སྐྱེས་ཏེ། །ངལ་དུབ་ཡུས་ཀྱིས་བརྣངས་པའི་འཕྲིན་འདི་གཏམ། །ཀྭ་ཡེ་ཚུར་ཤོག་ལུས་སེམས་བསིལ་བྱེད་མཁན། །ནམ་མཁའི་ཚལ་ན་རྒྱུ་བའི་ས་བསྲུང་བུ། །རབ་ཞི་བདུད་རྩིའི་བཅུད་ཀྱིས་མངར་བྱས་པའི། །འདོད་དགོངས་སྙིང་བོའི་འཕྲིན་འདི་ཁྱོད་ཀྱིས་ཁྱེར། །འཁོར་བའི་ཁྱོན་ལྟར་ཡངས་པའི་གསེར་གྱི་སྙིང་། །གདུང་བྱེད་ཚ་བས་ཉེན་པའི་མྱ་ངམ་ཐང་། །བཟོད་དཀའ་སྐྱོ་ཤས་གོམ་པའི་འདེགས་འཇོག་གིས། །གཞལ་བའི་དོན་མཐུན་ཡིད་ལ་བདེ་བ་ཅི། །གྱ་གྱུ་ཡིད་ཀྱིས་དགའ་བའི་ནགས་ལྗོངས་སུ། །རྣམ་པར་འཁྱམས་པའི་ངལ་བས་སྒྱིད་ལུག་ཅིང་། །འཁྱོག་ཚིག་འཁྲི་ཤིང་ངོགས་ལ་རྟེན་འཆའ་བ། །ཀྱེ་མ་དབུལ་བོའི་རྣམ་ཐར་ཤིན་ཏུ་མཚར། །མཚན་དུས་དགུང་གི་མལ་ན་རྒྱུ་སྐར་གྱི། །ཕུང་བོ་བདུད་རྩིའི་ཟེགས་མས་ལུས་བཀྲ་ཡང་། །འདྲེན་བྱེད་ཡུལ་ན་མི་བརྟན་གཡོ་བའི་གར། །ཕྱོགས་ཀྱི་འཁོར་ལོའི་ཕ་མཐར་ཆས་པ་མཐོང་། །འོན་ཀྱང་སྨོན་ལམ་རྡོ་རྗེའི་ཉག་ཕྲན་ཤུགས། །བསྐྱོད་པས་སྲིད་པའི་གྲོང་གསུམ་མཐར་བྱེད་ན། །རང་རང་མོས་ངོར་མངོན་པར་འདུ་བྱ་བའི། །འདོད་དོན་ཤེས་ལ་གཟུགས་བཞིན་ཅིས་མི་འཇུག །མཁའ་ལ་སྤྱོད་པ་ཡོངས་ཀྱི་འབབ་སྟེགས་སུ། །བཀོད་པའི་ལེགས་ལྡན་འབྲས་དཀར་སྙེ་མའི་ཚལ། །མཐའ་ཡས་བཅུད་དུ་ལེན་ཕྱིར་ཆུར་སྒྲོགས་བུ། །ཡིད་ཀྱི་སྨོན་པ་མ་ཤོར་ངང་གིས་འབབ། །མགྲིན་པ་འཁྱོག་པོར་བསྐྱོད་པའི་མིག་ཡངས་ཟུར། །ནན་གྱིས་བལྟ་བྱའི་ཡུལ་ལ་སེམས་འགོད་ཀྱང་། །གཞོན་ནུ་རྩ་ཡི་མྱུ་གུས་གདོང་བསྒྲིབས་པའི། །ཟོལ་ལ་ཉེ་བར་བརྟེན་པའི་རི་དྭགས་མོའི། །གྲོགས་སུ་འོས་པ་ནམ་ཟླའི་རྗེས་འགྲོ་མཁན། །འདོད་པའི་ཏཱ་ལ་འདབ་ཕྲེང་ཤིང་རྟའི་རྩེར། །གནས་པ་སྦྲང་རྩིའི་དབྱངས་སྙན་འགྱུར་ཁུགས་ཀྱིས། །ས་ལ་ཀུན་དགའ་སྟེར་བའི་ཕོ་ཉར་འོང་། །སྔོ་ལྗང་འཁྲི་ཤིང་མཛེས་མའི་སྟོད་ཀོར་དུ། །མེ་ཏོག་ཕྲེང་ཚོགས་བཀྲམ་པས་ཡིད་འཁྱོར་བ། །བརྟེན་ཕྱིར་སེན་རྗེས་གསར་དུ་འགོད་རྩོམ་པའི། །འདབ་ཆགས་གཞོན་ནུ་སྙན་པའི་གླུ་སྒྲས་ཁོལ། །བག་ཕེབས་དབེན་ས་གྲུབ་པའི་བསྡི་གནས་མཆོག །མཛེས་ཤིང་མངོན་དགའ་ལྷ་ཡི་རི་བོར་ནི། །རིག་འཛིན་དགའ་མས་ལག་པད་ཀྱིས་བཏུད་པའི། །རིན་ཆེན་གདུབ་ཀོར་སིལ་སིལ་འཁྲོལ་བཞིན་དུ། །རྣམ་པ་ཀུན་ལྡན་ནོར་བུའི་སྣོད་ཡངས་སུ། །རྗེས་ཆགས་བཅུ་དྲུག་དགའ་བའི་བདུད་རྩི་མཆོག །རང་བཞིན་ཤེས་པའི་ཀློང་དུ་རོ་གཅིག་པའི། །བདེ་བ་ཆེན་པོའི་མྱོས་བྱེད་ལོངས་སུ་སྤྱོད། །དུས་མཐར་ཕུང་ཁམས་ཉི་ཟླའི་རྒྱུ་བ་ཀུན། །ཁམ་ཟས་བྱེད་པ་ནང་གི་སྒྲ་གཅན་འཛིན། །ཡིད་ལུས་ཕྲ་བའི་འཇའ་ཚོན་ཟོལ་བཟུང་ནས། །སྲིད་ཞི་མཉམ་པར་སྦྱོར་བའི་དབྱིངས་སུ་རྩེན། །ཚུལ་དེར་སྤྲོ་བའི་ལེགས་སྨོན་འཇའ་རིས་ཀྱིས། །མིག་མང་རིས་སུ་བྲིས་པ་ཡིད་ཀྱི་མཁར། །རྒྱུ་བའི་ལྷ་གཅིག་གཙུག་ན་ཟླ་མཛེས་མས། །བདག་གི་སྙིང་ལ་ཉམས་བརྒྱའི་གར་མཛོད་ཅིག །རྣམ་དཔྱོད་ཟླ་ཤེལ་ནོར་བུ་མེ་ལོང་མཆོག །ཕྱིས་པ་མིན་ཀྱང་རྟག་པར་རྡུལ་བྲལ་བའི། །གནས་ལུགས་བཞིན་གྱི་པདྨ་འཆར་བའི་སྣོད། །རང་གི་རྟོགས་བརྗོད་གཉིས་པ་དེང་འདིར་སྣང་། །ཚུར་མཐོང་བློ་ཡི་སྲད་བུ་དང་འཚམ་པར། །འཕྲིན་ཡིག་ཚར་དུ་དངར་བའི་དོ་ཤལ་འཛུམ། །བློ་གསལ་ཀུན་ལ་རབ་དགའི་སྐྱེས་བཟང་བོར། །སྦྱིན་གྱི་སྙིང་ལ་བསིལ་བའི་རྟེན་དུ་ཟུངས། །གང་འདིར་འབད་པའི་ལེགས་བྱས་ཡར་ངོའི་ཟླ། །ལྷག་བསམ་དཀར་བོའི་འོད་སྣང་འཛིན་པའི་མཐུ། །མི་ཉམས་གོང་དུ་འཕེལ་བའི་སྲིད་པར་ཡང་། །མཐོ་རིས་ཡོན་ཏན་བདུན་གྱིས་མཛེས་གྱུར་ཅིག །རིག་བྱེད་གཡས་སུ་འཁྱིལ་བ་མགྲིན་པའི་དུང་། །གཞོམ་མེད་སྙན་ཚིག་རྡོ་རྗེའི་སྒྲ་དབྱངས་ཅན། །ཆོས་དོན་དྲི་མ་མེད་པའི་རོར་གཅགས་པས། །སྨྲ་བ་ཐམས་ཅད་དོན་དང་ལྡན་གྱུར་ཅིག །ལྷག་པའི་སྙིང་སྟོབས་མྱ་ངན་མེད་པའི་ཚལ། །ཤེས་བྱ་ཀུན་ལ་ཆགས་ལྡན་མིག་ཡངས་མའི། །ཡེ་ཤེས་ཞབས་རྡུལ་ལྷུང་བའི་སྐུ་བཞི་ཡི། །དོག་པ་དམར་བོས་ཀུན་ནས་ཤིས་གྱུར་ཅིག ། དེ་ལྟར་རྣམ་པ་འཇིག་རྟེན་དང་མཐུན་པར་འཇུག་པའི་འཕྲིན་ཡིག་ཡིད་ཀྱི་ངང་མོ་རྣམ་པར་རྩེན་པ་ཞེས་བྱ་བ་འདི་ཡང་། ཡུལ་ལ་སྟོད་ཀྱི་སྙན་ངག་མཁན་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་ལྷས། ས་སྐྱོང་གི་ལོ། འདོད་པའི་ཟླ་བར་གྲགས་པ་ནག་ཉའི་ཤེས་རབ་ཕྱོགས་ཀྱི་གང་བ། བཀྲ་ཤིས་ཚངས་པ་དབང་ཕྱུག་གི་འགྲུབ་པའི་སྦྱོར་བ་ལ་ལུགས་གཉིས་ཀྱི་བ་གམ་མངོན་མཐོར་བཞད་པ་བྱ་བཟང་སྣང་རྩེའི་ཕོ་བྲང་དུ་ཇི་ལྟར་ཤར་བའི་དོན་ཡི་གེར་བཀོད་པ་དགེ་ལེགས་སུ་གྱུར་ཅིག །ཚིག་སྦྱོར་རབ་གསལ་ལྷ་བརྒྱ་ཡི། །རྒྱུད་མངས་ཆོས་དོན་སྙིང་བོ་ཅན། །འདི་ཡང་གསལ་བར་མི་གོ་ན། །དེ་ནི་བ་ལང་རྣ་བའི་སྤུན། །དུས་ཀྱི་དྲི་མས་སྦགས་པའི་བློ། །སྙན་ངག་གཏམ་གྱི་ཚོན་མི་འཛིན། །དེ་ཕྱིར་བུམ་ནང་མར་མེ་བཞིན། །རང་གི་སྙིང་ལ་གསལ་བ་ཙམ། །

ཡོང་ཁུངས། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་སོགས་ཀྱིས་མཛད། «སྙན་ངག་མེ་ལོང་མའི་རྩ་འགྲེལ་ཕྱོགས་བསྒྲིགས།»པོད་བདུན་པ།
འབྲེལ་ཡོད་འོས་སྦྱོར།