བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཚང་གི་སྙན་ངག
རྩོམ་པ་པོ།:བྲག་དཀར་སྔགས་རམས་པ་བློ་བཟང་བསྟ
ཡོང་ཁུངས།:༢༠༢༠ལོའི་སྦྲང་ཆར་དེབ་གཉིས་པ།
དུས་ཚོད།:2022-01-13
ཀློག་གྲངས།:
༄༅། །ཀུན་བཟང་མེ་ལོང་བྲག་དཀར་མཁའ་སྤྱོད་གུར་ཁང་གི་གནས་བསྟོད་བདེ་ལེགས་གཞི་འཛིན་ཞེས་བྱ་བ་བཞུགས་སོ། །
བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས།
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། གནས་འོག་མིན་སྟོན་པ་དང་པོའི་མགོན། །ཞིང་གངས་ཅན་འདྲེན་མཆོག་ཙོང་ཁ་པ། །དོན་དབྱེར་མེད་དྲིན་ཅན་སྐྱབས་ཀྱི་ཕུལ། །ཕ་རྗེ་བཙུན་བླ་མའི་ཞབས་ལ་འདུད། །ཡུལ་རྨ་ཀླུང་སྐྱོང་བའི་མཐུ་རྩལ་ཅན། །ལྷ་བདུད་འདུལ་གསེར་ཁྲབ་ཅན་གྱི་འདབ། །མ་བསྟན་སྐྱོང་སྨན་མོ་གནས་པའི་ས། །མིང་ཀུན་བཟང་མེ་ལོང་མཁའ་སྤྱོད་བྲག །སྟེང་ནམ་མཁའ་འཁོར་ལོ་གདུགས་ལྟར་ཕུབ། །འོག་དོག་ས་འདབ་བརྒྱད་གདན་ལྟར་བརྟན། །ཕྱོགས་ཐམས་ཅད་བཀྲ་ཤིས་དཔལ་གྱིས་བསྐོར། །འདབས་རིན་ཆེན་སྤུངས་ལྟར་མངོན་པར་མཐོ། །མདོ་ཕྱག་རྒྱ་བསྣོལ་འདྲར་ཟླུམ་པ་ལ། །ཤིང་ཆུ་བྲག་འོབས་ཀྱི་སྒོ་སྲུང་དམ། །ཕུ་ལྕུམ་ལོ་གྱེས་འདྲར་རྒྱས་པ་ལ། །ལྷ་དཀར་ཕྱོགས་སྐྱོང་བའི་ཕོ་བྲང་མཛེས། །ལོགས་སྤང་བྲག་ནགས་ཀྱིས་ལེགས་པར་བརྒྱན། །ངོས་ཀུན་ནས་རྫ་ཆབ་བསིལ་མ་འབབ། །ཤིང་ཤུག་པ་བ་ལུ་བྲག་སྤོས་སོགས། །དྲི་ཞིམ་པོའི་སྤོས་ཀྱི་ངད་པ་འཐུལ། །སྔོ་ལི་ཤི་ཀཎྚ་ཀ་རི་དང་། །རྩྭ་ཨ་བ་གཾ་གཱ་ཆུང་ལ་སོགས། །ནད་ལྡན་འདུས་ཚོགས་རྣམས་སེལ་བྱེད་པའི། །སྨན་བཟང་པོས་ས་ཡི་ཕྱོགས་ཀུན་ཁྱབ། །དྲི་ཁ་དོག་མི་འདྲའི་མེ་ཏོག་དང་། །རོ་བྲོ་བ་མི་གཅིག་ཟིའུ་འབྲས་དང་། །མདོག་ལོ་འདབ་རྣམ་འགྱུར་སྣ་ཚོགས་པའི། །ཤིང་ལྗོན་པས་བར་མཚམས་ཀུན་ཏུ་གཏམས། །རྒྱབ་བྲག་རི་རྒྱལ་ཡུམ་སྒྲོལ་མ་ནི། །ཞབས་གཡས་བརྐྱངས་སྟབས་ཀྱིས་དགྱེས་བཞུགས་ནས། །གནས་འདིར་སྡོད་འཇིགས་ལས་སྐྱོབ་པའི་ཕྱིར། །དུས་རྟག་ཏུ་བྱ་ར་བྱེད་པ་འདྲ། །བྲག་དེ་རྒྱབ་སྤང་རི་འབུར་བ་ནི། །ཆོས་མཚན་ཉིད་བཅུ་ལྡན་དགེ་བའི་བཤེས། །འཁོར་ཐར་འདོད་ཚོགས་ཀྱིས་ཡོངས་བསྐོར་ནས། །ཆོས་ལེགས་བཤད་དགའ་སྟོན་འགྱེད་པ་བཞིན། །ཡང་བྲག་རི་ཡོལ་བ་བརྐྱངས་འདྲ་དང་། །འཕན་བ་དན་དཀར་པོ་འཕྱར་འདྲ་དང་། །ལྷ་ཞི་ཁྲོ་བཞོན་པའི་རྣམ་པ་སོགས། །བློ་རྟོགས་པས་བཏགས་ན་བགྲང་ལས་འདས། །དཔལ་ཆོས་འབྱུང་མ་བཅོས་ལྷུན་གྲུབ་དང་། །སྐྱིབས་རང་བྱུང་ཕུག་པ་རང་གྲུབ་སོགས། །སེམས་ཆོག་ཤེས་ཅན་གྱི་གང་ཟག་ལ། །ལས་མི་དགོས་ངོ་མཚར་སྒྲུབ་ཕུག་མང་། །རྟགས་བཀྲ་ཤིས་རི་མོས་རྣམ་བཀྲ་བའི། །དཔལ་ལྕོག་རི་ལྷུན་པོ་རབ་མཐོ་བ། །ཆོས་སྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་དེ། །ཕྱོགས་ཀུན་ཏུ་མི་ནུབ་བསྒྲེངས་པ་འདྲ། །ཕུ་ས་འཛིན་མཐོན་པོའི་ངོས་ཀུན་ནས། །ཆབ་གཙང་མ་ཉལ་འགྲོའི་རྒྱུན་འབབ་པ། །ལྷ་བླ་མའི་བྱིན་རླབས་བདུད་རྩིའི་ཆུས། །ལས་ཉོན་མོངས་དྲི་མ་འཁྲུད་པ་བཞིན། །མདུན་ཟེ་རི་རྒྱལ་ཆེན་རྣམ་ཐོས་སྲས། །གདན་གདོང་ལྔའི་བཞོན་པའི་སྟེང་འགྱིང་ནས། །ཆོས་ཚུལ་བཞིན་བསྒྲུབས་པའི་སྐྱེས་བུ་ལ། །རང་གང་འདོད་དངོས་གྲུབ་སྩོལ་བ་འདྲ། །ནུབ་ཆུ་ལྷའི་ཕྱོགས་ནས་ཀླུང་ཆེན་རྒྱུན། །ལྷ་མཆོད་སྦྱིན་བརྒྱ་བའི་ཁྲུས་ཆབ་ལྟར། །ཕྱོགས་གཡས་བསྐོར་པ་ཏྲའི་འཛུམ་འཁྱིལ་བཞིན། །ཕྱོགས་འདི་རུ་དལ་གྱིས་སྙོག་པ་འདྲ། །ཡང་དབེན་གནས་འདི་ཡི་ཕྱོགས་བཞི་རུ། །ཤར་སྟག་སྐྱ་གཡུ་འབྲུག་སྔོན་མོ་ལྷོ། །ནུབ་བྱ་དམར་བྱང་དུ་རུས་སྦལ་རྒྱ། །ཕྱོགས་མི་འཆུག་ས་ཡི་གཟེར་བཞིས་མཛེས། །སྟོད་གཡའ་སྤང་གངས་ཀྱིས་བསྐོར་བ་ལས། །དུས་རྒྱུན་དུ་བསིལ་ཞིང་རིག་པ་དྭངས། །བར་ཆུ་བྲག་ནགས་ཀྱིས་ལེགས་བརྒྱན་པས། །འཕྲལ་ཉེར་མཁོའི་ཡོ་བྱད་རྩོལ་སྒྲུབ་བྲལ། །སྨད་དད་ལྡན་ཡོན་བདག་མང་གནས་པས། །ཆོས་ཉམས་ལེན་སྒྲུབ་རྒྱགས་འཚོལ་བ་བདེ། །གྲོང་ཐག་རིང་འདུ་འཛིའི་དབེན་པས་ན། །ནང་རྣལ་འབྱོར་བསམ་གཏན་འགལ་རྐྱེན་བྲལ། །སྐབས་རེ་འགའ་ཆར་སྤྲིན་བླ་རེ་བྲེས། །འབྲུག་དབྱར་སྐྱེས་སྤྲིན་གྱི་རྔ་ཆེན་རྡུང་། །ཆར་ཟིམ་བུའི་ཆུ་ཡིས་ཆག་ཆག་འདེབས། །འཇའ་སྣ་ཚོགས་དབང་པོའི་གཞུ་ལྟར་བཀྲ། །གཅན་རི་དྭགས་ཚོགས་རྣམས་དལ་བར་རྒྱུ། །བྱ་ཁུ་བྱུག་གོང་མོ་འཇོལ་མོ་སོགས། །སྐད་གྲེ་འགྱུར་སྙན་པའི་གླུ་དབྱངས་ལེན། །ནགས་རི་ཀླུང་མརྒད་མདངས་བཟང་འཛིན། །ཀུན་མངོན་པར་དགའ་སྐྱེད་ཡོན་ཏན་ལྡན། །དཔལ་ཨུ་རྒྱན་པདྨས་བྱིན་རླབས་པའི། །ནུབ་སྤྲེལ་རྫོང་བྲག་དཀར་གཉའ་གོང་བྲག །གནས་འདི་ཉིད་བྱིན་རླབས་མཉམ་ཞེས་གླེང་། །དོན་དེ་ལྟར་མཚན་ཉིད་ཀུན་ཚང་ཞིང་། །ཆོས་ཉམས་ལེན་གནས་ལ་ཆེར་བསྔགས་པའི། །སྟེང་འཆི་མེད་ལྷ་ཡི་དགའ་ཚལ་ལྟར། །བློ་བག་ཕེབས་ཡིད་སྤྲོའི་རི་ཁྲོད་འདིར། །ཕ་བློ་བཟང་རྒྱལ་བའི་དབང་པོ་དང་། །རྗེ་མི་ལ་བཞད་པའི་རྡོ་རྗེ་སོགས། །ཁོང་སྐྱེས་ཆེན་དམ་པ་མཐའ་དག་གིས། །ཆོས་ཚུལ་བཞིན་བསྒྲུབས་པའི་རྣམ་ཐར་ལ། །མིག་ཡར་བལྟས་ཚེ་འདི་བློས་བཏང་ནས། །རང་གཏན་བདེའི་འདུན་མ་སྒྲུབ་པའི་ཕྱིར། །ལྷ་བླ་མ་དཀོན་མཆོག་སྤྱི་བོར་བསྟེན། །ལས་སྒྲིབ་སྦྱོང་ཚོགས་བསགས་ཉམས་ལེན་སྐྱོངས། །ཚེ་མི་རྟག་འཆི་བའི་ལྕག་གིས་བསྐུལ། །ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་སོམས། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་སྐྱོངས། །ཆོས་བདག་མེད་རྟོགས་པའི་ལྟ་བ་སྒོམས། །ལམ་རིམ་གཉིས་ཟབ་མོའི་ཉམས་ལེན་གྱིས། །གཞི་སྐྱེ་ཤི་བར་དོའི་སྡུག་བསྔལ་འཇིགས། །ལམ་སྐུ་གསུམ་བདེ་བའི་ངོ་བོར་སྒྱུར། །རྗེས་དམིགས་མེད་བསྔོ་བའི་རྒྱ་ཡིས་ཐོབས། །ནང་ཉམས་ལེན་བློ་གྲོས་རྒྱས་གྱུར་ན། །ཕྱི་སྒྱུ་ལུས་རྒས་ཤིང་རྒུད་གྱུར་ཀྱང་། །རྗེ་ཀུན་མཁྱེན་ཤཱཀྱ་སེང་གེ་ཡིས། །ཆོས་མང་ཐོས་དགེ་སྦྱོང་སྤོང་བ་པ། །ནགས་སྨན་ལྗོངས་རྒྱས་པའི་དགོན་པ་རུ། །ལུས་ལང་ཚོ་ཡོལ་བར་གནས་པ་ནི། །དུས་རྟག་ཏུ་བདེ་ཞིང་སྐྱིད་དོ་ཞེས། །བཀའ་འགྱུར་མེད་བསྩལ་བའི་རྗེས་སུ་སྒྲུབས། །ཚུལ་འདི་ལྟར་སྦྱར་བའི་དགེ་བའི་མཐུས། །སྤྱིར་ཐུབ་བསྟན་དར་ཞིང་རྒྱས་པ་དང་། །སྒོས་བློ་བཟང་རྒྱལ་བའི་སྒྲུབ་རྒྱུད་བསྟན། །ཕྱོགས་ཀུན་ཏུ་དར་རྒྱས་བདེ་ལེགས་ཤོག །ཅེས་ཀུན་བཟང་མེ་ལོང་བྲག་དཀར་མཁའ་སྤྱོད་གུར་ཁང་གི་གནས་བསྟོད་བདེ་ལེགས་གཞི་འཛིན་ཞེས་བྱ་བ་འདི་ནི། དགེ་སྦྱོང་སྙོམས་ལས་པ་བློ་བཟང་བསྟན་པའི་མིང་ཅན་གྱིས་ཆུ་ལུག་ཧོར་ཟླ་བཅུ་གཉིས་པའི་རྒྱལ་བ་དང་པོའི་ཚེས་ལ་དབེན་གནས་དེ་ཉིད་དུ་སྦྱར་བའོ། །
མཛད་པ་པོ་མཚམས་སྦྱོར་ཞུས་པ་མདོར་བསྡུས། གླིང་ཚ་སྙིང་རྒྱལ་འབུམ།
གྲུབ་པའི་དབང་ཕྱུག་ཤར་སྐལ་ལྡན་རྒྱ་མཚོའི་ཐུགས་སྲས་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་མཆོག་ནི། བོད་རབ་བྱུང་བཅུ་གཅིག་པའི་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོར(1653ལོ)རེབ་གོང་གསེར་མོ་ལྗོངས་ཀྱི་ནང་ཚན་བྲག་དཀར་ཞེས་པར་ཡབ་མཐུ་སྟོབས་ཀྱི་དབང་ཕྱུག་སྔགས་འཆང་ཚེ་གཟུངས་འབུམ་དང་། ཡུམ་དད་གུས་དང་སྙིང་རྗེ་ལྡན་པ་བོལ་བཟའ་རྡོ་རྗེ་སྨན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་གྲུབ་པའི་དབང་ཕྱུག་རྣམ་འདྲེན་བླ་མ་སྐལ་ལྡན་རྒྱ་མཚོའི་དྲུང་དུ་རབ་བྱུང་གི་སྡོམ་པ་མནོས་ཏེ་ངུར་སྨྲིག་གི་རྒྱལ་མཚན་བཞེས། དགུང་ལོ་བཅུ་བདུན་པ་ལ་དབེན་གནས་བཀྲ་ཤིས་འཁྱིལ་གྱི་སྒྲུབ་གྲྭར་ཞུགས་ཤིང་། དགུང་ལོ་ཉི་ཤུ་པར་རྒྱལ་སྲས་སྤྲུལ་བའི་སྐུ་བློ་བཟང་བསྟན་འཛིན་ལས་བསྙེན་པར་རྫོགས། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་ཞབས་པད་བསྟེན་ཏེ་དགུང་ལོ་ཉེར་དགུའི་བར་དམ་པ་དེ་ཉིད་ལས་དབང་ལུང་མན་ངག་གི་གདམས་པ་མང་དུ་མནོས། དགུང་ལོ་སུམ་ཅུ་བཞེས་པའི་ཚེ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་བཀའ་ལྟར་དབུས་སུ་ཕེབས་ཏེ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་རྗེ་བློ་གྲོས་མཚན་ཅན་དང་། རཱ་ནའི་མཚན་ཅན་སོགས་ལས་གསང་སྔགས་ཟབ་མོའི་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་སྤྱི་དང་། ཁྱད་པར་དུ་བདེ་གསང་འཇིགས་གསུམ་དང་རིམ་ལྔ་གསལ་སྒྲོན་སོགས་མདོ་སྔགས་ཀྱི་གདམས་པ་མ་ལུས་པ་ལ་ལོ་ངོ་དགུའི་རིང་སྦྱངས། དེ་ནས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་དགོངས་ཞུ་བྱས་ཏེ་ལོ་ངོ་གསུམ་གྱི་རིང་ལ་ཕྱོགས་སོ་སོར་གསུང་ཆོས་མང་པོ་གསན་པར་ཕེབས་ཤིང་ཆོས་རྒྱུན་ཤིན་ཏུ་དཀོན་པོ་སོགས་ཀྱིས་ཐུགས་ཀྱི་བུམ་བཟང་ལེགས་པར་གཏམས།
མདོ་སྨད་དུ་བྱོན་ནས་གྲུབ་པའི་གནས་མཆོག་བཀྲ་ཤིས་འཁྱིལ་དུ་སྒྲུབ་པ་ཉམས་བཞེས་ལ་ལོ་འགར་བཞུགས་ཤིང་། སེང་གེ་གཤོང་མ་མགོ་སྡེ་བའི་སྨད་ཕྱོགས་ཐིག་མོ་ནང་དུ་ཐིག་མོ་དགོན་བདེ་ལྡན་བཀྲ་ཤིས་རབ་བརྟན་གླིང་ཕྱག་འདེབས་མཛད་དེ་རྟེན་དང་བརྟེན་པ་བཞེངས་ལ། སྨོན་ལམ་ཆེན་མོ་སོགས་ཆོས་ཐོག་ངོས་གཙང་བཙུགས། དགུང་ལོ་ང་གསུམ་པ་སྤྱི་ལོ1706ལོར་རེབ་གོང་སེང་གེ་གཤོང་མ་མགོ་དགོན་དགའ་ལྡན་ཕུན་ཚོགས་གླིང་གསར་འདེབས་མཛད་དེ། དབང་ལུང་རྗེས་གནང་མན་ངག་གི་ཁྲིད་སོགས་རྒྱ་ཆེར་སྤེལ། ཕྱིས་སུ་གྲུབ་ཆེན་ཆོས་པ་རིན་པོ་ཆེས་སྒྲུབ་པའི་རྒྱལ་མཚན་བཙུགས་པའི་ཁྲི་ཀའི་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་སོགས་གྲུབ་གནས་མང་པོར་ཕེབས་ནས་སྒྲུབ་པ་ཉམས་ལེན་ལ་གཞོལ། ལྷག་དོན་གོང་བའི་སྐུ་སྐྱེས་ཧོ་ཐོག་ཐུས་གདན་དྲངས་ཏེ་གོང་བ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་དུ་སྐུ་གསུང་ཐུགས་རྟེན་མང་པོ་གཟུངས་གཞུག་འབུལ་པ་དང་རབ་གནས་སོགས་མཛད། ཡུལ་འདིར་པ་ཐུར་ཐེའི་ཇིས་བླ་མར་བཀུར་ནས་ལོ་འགའ་ཞིག་བཞུགས་ཤིང་། པ་ཐུར་ཐེའི་ཇི་གཙོས་དད་ལྡན་མང་པོས་བསྐུལ་མ་བྱས་ཏེ་ཁྲི་ཀའི་སྲིན་པོའི་རྫ་སྐེད་དུ་སྒྲུབ་གནས་ཀུན་བཟང་མེ་ལོང་བྲག་དཀར་མཁའ་སྤྱོད་ཤེལ་གྱི་གུར་ཁང་བཏབ། གནས་དེར་ཕ་བོང་ཆེན་པོ་གསུམ་ཆོས་འབྱུང་གི་དབྱིབས་ཅན་དུ་ཡོད་པའི་སྟེང་ནས་གཟིམ་ཁང་བཞེངས་ཤིང་འཇིགས་བྱེད་ཀྱི་སྒྲུབ་པ་ཡུན་རིང་མཛད། དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པ་སྤྱི་ལོ1716ལོར་དགེ་ལྡན་བསྟན་པའི་མ་དགོན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ཁྲིར་ཕེབས། མེ་ལོང་བྲག་དཀར་དུ་དཔོན་སློབ་འཇའ་མོ་ཚང་དང་། ཚིས་ཀའི་སྔགས་རམས་པ། མི་ཉག་ཞབས་དྲུང་སོགས་ལ་བདེ་གསང་འཇིགས་གསུམ་དང་། ནཱ་རོ་ཆོས་དྲུག ཕྱག་ཆེན་གྱི་ཁྲིད། རྟ་མགྲིན་གསང་སྒྲུབ། འཇམ་དབྱངས་ནག་པོ་རྗེས་གནང་སོགས་བཀའ་ཆོས་མང་དུ་གནང་། དེ་ནས་མེ་ལོང་བྲག་དཀར་ནས་གཞི་རྫོགས་ལྟ་བུར་སྒྲུབ་གནས་དམ་པ་བཀྲ་ཤིས་འཁྱིལ་དུ་ཕེབས་ཤིང་། རི་ཁྲོད་པ་རྣམས་ལ་ལམ་རིམ་བདེ་ལམ་གྱི་ཁྲིད་དང་། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་སོགས་གནང་མུར། དབེན་གནས་བཀྲ་ཤིས་འཁྱིལ་གྱི་གཟིམ་ཁང་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས། གསུང་ལས་སྐྱེས་པའི་བུ་སློབ་ལ་ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་དང་། ཆུ་རུལ་ཁ་བ་ངག་དབང་བློ་བཟང་བསྟན་པ་དར་རྒྱས། རི་ཁྲོད་པ་ཆོས་འཕེལ་དར་རྒྱས། ཉེ་གནས་ཆོས་ལྡན་རྒྱ་མཚོ། རྒྱུད་ཆེན་དགེ་འདུན་སྒང་པ་སོགས་ཤིན་ཏུ་མང་། གསུང་རྩོམ་ལ་རྗེ་བཙུན་བླ་མའི་རྣལ་འབྱོར་འདོད་དགུའི་འབྱུང་གནས་དབང་གི་རྒྱལ་པོ་དང་། དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་ཁྲིད་ཡིག་སྐལ་བཟང་འཇུག་ངོགས་སོགས་རོང་བོ་དགོན་བདེ་ཆེན་ཆོས་འཁོར་གླིང་གིས་པར་དུ་བསྒྲུབ་པའི་པོད་གསུམ་བཞུགས་པ་ད་ལྟ་རེབ་གོང་ཨ་ལགས་ཁ་སོའི་དཔར་ཁང་དུ་བཞུགས་སོ། །
འབྲེལ་ཡོད་འོས་སྦྱོར།