logo

གྲུབ་དབང་འཇིགས་མེད་བསམ་གཏན་ལགས་ཀྱི་སྙན་ངག

རྩོམ་པ་པོ།:གྲུབ་དབང་འཇིགས་མེད་བསམ་གཏན། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-26 ཀློག་གྲངས།:
༄༅། །དབེན་གནས་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་གི་གནས་བསྟོད་གཡས་འཁྱིལ་བཞད་པའི་སྒྲ་དབྱངས།
གྲུབ་དབང་འཇིགས་མེད་བསམ་གཏན། 

༄༅། །ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡ། 
རྒྱལ་ཀུན་བྱ་སྒྲུབ་ཡེ་ཤེས་ངོ་བོ་ཉིད།།   རྗེས་ཆགས་ཟག་མེད་སྙིང་རྗེའི་འོད་ཞགས་སྐྱོངས།། 
དཔག་ཡས་མཛད་འཕྲིན་ཕུན་ཚོགས་དཔལ་མངའ་བའི།།   བླ་མ་ལྷ་མཆོག་ཨཱརྱ་ཏཱ་རེ་མཆོད།།
སྤང་རྟོགས་ཆ་ཤས་ཡོངས་རྫོགས་དཀྱིལ་འཁོར་ལས།།   དགེ་ལེགས་འོད་སྣང་འབུམ་ཕྲག་རབ་འཕྲོ་བས།། 
ས་གསུམ་འགྲོ་བའི་རེ་བ་སྐོང་བའི་གཉེན།།   ཟླ་མེད་སྟོན་པ་ཐུགས་རྗེ་ཅན་ལ་འདུད།། 
ཟབ་ཡངས་བློ་གྲོས་བཟང་པོའི་རྒྱ་མཚོ་ཆེར།།   ཡོངས་རྫོགས་ཐུབ་བསྟན་ནོར་བུས་ཕྱུར་བུར་གཏམས།།  
གྲགས་སྙན་རླབས་ཕྲེང་གཡོ་བའི་ཙོང་ཁ་པ།།   གངས་ཅན་ཤིང་རྟ་ཆེན་པོའི་ཞབས་ལ་འདུད།། 
རྒྱལ་དབང་བློ་བཟང་གྲགས་སྙན་རབ་འབར་བའི།།    སྒྲུབ་བརྒྱུད་བསྟན་པའི་གསེར་གྱི་རྒྱལ་མཚན་མཆོག།། 
སྐྱེ་དགུའི་ཕན་བདེའི་གསོས་སུ་བསྐྲུན་མཛད་པ།།  གྲུབ་མཆོག་དམ་པའི་ཞབས་ལ་སྙིང་ནས་འདུད།། 
གསེར་ཞུན་ཅོད་པན་འཆང་བའི་རིང་ལུགས་ཀྱི།།  ཆོས་མཆོག་བསྟན་པ་འཛིན་ཅིང་སྤེལ་བ་ལ།། 
རྒྱ་ཆེན་འཕྲིན་ལས་དབྱར་མཚོ་ལྟར་འཕེལ་བའི།།  རྗེ་བཙུན་བླ་མའི་ཞབས་ལ་སྙིང་ནས་འདུད།། 
དགའ་ལྡན་སྒྲུབ་བརྒྱུད་བསྟན་པའི་པད་དཀར་རྒྱ།།  ལེགས་གྲོལ་བཀྲ་ཤིས་དྲི་བསུང་འཁྱིལ་བ་ལ།།
དབང་འབྱོར་ཐེག་ཆེན་བཤེས་གཉེན་དུ་མ་ཡིས།།  ཞབས་སེན་འཁོར་ལོས་རྒྱས་བཏབ་གླིང་འདི་བསྔགས།།
བློ་བཟང་སྙན་བརྒྱུད་བདུད་རྩིས་ལུས་སྟོབས་རྒྱས།།  གུས་རྟག་བརྩོན་པའི་གཤོག་རྩལ་རབ་རྫོགས་པའི།།
ཐེག་ཆེན་བཤེས་གཉེན་གཞན་གསོས་དབང་བོ་ཡིས།།  འབྱུང་འགྱུར་ལུང་གི་སྙེ་མ་མཆུར་བཟུང་ནས།། 
དབེན་གནས་པདྨའི་ཚལ་འདིར་ལེགས་བྱོན་ཏེ།།  དགའ་ལྡན་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་མཆོག།།
རྣམ་བཀྲ་ཤིས་པའི་ཏོག་ཅན་བསྐྲུན་པ་ན།།  ཐེག་ཆེན་བཤེས་གཉེན་ཡེ་ཤེས་མཚན་ཅན་ཞབས།། 
དགྱེས་པས་བསྔགས་བརྗོད་མེ་ཏོག་གླིང་འདིར་བབས།།  ལྗོངས་འདིའི་འགྲོ་བའི་གཏན་བདེ་སྲོག་གི་དཔྱིད།། 
རྒྱབ་རི་ལྷུན་ཆགས་ཤེལ་དཀར་སྟོད་གཡོགས་ཅན།།  སྔོ་ལྗང་མརྒད་ཁུ་བས་ལེགས་བྲན་པའི།། 
འོག་ལྤགས་ཤམ་ཐབས་གྱོན་པའི་ས་འཛིན་ལ།།  ཁོར་ཡུག་རི་ཕྲན་དུ་མས་བསྐོར་བ་འདི།། 
ལུང་རྟོགས་ཡོན་ཏན་དཔལ་གྱིས་མངོན་མཐོ་བས།།  ལམ་སྟོན་ཐེག་པ་མཆོག་གི་བཤེས་གཉེན་ཞབས།།
བསམ་སྦྱོར་ཟུང་གིས་གུས་པས་ལེགས་བསྟེན་ན།།  འདི་ཕྱིའི་འདུན་མ་དགུང་ལ་རེག་པའི་བརྡ།།
འཇིག་རྟེན་སྣང་བྱེད་ལྷ་ཡི་སྒྲོན་མེ་ཟུང་།།  ཤར་ཕྱོགས་ས་འཛིན་ཕྲག་ནས་འཆར་འཕྱི་བ།།
ཀླུ་ཟླའི་གྲངས་ཀྱི་རྒྱན་ལྡན་ཆོས་སྒྲུབ་རྟེན།།  རྙེད་དཀའ་དོན་ཆེའི་ངང་ཚུལ་བསམ་དགོས་བརྡ།།
དབྱར་གྱི་དཔལ་མོའི་ལང་ཚོའི་ཐིག་ལེ་ལ།།  གྲང་རེག་ཁ་བའི་རྡུལ་གྱིས་བཅོམ་སྔ་བ།། 
གཅིག་པུར་དབེན་པར་གནས་པའི་ཐར་འདོད་ལ།།  སྙིང་ནས་མི་རྟག་སྒོམས་ཞེས་བསྐུལ་བ་འདྲ།། 
གནོད་སྦྱིན་ཕྱོགས་ནས་ཤུགས་དྲག་ཉལ་འགྲོའི་རྒྱུན།།  གཅོང་རོང་དོགས་པོར་ལྷུང་ལྷུང་རྒྱུགས་པ་འདིས།། 
དགེ་བའི་སྲབ་བྲལ་དམུ་རྒོད་སེམས་ཀྱི་རྟ།།   མུ་མེད་འཁོར་བར་འཁྱམས་པའི་ངང་ཚུལ་སྟོན།། 
སྣ་ཚོགས་རྐང་འཐུང་སྤུ་ལོང་རབ་གཡོ་བས།།   ས་འཛིན་ཡོལ་བ་མཐོན་པོས་སྒྲིབ་པ་འདིས།། 
སྲིད་ལས་ཐར་འདོད་ངེས་འབྱུང་གིས་བསྐུལ་ཏེ།།   བསླབ་གསུམ་ཉམས་སུ་ལོངས་ཞེས་བསྐུལ་བ་འདྲ།།
སྔོ་སངས་ཀུན་གསལ་བུ་མོའི་ཞལ་གྱི་སྒོར།།   ཚེམས་དཀར་ཆུ་འཛིན་འཁྲིགས་པའི་གདེངས་ཀ་ནས།།
རླབས་ཆེན་གྲུ་ཆར་བྱེ་བ་བརྒྱ་འཇོ་བས།།   གསེར་ལྡན་དགའ་མའི་ལང་ཚོ་སྤེལ་བ་འདིས།།
ཀུན་སྙོམས་བྱམས་དང་ཤུགས་དྲག་སྙིང་རྗེ་ཆེ།།  རྨད་བྱུང་བྱང་ཆུབ་སེམས་ཀྱི་བདུད་རྩི་མཆོག    ། 
བློ་གྲོས་ཤེལ་གྱི་བུམ་པར་ལེགས་འཁྱིལ་བས།།  སྐྱེ་དགུའི་ཕན་བདེ་སྤེལ་ཞེས་བསྐུལ་བ་འདྲ།། 
དབེན་གནས་དམ་པའི་རྒྱས་ཀྱི་ནམ་མཁའ་ལ།།  གཉིས་སྐྱེས་འདབ་ཆགས་རྒྱལ་བའི་ཚོགས་འདུས་ནས།། 
ཕན་ཚུན་སྒྲོ་གཤོག་རྩལ་རྣམས་འགྲན་པ་ལྟར།།  དལ་གྱིས་འཁོར་བཞིན་བླ་རུ་འགྲོ་བ་འདི།། 
སྐྱོན་བྲལ་ཚོགས་གཉིས་བཙན་པའི་དཔུང་ཤེད་ཅན།།  ལུང་རིགས་རྩལ་རྫོགས་ཟབ་མོའི་ཤེས་རབ་ཀྱིས།། 
མཐའ་བཞི་སྤྲོས་བྲལ་དབུ་མའི་ནམ་མཁའ་ལ།།  འདི་ལྟར་སྤྱོད་ཅེས་བསྐུལ་བ་གོར་མ་ཆག  ། 
མདུན་ངོས་ཁོད་སྙོམས་ཕུན་ཚོགས་འཛིན་མའི་དབྱིབས།།  འདབ་མ་བདུན་ལྡན་ཆུ་སྐྱེས་བཞད་འདྲ་བ།། 
ལྟ་སྤྱོད་པདྨའི་སྦུབས་ལྟར་ལེགས་གཙང་བ།།   ལྷ་ཆོས་བདུན་ལྡན་ཇོ་བོ་བཀའ་གདམས་པའི།། 
རིང་ལུགས་བཤད་སྒྲུབ་རླབས་ཕྲེང་རབ་གཡོ་བ།།   ཐུབ་བསྟན་འོ་མཚོ་གནས་འདིར་འཕེལ་བའི་བརྡ།།
བཅུད་ལྡན་གཡུ་ཡི་སྙེ་མས་ཡོངས་གང་བའི།།  རབ་མཛེས་ཞིང་ས་དུ་མས་བརྒྱན་པ་འདི།།
སྒྲུབ་བརྩོན་དམ་པ་རྣམས་ཀྱི་ཐུགས་རྒྱུད་ལ།།   ཚེགས་མེད་ཉམས་རྟོགས་ཡོན་ཏན་འཁྲུངས་པའི་བརྡ།།
ཤར་ཕྱོགས་རི་བོ་རིམ་གྱིས་དམའ་བ་འདི།།  རྣམ་གཡེང་ཉེར་འཚེ་གནས་འདིར་ཉུང་བའི་བརྡ།། 
ཆུ་ལྷའི་ས་འཛིན་བརྟན་ཅིང་དཔངས་མཐོ་བ།།  དྲན་ཤེས་བྱ་ར་ངང་གིས་འབྱུང་བའི་བརྡ།།
དབེན་པའི་གནས་ཀྱི་མདུན་དང་གཡས་ཕྱོགས་སུ།།   དར་དཀར་གྱེན་དུ་འཐེན་འདྲའི་ལམ་བཟང་འདི།། 
འཁོས་ཆུང་བྱ་བཏང་འདུལ་འཛིན་ཚོགས་རྣམས་ཀྱིས།།  དད་ལྡན་སྐྱེ་བོ་ཕྱི་བཞིན་ལེགས་དྲངས་ཏེ།། 
འཇམ་དཔལ་སྙིང་བོའི་མདུན་སར་འགྲོ་བའི་བརྡ།།   དབང་ཕྱོགས་རྒྱལ་པོའི་བཀའ་ཡི་ཡིད་བཞིན་ནོར།། 
སྤྱི་བོར་བཅིངས་པའི་རྒྱལ་ཕྲན་དུ་མ་ཡིས།།  འགྱུར་མེད་རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་གིས།། 
མཆོག་དམན་སྐྱེ་དགུའི་གཉའ་བ་མནན་པ་འདི།།   ཐེག་མཆོག་ལམ་བཟང་སྒྲུབ་པའི་གང་ཟག་ལ།། 
ཕྱི་ནང་མི་མཐུན་གནོད་པ་བསྲུང་བའི་ཕྱིར།།   མཐུ་ལྡན་བསྟན་སྲུང་དམ་ཅན་རྒྱ་མཚོ་ཡིས།། 
ཕྱོགས་རྣམས་ཀུན་ཏུ་བྱ་ར་བྱས་པ་འདྲ།།  དེ་ལྟར་ཕྱི་སྣོད་འཇིག་རྟེན་བཀོད་པ་ཡིས།།
ཡོངས་རྫོགས་ལམ་གྱི་རིམ་པ་སྟོན་ནུས་པ།།   དབེན་པའི་གནས་འདིའི་ཁྱད་པར་འཕགས་པའི་ཆོས།། 
རྨད་བྱུང་ཡོན་ཏན་དཔལ་དང་ལྡན་པའི་དབུས།།  སྐལ་བཟང་རྣམ་སད་བྱེ་བ་རོལ་བའི་གནས།། 
ཆོས་ཀྱི་མཐོ་བ་ས་ལ་བབས་འདྲ་བའི།།  རྣམ་བཀྲ་ཚོན་བརྒྱས་སྤྲས་པའི་ཁང་བཟང་ན།། 
མི་འཇིགས་སེང་ཁྲི་ས་སྲུང་དཀར་པོའི་སྟེང་།།  དྲི་མེད་བློ་གྲོས་འདྲེན་བྱེད་སྟོང་གཡོ་ཞིང་།། 
མཁས་བཙུན་བཟང་པོའི་དགེ་ལེགས་དཔལ་ཡོན་ཅན།།  བཤད་སྒྲུབ་རྒྱལ་མཚན་འཛིན་པའི་མཆོག་གྱུར་བ།། 
བཤེས་གཉེན་ལྷ་དབང་གཞོན་ནུ་ལྷམ་མེར་ཞུགས།།  རྒྱལ་དབང་བློ་བཟང་མཁྱེན་བརྩེའི་གཏེར་ཆེན་པོ།།
སླར་ཡང་ངུར་སྨྲིག་འཆང་བའི་ཚུལ་བཟུང་བ།།   ཁྲིམས་ལྡན་ཐར་འདོད་བསམ་ལས་འདས་པ་ཡི།།
གཙུག་ནོར་གཏན་གྱི་སྐྱབས་གཅིག་སྤྲུལ་བའི་སྐུའི།།  ལྷན་སྐྱེས་རྣམ་དཀར་མཛད་པའི་ཉི་འོད་ཀྱིས།།
སྐལ་ལྡན་འགྲོ་ལ་ལམ་བཟང་སྟོན་བཞིན་བཞུགས།།  རྒྱབ་ངོས་ས་འཛིན་ཆོས་དུང་དབྱིབས་ཅན་དང་།།
སྲ་བརྟན་བྲག་རི་རྒྱལ་མཚན་སྒྲེང་འདྲ་འདི།།   ཀུན་མཁྱེན་བློ་བཟང་རྒྱལ་བའི་མདོ་སྔགས་བསྟན།།
བཤད་སྒྲུབ་ཟུང་གིས་འཛིན་ལ་ཟླ་བྲལ་བ།།  སྐྱབས་མགོན་ཡབ་སྲས་སྐུ་ཕྲེང་རིམ་བྱོན་གྱི།། 
རྣམ་དཀར་མཛད་པའི་སྙན་པའི་སྒྲ་དབྱངས་ཀྱིས།།  བྱང་ཕྱོགས་ཁྱོན་ཀུན་འགེངས་པའི་རྟེན་འབྲེལ་དུ།།
འཇིག་རྟེན་མེས་པོས་རིང་ནས་བསྒྲིག་གམ་སྙམ།།  རིལ་བསྲེལ་རྣམ་བཞིས་ཕྱུར་བུར་ལེགས་གཏམས་པའི།། 
ཡབ་རྗེའི་སྐུ་བརྙན་མཐོང་བ་དོན་ལྡན་སོགས།།  བྱིན་རླབས་གཟི་འོད་འབར་བའི་རྟེན་མཆོག་རྣམས།། 
ཡངས་པའི་རྒྱལ་ཁམས་བདེ་སྐྱིད་འཕེལ་བའི་དཔྱིད།།  འགྱུར་མེད་བཀའ་ལུང་རྡོ་རྗེའི་རེ་ཁ་མཆོག།། 
སྤྱི་བོར་བཀོད་པའི་བསྟན་སྲུང་རྒྱ་མཚོའི་ཚོགས།།  པདྨོའི་མཚོ་ལ་ངང་བ་རྩེན་པ་ལྟར།། 
མ་བོས་བཞིན་དུ་གནས་མཆོག་འདི་ན་བཞུགས།།  ས་ལ་གནས་པའི་མཐུ་ལྡན་ཚོགས་རྣམས་ཀྱིས།།
 དགའ་བའི་བ་དན་དབྱིངས་སུ་སྒྲེང་བཞིན་དུ།།   དབེན་གནས་རྟེན་གསུམ་དགེ་འདུན་སྡེ་རྣམས་ལ།།
གཡེལ་མེད་སྲུང་སྐྱོབ་བྱ་ར་བྱེད་བཞིན་བཞུགས།།   ཛ་ཧུའི་བུ་མོ་གཞོན་ནུའི་རྗེས་འགྲོ་བའི།།
ལྷུང་ལྷུང་དལ་གྱིས་འབབ་བའི་ཡོན་ཆབ་དང་།།   དྲུག་ལྡན་བུང་བ་དགའ་བའི་རྩེ་འཇོ་རོལ།།
འཇམ་མཉེན་ལོ་འདབ་རྒྱས་པའི་མེ་ཏོག་དང་།།  དྲི་ལྡན་སྨན་སྣ་ལྷ་ཤིང་ཤུག་པ་སོགས།།
བསང་བྱེད་ཤིང་སྣ་དུ་མའི་བདུག་སྤོས་དང་།།  སྒྲིབ་བྱེད་མུན་པ་དྲུང་ནས་འབྱིན་མཛད་པའི།།
སྣང་བའི་མུ་ཁྱུད་ཟུང་གི་སྒྲོན་མེ་དང་།།  ཚིམ་བྱེད་རོ་མཆོག་བརྒྱ་ཡི་དཔལ་ལྡན་པའི།།
འབྲས་བཟང་གཡུར་དུ་ཟ་བའི་ཞལ་ཟས་དང་།།  སྣ་ཚོགས་ལྗོན་པའི་གར་སྟབས་བསྒྱུར་བ་ལས།། 
སིལ་སིལ་སྒྲ་སྙན་འབྱིན་པའི་རོལ་མོ་རྣམས།།  རྟེན་གསུམ་བླ་མ་དགེ་འདུན་སྡེ་རྣམས་ལ།། 
མ་བཅོས་རང་བྱུང་མཆོད་པའི་མཆོད་དམ་སྙམ།།  རབ་མཛེས་སྤུ་སྡུག་བྱ་རིགས་དུ་མ་ཡིས།། 
སྐད་སྙན་གླིང་བུའི་འགྱུར་ཁུག་འབུམ་བསྒྱུར་བ།།   གང་གི་ཐོས་འཛིན་བུ་གར་སོན་པའི་མོད།། 
དགའ་དད་སྐྱོ་བ་འགྲན་བཞིན་ཅི་ཡང་འཕེལ།།   ཁྱད་འཕགས་དབེན་པའི་གནས་འདིའི་ཉེ་འདབ་ན།།
མཁས་མང་གདེངས་ཅན་བྱེ་བས་ཡོངས་བཟུང་བའི།།   རྨད་བྱུང་ཆོས་སྡེ་ཟབ་ཡངས་རྒྱ་མཚོ་ཆེ།།
 བཤད་སྒྲུབ་ནོར་བུའི་མཛོད་ཀྱིས་ལེགས་པར་གཏམས།།   གང་འདོད་ཡིད་ཀྱི་རེ་བ་སྐོང་བྱེད་པའི།།
 བསམ་འཕེལ་དབང་གི་རྒྱལ་བོ་ལས་ལྷག་གོ །    གནས་མཆོག་འདི་ཡི་རྨད་བྱུང་ཡོན་ཏན་མཛོད།།
བས་མཐའི་འབྲོག་མགོན་ཆོམ་པོས་འཁྱེར་དོགས་ནས།།  ཁོར་ཡུག་ས་འཛིན་ཕྲེང་བས་ཡོངས་བསྐོར་འཚམས།།
 ཉམས་ལྡན་ཕྱག་རྒྱ་དལ་གྱིས་བསྐོར་བ་འདྲ།།  ས་ལ་བཀྲ་ཤིས་དགེ་མཚན་བྱིན་ཆགས་ཤིང་།། 
བར་སྣང་བཀྲ་ཤིས་རྟགས་ཀྱི་རི་མོས་བསྐོར།།   མཁའ་ལ་བཀྲ་ཤིས་སྤྲིན་དཀར་བླ་རེ་ཅན།།
དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་འདི་བསྔགས།།  བློ་བཟང་མཁྱེན་བརྩེའི་སྣང་བ་ཁོང་ནས་བཞད།།
 དགེ་ལེགས་འོད་སྟོང་ཕྱོགས་བཅུར་རབ་འཕྲོ་བས།།  བཤད་སྒྲུབ་བསྟན་པའི་སྦྲང་རྩིའི་རྒྱལ་མཚན་ཚལ།།
 རྒྱས་མཛད་ཡབ་རྗེ་བསྐལ་བརྒྱར་ཞབས་བརྟན་ཤོག།།   བློ་ཆེན་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་རྒྱས།།
ཚུལ་མཐུན་ཁྲིམས་ཀྱི་རི་དྭགས་མཚན་མའི་སྤྲས།།  ཟག་མེད་བསམ་གཏན་འོད་དཀར་ཕྲེང་བ་ཅན།།
 མཆོག་སྤྲུལ་ཟླ་བ་གཞོན་ནུ་རྒྱལ་གྱུར་ཅིག །  ཕ་རྒོད་རྒྱལ་བ་གཉིས་པའི་མདོ་སྔགས་བསྟན།།
 རྩེ་གཅིག་ཉམས་སུ་ལེན་ལ་རབ་བརྩོན་ཞིང་།།   ངུར་སྨྲིག་རྒྱལ་མཚན་འཆང་བའི་བཤད་སྒྲུབ་སྡེ།།
གངས་རིའི་ཁྲོད་འདིར་འཕེལ་ཞིང་རྒྱས་གྱུར་ཅིག །  འཁོར་བའི་བདེ་འབྱོར་སྲིན་མོའི་བསླུ་བྲིད་ལ།།
 ནམ་ཡང་མ་ཆགས་ཐར་བ་དོན་གཉེར་བློས།།   རྣམ་དག་བསླབ་གསུམ་ཉམས་ལེན་མཐར་ཕྱིན་ནས།། 
སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་གྱུར་ཅིག།།   བརྒྱ་ཕྲག་དུ་ཁཿས་མནར་བའི་འགྲོ་བ་ཀུན།། 
སྒྲོལ་ཕྱིར་བླ་མེད་བྱང་ཆུབ་སེམས་བསྐྱེད་ཅིང་།།   རླབས་ཆེན་རྒྱལ་སྲས་སྤྱོད་པ་ཡོངས་རྫོགས་ཏེ།།
 ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག།།   རྒྱུ་དང་རྐྱེན་ལས་བྱུང་བའི་འཁོར་འདས་ཆོས།།
 མིང་བརྡས་བཏགས་ཙམ་མ་གཏོགས་ཡུལ་སྟེང་ན།།   རང་ནས་གྲུབ་པ་རྡུལ་ཙམ་མ་མཆིས་པའི།།
སྟོང་གསལ་ཆོས་སྐུའི་རང་ཞལ་མྱུར་ཐོབ་ཤོག།།   བླ་མེད་སྐུ་གསུམ་གོ་འཕང་ཡིད་བཞིན་ནོར།།
 སྐད་ཅིག་ཉིད་ལ་སྩོལ་མཛད་ལམ་གྱི་ཕུལ།།   འཇམ་མགོན་རྒྱལ་བའི་སྙན་བརྒྱུད་ལས་འོངས་པའི།། 
ཟབ་ལམ་རྡོ་རྗེའི་རིམ་པ་མཐར་ཕྱིན་ཤོག།།   བདག་ཀྱང་དེང་ནས་བྱང་ཆུབ་སྙིང་བོའི་བར།། 
དལ་འབྱོར་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ།།    མཚན་ལྡན་ཐེག་ཆེན་བཤེས་དང་མི་འབྲལ་ཞིང་།།
 ཐུགས་ཀྱི་བཞེད་རྒུ་སྒྲུབ་པས་མཉེས་བྱེད་ཤོག།།   དེ་ལྟར་སྨོན་པའི་རྣམ་དཀར་དགེ་བའི་ཚོགས།།
རྒྱལ་ཀུན་ཟག་མེད་ཐུགས་ཀྱི་ཀློང་སིམ་ཞིང་།།    ཕན་བདེའི་རྫོགས་ལྡན་གསར་བའི་སྤྲིན་ཆེན་གྱིས།།
འགྲོ་བའི་ཡིད་ཀྱི་ཚ་གདུང་གཞིལ་གྱུར་ཅིག།།    ཐུབ་བསྟན་སྙིང་བོ་འཇམ་མགོན་རིང་ལུགས་ཀྱི།། 
བཤད་སྒྲུབ་བསྟན་པའི་ཉི་མ་བྱེ་བ་བརྒྱས།།    དགེ་ལེགས་འོད་སྣང་འགྲོ་ལ་འགྱེད་བཞིན་དུ།།
ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག། ། ཅེས་དབེན་པའི་གནས་མཆོག་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་གི་གནས་ཀྱི་བསྔགས་པ་མདོ་ཙམ་བརྗོད་པ་གཡས་འཁྱིལ་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། མདོ་སྔགས་ལམ་གྱི་རིམ་པ་ལ་སྒྲུབ་པ་སྙིང་བོར་འགྱིད་པའི་བྱ་བྲལ་བ་དགེ་སློང་བསམ་གྲུབ་རྒྱ་མཚོས་རབ་དཀར་ལྷ་རྫས་བཅས་བསྐུལ་མ་གནང་བ་བཞིན་སྤྲང་པོ་ཅོལ་ཆུང་བ་ཨ་བྷྱ་མིང་ཅན་གྱིས་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒལཾ། །
※འདི་ནི«གྲུབ་དབང་འཇིགས་མེད་བསམ་གཏན་གྱི་གསུང་འབུམ»པོད་དང་པོ་ལས་ཁོལ་དུ་ཕྱུང་ཞིང་། ཁ་བྱང་སྒྲིག་པ་པོས་བསྣན་པ་ཡིན། 
མཛད་པ་པོ་མཚམས་སྦྱོར་ཞུས་པ་མདོར་བསྡུས།
གླིང་ཚ་སྙིང་རྒྱལ་འབུམ། ཟི་ལིང་།

        གྲུབ་དབང་འཇིགས་མེད་བསམ་གཏན་ནི། རབ་བྱུང་བཅུ་བཞི་པའི་ཤིང་ཁྱི(1814ལོལོར་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ཆར་གཏོགས། གཡུ་འབྲོང་ཁྱུང་གསུམ་གྱི་ལྷ་ཞོལ་ལྟེ་ཐང་དུ་ཡབ་རྟིས་ཚང་མགོ་རྒས་མཁར་བྱམས་དང་ཡུམ་སྙིང་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བདུན་པར་བདེ་ཆེན་དགོན་པར་བསྐྱལ་ནས་ཆོས་སྤྱོད་བསླབས་ཤིང་མི་རིང་བར་རྫོང་དཀར་དགོན་པའི་ཆོས་གྲྭར་ཞུགས། རྫོང་ཆུང་པཎྜི་ཏ་འཇིགས་མེད་ལུང་རིགས་རྒྱ་མཚོ་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཤིང། ཡོངས་འཛིན་དེ་ཉིད་ཀྱི་ཞབས་ཏོག་ཡུན་རིང་བསྒྲུབ་ཞོར་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན། ལྟ་བ་དང་ཉམས་ལེན་སྐོར་གྱི་དཀའ་གནད་དང་དོགས་དཔྱོད་མཐའ་དག་ལ་ཞིབ་བཤད་ཀྱི་མཛུབ་ཁྲིད་ཞུས་ཏེ་སྒྲོ་འདོགས་ལེགས་པར་ཆོད། དགུང་ལོ་ཉི་ཤུ་པར་རྗེ་ལུང་རིགས་རྒྱ་མཚོས་མཁན་སློབ་སྦྲགས་མ་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རོང་བོ་བློ་བཟང་ཆོས་དར་ལས་སྒྲ་སྙན་ངག་རྩིས་སོགས་རིག་གནས་དང་། ཧོར་གྱ་རབ་འབྱམས་པ་བློ་བཟང་ཉི་མའི་མདུན་དུ་བསྡུས་རྟགས་བློ་གསུམ་ལ་སློབ་སྦྱོང་རྡོ་རུས་ཐུག་པ་མཛད།
        དགུང་ལོ་ཉེར་དྲུག་པ་ས་ཕག(1839ལོལོར་བྱ་མདོའི་ནགས་རྒན་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་ལ་རི་ཁྲོད་དུ་ཞུགས་རྒྱུའི་སྐྱབས་མཇུག་ཞུས་ཤིང་། ཡུན་རིང་ཞབས་ཕྱིར་བསྙེགས་ནས་སྲད་དབེན་གྱི་སྙན་བརྒྱུད་མཐའ་དག་ལྷག་ཆད་མེད་པར་ཐུགས་ཀྱི་བུམ་བཟང་དུ་བསྐྱིལ་ཏེ་གདམས་པའི་བང་མཛོད་གཅིག་པུར་གྱུར། དེ་ནས་བཟུང་རེབ་གོང་གྲུབ་གནས་བརྒྱད་ཀྱིས་གཙོས་བྲག་དཀར་སྒོམ་ཁང་དང་། ཀ་ཞར་མཚམས་ཁང་། གྲོ་ཞིང་ལ་ཁ། རྒོད་རྩེ་རི་ཁྲོད། སྒོ་མོ་ལྷ་བྲག་སོགས་དབེན་པའི་གནས་གང་འགོལ་དུ་དཀའ་སྤྱད་ཤ་སྟག་གིས་སྒྲུབ་པ་ཉམས་ལེན་མཛད། ཞར་ལ་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རིགས་རྒྱ་མཚོ་དང་། བསེ་སྐུ་ཕྲེང་གསུམ་པ། བྲག་ལུང་མཚོ་ཁ་བ། རྗེ་གསེར་ཁང་པའི་བུ་ཆེན་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་དང་། སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོ། མཁའ་སྤྱོད་གྲུབ་པའི་དབང་བོ་སྒོ་དམར་བློ་བཟང་རྒྱ་མཚོ། ཐར་ཤུལ་དཔོན་སློབ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་སོགས་ལས་ཀྱང་སྔ་ཕྱིར་ཆོས་ལུང་མང་དུ་མནོས། རྗེ་གསེར་ཁང་པས་བཙུགས་པའི་རི་ཁྲོད་པའི་སྡེའི་མཆོད་པར་ལན་མང་ཕེབས་ཤིང་། རི་ཁྲོད་པའི་སྡེའི་རྒྱལ་ཚབ་སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོ་ཞིང་གཞན་དུ་གཤེགས་པར་དགོངས་རྫོགས་ཀྱི་མཆོད་སྤྲིན་རྒྱ་ཆེར་བསྟར། 
        དགུང་ལོ་ཞེ་ལྔ་པར་རྫོང་ཆུང་པཎྜི་ཏ་འཇིགས་མེད་ལུང་རིགས་རྒྱ་མཚོས་ཁོང་གི་གདན་ས་གཏད་ཅིང་དགོངས་གཞི་ཅན་གྱི་གསུང་གནང་བ་ནས་བཤད་སྒྲུབ་ཟུང་འབྲེལ་སྒོས་གཞན་དོན་མཁའ་ཁྱབ་ཏུ་སྐྱོང་བའི་དབུ་བཙུགས་ཏེ། སྒོ་མེ་མཆོད་རྟེན་སྐེ་དང་། བིས་ཐང་། རྫོང་དཀར། སྐུ་འབུམ། རྩེ་གཞུང་། ཏན་ཏིག ཀ་རིང་བཅས་དགོན་སྡེ་མང་པོར་མདོ་སྔགས་གཉིས་ཀྱི་དབང་ལུང་རྗེས་གནང་མཐའ་ཡས་པ་གནང་། སྐུ་ཚེ་ཧྲིལ་པོར་དབང་ལུང་མན་ངག་གི་ཁྲིད་རྒྱུན་རྒྱ་ཆེར་སྤེལ་བ་དང་། དགེ་ཚུལ་སློང་གི་སྡོམ་རྒྱུན་སྤེལ་བའི་རྡོ་རྗེ་སློབ་དཔོན་མཛད་པ། རྟེན་དང་བརྟེན་པ་ཞིག་གསོ། ཁྱད་པར་དུ་ཤར་ཐམས་ཅད་མཁྱེན་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་། ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། ཡོངས་འཛིན་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ། ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ། ཡོངས་འཛིན་པཎྜི་ཏ་བློ་བཟང་དཔལ་ལྡན། མགོན་ཀྱཱ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། རྗེ་སྤྱན་སྔ་དཀོན་མཆོག་ཕུན་ཚོགས་སོགས་ཀྱིས་མཚོན་པའི་བུ་སློབ་མང་དུ་བསྐྱངས་པའི་མུར། དགུང་ལོ་གྱ་བཞི་བཞེས་པ་རབ་བྱུང་བཅོ་ལྔ་པའི་མེ་བྱ(1897ལོལོའི་བདུན་པའི་ཚེས་གཅིག་ལ་ཀ་རིང་དུ་གཤེགས། རྗེ་འདིའི་གསུང་རྩོམ་ལ«ཤམ་བྷ་ལའི་རྣམ་བཤད་ཤེལ་དཀར་མེ་ལོང་རིགས་ལྡན་དགྱེས་པའི་མཆོད་སྤྲིན»དང་། «རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་དད་པའི་འོ་མཚོ་བཞད་པའི་ཟླ་བའི་འཕྲེང་བ» «སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོའི་རྣམ་ཐར་དད་པའི་ཀུན་ད་བཞད་པའི་ཟླ་བའི་འོད་ཟེར» «ཤེལ་དགོན་བཀྲ་ཤིས་ལྗོངས་ཀྱི་གནས་ཀྱི་རང་བཞིན་བརྗོད་པ་ཀུན་བཟང་མཆོད་སྤྲིན་དགེ་ལེགས་ནོར་བུའི་དོ་ཤལ» «དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་གི་དབྱར་གནས་པའི་བཅའ་ཡིག»སོགས་མདོ་སྨད་མཐུ་བ་དགོན་པའི་པར་མ་པོད་གཉིས་བཞུགས་སོ། །ཁོང་གི་རྣམ་ཐར་རྒྱས་པ་ནི་མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི«གྲུབ་དབང་འཇིགས་མེད་བསམ་གཏན་གྱི་རྟོགས་བརྗོད་ཟུང་འཇུག་གྲུབ་པའི་བདེན་གཏམ»ཞེས་བྱ་བར་གཟིགས་འཚལ།
འབྲེལ་ཡོད་འོས་སྦྱོར།