logo

དཔལ་ཁང་ལོ་ཙཱ་བ། འཇམ་དབྱངས་ས་པཎ་ལ་བསྟོད་པ།

རྩོམ་པ་པོ།:དཔལ་ཁང་ལོ་ཙཱ་བ། ཡོང་ཁུངས།:འོད་འཛིན་རྩོམ་སྟེགས། དུས་ཚོད།:2022-02-24 ཀློག་གྲངས།:
༄༅། །རིག་གནས་བཅུ་ཡི་སྒོ་ནས་འཇམ་དབྱངས་ས་པཎ་ལ་བསྟོད་པ་བཞུགས་སོ། །
དཔལ་ཁང་ལོ་ཙཱ་བ།
 
ཨིནྡྲ་པཱ་ཎི་བྱཱ་ཀར་ཆ་བསགས་སོགས། །
ལེགས་སྦྱར་རྒྱ་མཚོ་དེ་ཉིད་སྐད་ཅིག་ལ། །
གཟིགས་ཚེ་བརྡ་སྤྲོད་བྱེད་པ་སརྦ་ཛྙཱ། །
སྐབས་གསུམ་བླ་མའི་སྟན་ལས་བབས་སམ་སྙམ། །

ཚད་མ་གསུམ་གྱིས་གནས་གསུམ་གཞལ་བྱའི་དོན། །
མ་ལུས་རྟོགས་པས་སྒྲུབ་དང་སུན་འབྱིན་གྱི། །
མ་རྟོགས་ལོག་རྟོག་ཐེ་ཚོམ་ཚར་གཅོད་པར། །
སྡེ་བདུན་མཛད་པའི་བློ་བདུན་ཁྱོད་ཀྱི་མཚན། །

དམར་སེར་རྒྱལ་ལྷའི་ལུགས་ལས་ཁྱད་པར་དུ། །
ཡོན་ཏན་བརྒྱད་ཀྱིས་འཕགས་པའི་སྡེབ་སྦྱོར་གཞུང་། །
བྲྀཏ་ཛཱ་ཏིའི་ངོ་མཚར་རྟོགས་བྱེད་ལ། །
ཞི་བའི་ཞབས་དང་ཁྱོད་བློ་ཐུན་མོང་གྱུར། །

དབྱངས་ཅན་ལང་ཚོ་ཟག་ཟད་ཡེ་ཤེས་ཀྱི། །
རྩེ་དགས་ཐུགས་ཡིད་གཅུགས་པའི་སེང་གེ་རྩེན། །
ཚིག་རྒྱན་བལ་ལ་ཀི་སྟེ་ལྷའི་རིལ་སྒྲས། །
ཡིད་བསྒྱུར་ཁམས་གསུམ་དབུགས་འབྱིན་སྙན་ངག་མཁན། །

ཏིང྄་སུཔ྄་མཐའ་དང་རྟགས་ཀྱི་རྣམ་དབྱེ་སོགས། །
སོ་སོར་མ་འདྲེས་སྣ་ཚོགས་མངོན་བརྗོད་དག །
འཆད་མཁས་མཐའ་ཡས་མིང་ལ་མ་རྨོངས་པས། །
འཆི་མེད་སེང་གེའི་ཁེངས་པ་ཐུང་ངུར་མཛད། །

སྔོན་བྱུང་ཟློས་པའི་གར་དེ་སྐད་རིགས་བཞི། །
བརྡ་སྦྱོར་ལ་བྱང་རྒྱ་མཚོའི་མཐའ་ལ་སོགས། །
ཚར་ཕྱིན་ཐུགས་ཆུད་ཟིན་དང་མ་ཟིན་པའི། །
སྒྲ་སྐད་ཀུན་གྱིས་ཁྱོད་ལ་ལུང་དུ་སྟོན། །

རྩིས་གྲངས་རིག་པ་ཀུན་རྫོབ་རྟེན་འབྲེལ་ཆེ། །
ཟ་འོག་ལྟར་གཟིགས་སྲིད་པའི་ཨཱ་དཪྴ། །
དཀར་ནག་རྩིས་ལ་བྱ་བའི་རྣམ་རིག་གི །
གཙུག་ལག་རྒྱ་མཚོ་རི་བྱིའི་ཁྱོར་ཆུ་བཞིན། །

ལུས་ངག་ཡིད་དང་བཟོ་དང་མཆོག་ཕལ་གྱི། །
གཟུགས་བརྙན་བསྐྲུན་ལ་ཚད་དང་འཕྲུལ་གྱི་དབྱིབས། །
སྣ་ཚོགས་བྱེད་པོ་ལས་ཚུལ་མཚར་སྡུག་གི །
ཚོན་བརྒྱ་འདྲེན་པ་དཔྱོད་ལྡན་དགའ་བའི་གཉེན། །

མ་རིག་རྩ་བ་བཞི་བརྒྱ་རྩ་བཞིའི་ནད། །
འཕེལ་ཟད་འཁྲུག་པའི་གཉེན་པོ་ཚེའི་རིག་བྱེད། །
ཐར་པའི་འཚོ་སྲོག་བསྲུང་བའི་ཐབས་ཚུལ་སྟོང་། །
ཇི་བཞིན་མཁྱེན་པ་དེ་འདྲ་གཞན་གྱིས་མིན། །

ཡོངས་འདུའི་ཚལ་དུ་ཀུམྦྷི་ད་ར་དང་། །
འོད་ལྡན་ཚོགས་པའི་མཁའ་ནང་ཉིན་བྱེད་ལྟར། །
མཁས་མང་འདུས་པའི་དབུས་ན་ཐམས་ཅད་མཁྱེན། །
ད་དང་མཚུངས་པ་སྔོན་དང་ཕྱི་མཐར་སུ། །

བསིལ་སྦྱོར་སྒེག་མོ་ཐེག་གསུམ་བསྒྱུར་བཤད་ཀྱི། །
སྣང་བ་ཀ་ཙ་ལི་ཏའི་གོས་བཀླུབས་ཀྱང་། །
གསེར་ཞལ་མངོན་དུ་མ་འཕྱར་དེ་སྲིད་དུ། །
རིག་གནས་རྒྱན་གྱི་ལང་ཚོའི་གཏམ་ཡང་ཅི། །

རིན་ཐང་ཆེ་བའི་ནོར་བུ་རིག་གནས་བཅུ། །
ཁྱོད་བློའི་རྡོ་རྗེས་ཡང་དག་མ་ཕུག་བར། །
གཞན་རིག་སྲད་བུས་འཇུག་པ་ཐོབ་མིན་ན། །
བློ་གསལ་མགྲིན་པའི་རྒྱན་དུ་རྔོ་གར་ཐོགས། །

དེ་སླད་འདི་ན་ཐ་སྙད་ཤིང་རྟའི་སྲོལ། །
ཐོག་མར་འབྱེད་ལ་སྟོན་པ་གཉིས་པ་ཞེས། །
གཅིག་ཏུ་དཀར་བའི་སྙན་གྲགས་ཨཱ་ན་ཀ །
ཕྱོགས་ཀྱི་མཛེས་མས་བརྟན་གཡོ་འཇིག་ཀྱང་བརྡུང་། །
འབྲེལ་ཡོད་འོས་སྦྱོར།