logo

༄༅། །ཆོས་རྗེ་ས་སྐྱ་པཎ་ཆེན་རིན་པོ་ཆེར་གསེར་འབུམ་གྱི་ཐིངས་ཡིག་བཞུགས།

རྩོམ་པ་པོ།:སྤྱན་སྔ་གྲགས་པ་འབྱུང་གནས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-12 ཀློག་གྲངས།:
ཨོཾ་སྭསྟི།
བླ་མ་རྣམས་དང་ཡི་དམ་ལྷ། །
བླ་མེད་ཇོ་བོ་དཀོན་མཆོག་གསུམ། །
དུས་གསུམ་འཕགས་པ་ཐམས་ཅད་དང་། །
བརྟུལ་ཞུགས་གྲུབ་པ་མ་ལུས་ལ། །
གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །
ཐུབ་པའི་བསྟན་པ་རིན་ཆེན་ལ། །
བྱ་བ་རླབས་ཆེན་མཛད་གྱུར་ཅིང་། །
སྔགས་དང་མཚན་ཉིད་ཀུན་གྱི་གཏེར། །
ལུང་དང་རིགས་པའི་དབང་ཕྱུག་སྟེ། །
བཀའ་དང་བསྟན་བཅོས་མ་ལུས་པ། །
གཞུང་དང་གདམས་ངག་ཐམས་ཅད་ལ། །
དྲི་མེད་ཤེས་རབ་སྤྱན་མཆོག་གིས། །
ལེགས་པར་གཟིགས་ཤིང་ཆོས་རྣམས་ལ། །
རྨོངས་མེད་བློ་གྲོས་རྒྱ་མཚོ་ལྟར། །
བླ་མའི་བླ་མ་བླ་ན་མེད། །
རྡོ་རྗེ་འཆང་དང་འདྲ་བ་ཡི། །
བླ་མ་དམ་པའི་གདུང་ལས་འཁྲུངས། །
དེང་སང་དུས་ན་ས་སྟེང་འདིར། །
རྩོད་པ་ཀུན་དང་རྣམ་པར་བྲལ། །
བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །
སྨོན་འཇུག་དོན་དམ་རྣམ་གསུམ་དང་། །
དྲི་མེད་ཚུལ་ཁྲིམས་རིན་ཆེན་གྱིས། །
འཁོར་བ་སྡུག་བསྔལ་རྒྱ་མཚོ་འདིར། །
སྡུག་བསྔལ་ཉམ་ཐག་འགྲོ་བ་རྣམས། །
ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་ཀྱང་། །
བྱང་ཆུབ་མཆོག་ལ་འགོད་པར་མཛད། །
ས་སྟེང་འཛམ་གླིང་རྩོད་དང་བྲལ། །
སྒྲ་སྒྱུར་ལོ་ཙཱ་རིན་ཆེན་ལ། །
གུས་པའི་ཡིད་ཀྱིས་རབ་ཏུ་འདུད། །
       ཕྱོགས་ནས་འགྲུལ་པ་ལ་སྨྲས་པ། རིན་པོ་ཆེ་ལོ་ཙཱ་བ་སྐུ་ཁམས་བཟང་ཞིང་། འཕྲིན་ལས་རླབས་པོ་ཆེ་མཛད་པ་ལ་བར་ཆད་མ་མཆིས་པར་འཁུམས། དེ་བདག་ཅག་ལ་སོགས་པ་འགྲོ་བ་ཐམས་ཅད་ལ་བཀའ་དྲིན་ཆེ་ཞིང་ཐུགས་ལ་བཏགས། འགྲོ་བ་མང་པོ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ་བའི་ཕྱིར་དང་། བདག་ཉིད་ཆེན་པོ་ཁྱེད་རང་ཉིད་སྐུའི་རིམ་འགྲོ་ལ། ཡུལ་དབུས་གཙང་གི་དགེ་བའི་བཤེན་གཉེན་ཐོས་བསམ་བསྒོམ་གསུམ་དབང་ཕྱུག་དུ་མ་རྣམས་སྤྱན་དྲངས་ནས། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་དང་། འདུ་འགྱེད་ངོ་མཚར་ཅན་དུ་མ་མཛད་པ་ངོ་མཚར་ཤིན་ཏུ་ཆེ་ཞིང་རྗེས་སུ་ཡི་རང་།
       དེའི་གྲལ་དཔོན་དུ་བསྔོས་པའི་སྐུ་སྐལ་འབྲི་གུང་གི་གླིང་རིན་པོ་ཆེ་འདིར། འདས་མ་འོངས་དུས་གསུམ་མ་བྱོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་ཆེན་མོ། བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་ཆེན་འབྱུང་བར་བྱེད་པའི་གཞི། འགྲོ་བ་ཐམས་ཅད་ཀྱི་བདེ་སྐྱིད་འབྱུང་བའི་གནས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བཻཌཱུརྱ་མཐིང་གི་གླེགས་བམ་ཆེན་པོ་ལ། ཡི་གེ་གསལ་ཞིང་རབ་ཏུ་གསལ་བས་ལེགས་པར་བཞེངས་པ་རིན་པོ་ཆེ་གསེར་གྱི་འབུམ་གཟབས་བྲིས་ངོ་མཚར་ཅན་འདི་ལྟ་བུ་ཕུལ་ཞིང་གནང་བ་ཐུགས་ལ་བཏགས། བཀའ་དྲིན་ཆེ།
       ངན་བུ་ལ་སྟག་ངོ་མཚར་ཅན་གནང་བ་དང་། སློབ་དཔོན་གཅུང་རིན་པོ་ཆེ་ལ་གཟིག་བཟང་པོ་དང་། དཔོན་སྒོམ་པ་ཤག་རིན་ལ་གཟིག་དང་། གཞན་ཡང་དགོས་པ་རྣམས་ལ་རྣམ་གཞག་དང་བཅས་པ་རྣམས། སྟོན་པ་དང་ཉེ་གནས་པ་དང་ཁོང་རྣམ་པས་ལེགས་པར་ཐིངས།
       ལར་རྒྱ་དཀར་ནག་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀྱི་རྒྱལ་པོ་བསོད་ནམས་ཅན་རྣམས་ཀྱིས་བདག་ཉིད་ཆེན་པོ་སྤྱན་འདྲེན་ཞིང་ཞབས་ཏོག་བགྱིད་ཅེས་གྲགས།
       ན་ནིང་ཕྱིས་ཧོར་གྱི་རྒྱལ་པོ་འདི་མཐུ་རྒྱས། སྤྱན་སྔ་དེ་ནས་ཀྱང་གདན་འདྲེན་པའི་ཞུ་བ་བྱུང་ན་གདའ། དེ་ལ་ཞལ་གྱིས་བཞེས་པར་འཁུམས། དེ་ལ་བདག་ཅག་ཡབ་སྲས་རྣམས་ནི་སེམས་དགའ་བར་ནི་མ་བྱུང་། གཤེགས་བཞུད་མཛད་པའི་དུས་སུ་གསུང་གླེང་ཁོ་ཐག་ཆོད་པ་བྱེད་རྒྱུ་ཡོད་པ་དང་། བཀའ་གྲོས་གལ་ཆེ་བ་མང་པོ་བགྱིད་རྒྱུ་བདོགས་པས། ཤུལ་འདི་ལ་ཅིས་ཀྱང་འབྱོན་པར་ཞུ། ངེད་ཡབ་སྲས་ཀྱིས་ཀྱང་ཞབས་ཏོག་གང་འགྲོ་བགྱིད་པ་ལགས།། །།
འབྲེལ་ཡོད་འོས་སྦྱོར།